ལེའུ་བཅུ་གཅིག་པ། བཙན་བྱོལ།

༄༅། །ངེད་ཚོ་ནོར་གླིང་ནས་ལྷ་སའི་སྐྱིད་ཆུའམ། གཙང་པོའི་ཕྱོགས་སུ་བསྐྱོད་སྐབས་ཆུ་ཚུར་ཁའི་བྱེ་གཤོངས་ཀྱི་ཡས་མས་སྲུང་དམག་གང་འཚམས་ཡོད་པའི་ཁྲོད་ནས་ཕྱིན་ཞིང༌། མགྲོན་ཆེ་སོགས་ནས་མེ་འཕེན་བྱེད་ཐལ་མེད་པའི་སྐད་འབོད་ཀྱང་བྱས་སོང༌། ཁོང་ཚོ་འགོ་པ་འགའ་ཤས་ལ་དེ་ནུབ་ངོས་འགྲོ་རྒྱུའི་སྐོར་བཤད་ཡོད་ཀྱང༌། འགོ་དམངས་ཕལ་ཆེ་བས་ཤེས་ཡོད་པ་མིན། ཁོང་ཚོ་གླེང་མོལ་བྱེད་རིང་ཁོ་བོ་དམག་དཀྱུས་ཤིག་ཡིན་ཁུལ་གྱིས་སྒུག་སྡོད་བྱས།
བྱེ་མའི་དཀྱིལ་གོམ་བགྲོད་ཀྱིས་ཕྱིན་ཏེ་གཙང་པོའི་ཉེ་སྐོར་དུ་འབྱོར་སྐབས་ནག་བུན་བུན་ཡ་ཡོར་འགའ་ཤས་འདུག་ཅིང༌། ཉེ་བར་སླེབས་སྐབས་དེ་དག་རྩྭ་ཤིང་ཕུང་པོ་ཁ་འཐོར་དུ་ཡོད་པ་དག་ཡིན་འདུག ་སྤྱི་མཁན་ནི་ལུས་སྟོབས་བཟང་ཞིང༌། གྲི་རིང་པོ་ཞིག་བསྣམས་འདུག་པ་དེས་དགྲ་ཉེ་སར་བྱུང་ན་བརྡེག་རྒྱུའི་ཡིད་ཆེས་ཡོད། ཁོ་བོ་ཅག་གིས་རྩྭ་ཤིང་ནག་བུན་བུན་དེ་ཚོར་དྭོགས་ཟོན་ཞིབ་བརྟགས་བྱས་ཏེ་དེ་ཚོའི་ཁྲོད་དུ་དགྲས་གབ་ཡིབ་ཏུ་བསྡད་པ་གང་ཡང་མ་བྱུང༌།

ང་ཚོས་ཀོ་བའི་ཐོག་གཙང་ཆུ་བརྒལ་བསྐྱོད་བྱས་པའི་གཙང་ཆུའི་ཕ་རོལ་ཏུ་འབྱོར་སྐབས་སྐྱེད་མ་སོགས་དེར་ངལ་གསོ་ཡིན་བསྡད་ཚོད། ཡོངས་འཛིན་རྣམ་པ་དང༌། བཀའ་བློན་སོགས་ཀྱང་གང་མགྱོགས་ཕེབས་འབྱོར་བྱུང༌། ཁོང་རྣམས་ནི་ནོར་གླིང་ནས་རླངས་འཁོར་ཆེན་པོ་རས་ཀྱིས་བཀབ་པ་ཞིག་ནང་གབ་ནས་གཞུང་ལམ་ཐོག་ཤར་ཕེབས་ཀྱིས་བདེ་སྐྱིད་གླིང་ཁའི་འཁྲིས་ཀྱི་ལམ་ཆུང་ནས་རྟ་དང༌། ཞབས་ཐང་གིས་ཕེབས། ཆུ་ཁར་ཀུན་དགའ་བསམ་གཏན་དང༌། བསྟན་པ་དར་རྒྱས། ལོ་ཉི་ཤུ་སོན་པའི་གཞོན་ནུ་སྙིང་སྟོབས་ཅན་དབང་ཕྱུག་ཚེ་རིང་ཟེར་བ་བཅས་འགོ་འཁྲིད་གསུམ་དང༌། ཁམས་དམག་སུམ་ཅུ་སྐོར་ནས་ང་ཚོ་སྒུག་སྡོད་བྱས་འདུག་ཅིང༌། བློ་བཟང་ཡེ་ཤེས་ཀྱང་དེ་རུ་འདུག འདི་ནི་པི་ཅིང་དུ་སློབ་སྦྱོང་བྱས་པའི་བོད་ཀྱི་གཞོན་ནུའི་གྲས་ཡིན་ཞིང༌། ལོ་ལྔ་ཙམ་རྒྱ་ནག་ཏུ་སྡོད་ཡུན་རིང་རྒྱ་མིའི་ལྟ་སྤྱོད་སྦྱངས་ཏེ་ལྟ་སྤྱོད་དེ་དག་ཤེས་པའི་སྒོ་ནས་དེ་ཉིད་འགོག་པར་བྱེད་པའི་བློ་དང་ལྡན་པའི་གཞོན་ནུ་སྙིང་སྟོབས་རྨད་དུ་བྱུང་བ་ཞིག་ཡིན། ཉིན་གཉིས་རྗེས་དམག་ཟིང་སྐབས་ཁོང་འདས་གྲོངས་སུ་གྱུར་འདུག

འགོ་འཁྲིད་དེ་དག་གིས་ཁ་བཏགས་གཏོང་ལེན་བྱས་ཤིང༌། ཁོང་ཚོས་ཧ་ཅང་ཉེན་ཆེའི་གནས་ཚུལ་འདི་འདྲའི་སྐབས་ཉེན་སྲུང་ཐུབ་པའི་གྲྭ་སྒྲིག་གང་ཟབ་བྱས་འདུག་པ་དང༌། དགོན་པའི་སྤྱི་མཛོད་ཅིག་གིས་ང་ཚོ་ཚང་མར་བཞོན་རྟ་གྲྭ་སྒྲིག་བྱས་འདུག་ཀྱང༌། སྒ་ཆས་ཚང་བ་རང་འབྱོར་མི་འདུག ་ཕན་ཚུན་གླེང་མོལ་མཚམས་འདྲི་བྱེད་འོས་རྣམས་ཤུབ་བུར་བརྗོད་ནས་རྟར་ཞོན་ཏེ་འཕྲལ་མར་ཐོན་བསྐྱོད་བྱས་ཤིང༌། ཐོག་མའི་རྒྱང་གྲགས་ཁ་ཤས་ཀྱི་རིང་ཉེན་ཁ་ཆེ་ཤོས་ཀྱི་དུས་སྐབས་ཡིན།

གཙང་པོའི་ཉེ་འགྲམ་རིའི་འདབས་ནས་རྡོ་ཧྲུག་གིས་གང་བའི་བགྲོད་ལམ་ཕྲ་བོ་ཞིག་ལས་མེད། ཐག་ཉེའི་གཡས་ཕྱོགས་སུ་རྒྱ་མིའི་སྡོད་སྒར་རྒྱ་ཆེའི་གློག་བཞུ་རྣམས་ཁྲ་ལམ་མེར་མཐོང་གི་འདུག གཙང་པོའི་ཁ་འགྲམ་གྱི་རགས་ཁར་རྒྱ་དམག་རེ་ཟུང་རྒྱུན་འཇོག་ལྟར་མུན་ནག་ནང་ཁོང་ཚོའི་དམག་མི་སོགས་ཇི་ཡོད་ང་ཚོས་ཚོད་དཔགས་མ་ཐུབ་པས་བློ་གཡེང་བྱུང༌། ང་ཚོ་བསྐྱོད་པ་ཁོང་ཚོས་ཤེས་ན་ལས་སླ་བོར་བསྙབས་ཐུབ་ཀྱི་རེད། ད་དུང་ང་ཚོས་དེ་ལས་ཀྱང་ཉེན་ཁ་ཆེ་བའི་གླིང་ལྷག་ཆུང་ངུ་ཞིག་གི་འགྲམ་ཟུར་ནས་བསྐྱོད་དགོས་པར་གླིང་ལྷག་དེར་རྒྱ་མིས་རླངས་འཁོར་ཆེ་གྲས་བཏང་སྟེ་རྡོ་ཧྲུག་འོར་ལེན་མཚན་མོ་ཡང་བྱེད་ས་ཞིག་ཡིན་འདུག་ཅིང༌། གལ་ཏེ་རླངས་འཁོར་དེ་འདྲ་ཞིག་ཡོང་ན་དེའི་གློག་བཞུའི་འོད་སྣང་གིས་ལམ་སེང་མཐོང་ངེས། ལམ་དེའི་བརྒྱུད་དུ་འགྲོ་དུས་བགྲོད་ལམ་ཡང་ཇི་བཞིན་མཐོང་གི་མི་འདུག སྐབས་ཤིག་རྟ་ལམ་ནོར་ཏེ་ཡང་བསྐྱར་ཕྱིར་ལོག་བྱེད་དགོས་པ་ཡང་བྱུང༌། རྟའི་རྨིག་ལྕགས་རྡོ་ཧྲུག་ཏུ་འཁེལ་སྐབས་སྒྲ་སྐད་ཤིན་ཏུ་ཆེ་བས་རྒྱ་དམག་གིས་ཉེན་བྱུང་ཡང༌། སྟབས་ལེགས་ཤིག་ལ་གཙང་པོའི་ཆུ་སྐད་དེ་ཡང་གྲམ་ཆུ་ཁ་ཞེང་ཆེ་སར་སྐད་སྒྲ་ཇེ་ཆེར་གྱུར་འདུག ང་ཚོས་མྱུར་མགྱོགས་སུ་ཕྱིན་ཏེ་རྒྱ་མིས་མ་ཚོར་ཙམ་བྱུང༌། དེ་ནས་ང་ཚོའི་རྒྱབ་ཕྱོགས་སུ་ལག་བཞུའི་གློག་འོད་དམར་ལམ་ལམ་བྱེད་པར་ཡུད་ཙམ་རིང་རྒྱ་མིས་རྗེས་སུ་ཡོང་གི་ཡོད་ལས་ཆེ་སྙམ་པ་བྱུང་སྟེ་དེ་དག་ནི་བོད་དམག་ཡིན་འདུག་ཅིང༌། ཁོང་ཚོས་ང་ཚོའི་འགྲུལ་མི་འགའ་ཤས་ལམ་ནོར་གྱིས་བསྐྱོད་པར་ལམ་སྟོན་བྱེད་བཞིན་ཡོང་གི་ཡོད་པ་རེད།

དེའི་གཤམ་ཆར་གཙང་ཆུ་གཏིང་ཟབ་མེད་པར་ཁ་ཞེང་ཆེ་བས་རླངས་འཁོར་བརྒལ་བགྲོད་ཐུབ་ས་ཞིག་ཡོད་འདུག གལ་ཏེ་རྒྱ་མིས་ཤེས་རྟོགས་བྱུང་ཡོད་ན་ཕར་ཕྱོགས་ནས་རླངས་འཁོར་བཏང་སྟེ་ང་ཚོ་བཀག་འགོག་དང༌། རྗེས་འདེད་བྱེད་ས་ཡོད་པར་བརྟེན་ཁུལ་དེར་ལས་བྱེད་པ་གཅིག་དང༌། དམག་མི་གང་འཚམས་རྒྱབ་སྲུང་དུ་ནན་ཟབ་ཀྱིས་བསྡད། ཁོ་བོ་ཅག་གྲོང་གསེབ་ཀྱི་ཡུལ་ལུང་དེ་ཕྱོགས་ཤར་བསྐྱོད་བྱས།

དེ་ནས་གང་འཚམས་ཤིག་རིང་སེམས་ཅན་གྱི་རིགས་གང་ཡང་མཐོང་ཐོས་མ་བྱུང་ཞིང༌། སྔ་དྲོའི་ཆུ་ཚོད་གསུམ་པ་ཙམ་ལ་ཁྱིའི་སྐད་སྒྲ་སྒྲོག་པ་དེ་ཕྱོགས་གྲོང་ཁྱིམ་འགའ་རེ་ཡང་འདུག མགྲོན་ཆེ་སྔོན་ཙམ་བཏང་སྟེ་ཇི་ཙམ་དུ་སླེབས་ཡོད་མེད་དང༌། གྲོང་ཁྱིམ་དེ་ཇི་འདྲ་ཞིག་ཡིན་མིན་བརྩད་གཅོད་བྱེད་དགོས་མངགས་གཏོང་བྱས་པར་ས་གནས་དེ་ནི་རྣམ་རྒྱལ་སྒང་ཡིན་པ་དང༌། ཁྱིམ་བདག་ནི་སྙོམ་ཆུང་ཞིག་ཡིན་འདུག། ང་ཚོའི་རོགས་མི་གཉིས་སྔོན་དུ་དེ་རུ་བསྐྱོད་དེ་གལ་ཆེའི་སྐུ་མགྲོན་ཞིག་ཕེབས་ཀྱི་ཡོད་ཚུལ་བརྗོད་འདུག ངེད་རང་ངལ་དུབ་ཏུ་གྱུར་ཡོད་སྟབས་དེར་ཡུད་ཙམ་ངལ་གསོས་ཀྱིས་བསྡད་པ་ཡིན། ནོར་གླིང་ནས་སོང་སྟེ་ངལ་གསོས་ཀྱི་གནས་ཁང་དུ་སྡོད་པ་དེ་ཐོག་མ་ཡིན་ཞིང༌། ཁྱིམ་བདག་འགའ་ཤས་ཀྱིས་གནད་དོན་ཇི་བཞིན་ཤེས་ཀྱི་མེད་པ་དང༌། འགའ་ཤས་ནས་ཤེས་ཀྱི་ཡོད་པ་རེད།

འདི་ནས་དབང་ཕྱུག་ཚེ་རིང་གིས་རང་འོག་བསྟན་སྲུང་དམག་བཞི་བརྒྱ་སྐོར་མཉམ་འཁྲིད་ཀྱིས་གཙང་པོའི་ཕར་ཕྱོགས་སྙེ་ཐང་བརྒྱུད་དགྲ་ཟླ་འགོག་སྲུང་ཆེད་ཐོན་བསྐྱོད་བྱས་ཤིང༌། ཁམས་རིགས་བརྒྱ་ཕྲག་གཉིས་གསུམ་ཙམ་ལ་ང་ཚོའི་བགྲོད་ལམ་སྲུང་སྐྱོབ་བྱེད་ཕྱོགས་བཀོད་མངགས་བྱས།

ནོར་གླིང་ནས་ཐོན་པ་དང༌། ཐོག་མར་ལམ་ཞུགས་སྐབས་རྒྱ་གར་དུ་ཐད་ཀར་འགྲོ་རྒྱུའི་བསམ་རྩིས་གང་ཡང་མེད་ཅིང༌། བོད་ས་གང་འོས་སུ་སྡོད་རྒྱུའི་རེ་བ་ད་དུང་བྱེད་བཞིན་ཡོད། གང་ལྟར་ཡང་ལྷོ་ནུབ་ཕྱོགས་ནས་རྣམ་ཀུན་རྒྱ་གར་དུ་འགྲོ་བའི་གཞུང་ལམ་ཁག་ཏུ་རྒྱ་དམག་འབོར་ཆེས་བཀག་འགོག་བྱས་ཡོད་སྟབས་དེ་ཚོ་ནས་ཐར་བའི་རེ་བ་མེད་གཤིས། ལྷ་སའི་ལྷོ་དང༌། ལྷོ་ཤར་ཕྱོགས་བསྐྱོད་ཅིང༌། ཁུལ་དེར་ལམ་བགྲོད་དཀའ་བའི་རི་ཁུལ་རྒྱ་ཆེན་པོ་ཡོད་སྟབས་རྒྱ་དམག་ལམ་སེང་ཡོང་རྒྱུར་དཀའ་ཚེགས་ཡོད་པ་རེད། འཛིན་བཟུང་དཀའ་བའི་ས་ཁུལ་དེ་དག་ཁམས་རིགས་དང༌། དབུས་གཙང་མི་རིགས་འཇབ་དམག་ཁོངས་ཞུགས་པ་ཚོའི་གནས་ཡུལ་གཙོ་བོ་ཞིག་ཡིན། རི་ཁུལ་དེ་ཚོའི་དཀྱིལ་བརྒྱུད། ཧི་མ་ལ་ཡའི་རི་བརྒྱུད་གཙོ་བོ་དག་བརྒལ་ན་འབྲུག་དང༌། རྒྱ་གར་གྱི་ས་མཚམས་ཕྱོགས་བགྲོད་པའི་ལམ་ཆུང་མང་པོ་ཡོད། བགྲོད་ལམ་དེ་དག་ནི་དུས་རབས་མང་པོའི་རིང་བོད་འབྲུག་གི་ཚོང་པ་ཚོས་བེད་སྤྱོད་བྱེད་བཞིན་ཡོད་ཅིང༌། དེར་བརྟེན་གནས་ཚུལ་སྡུག་ཤོས་སུ་ཐུག་ན་ང་ཚོའི་རྒྱབ་ཕྱོགས་སུ་འགྲོ་སའི་ལམ་ཞིག་དུས་རྟག་ཏུ་ཡོད་པ་ཡིན།

ཁོ་བོ་ཅག་ལྷོ་ཁུལ་གྱི་སར་མ་འབྱོར་གོང་བྷར་མ་པུ་ཏྲའམ། གཙང་ཆུ་དང་སྐྱིད་ཆུ་འདྲིལ་བའི་ཆུ་ཆེན་བརྒལ་བགྲོད་བྱེད་དགོས་ཤིང༌། དེའི་གོང་བྱེ་ལ་ཟེར་བའི་ལ་ཞིག་འཛེགས་དགོས། རྒྱ་མིས་ང་ཚོ་ཕྱིན་པ་ཤེས་ཏེ་རྗེས་འདེད་ཤུགས་ཆེ་ཡོང་ན་ད་དུང་ཉེན་ཁ་ཡོད་སྟབས་གཙང་པོའི་ཆུ་གང་མགྱོགས་བགྲོད་ཟིན་པ་དགོས་པར་བསམ།

སྔ་དྲོའི་ཆུ་ཚོད་བརྒྱད་ཙམ་ལ་བྱེ་ལའི་ལ་གཤམ་དུ་འབྱོར་ཏེ་ང་ཚོས་ཞོག་ཇ་བྱས་པ་ཡིན། སྐབས་དེར་ཤར་ཕྱོགས་ཀྱི་རི་རྩེ་ནས་ཉི་མ་ཐོན་ཏེ་ས་ཐང་བྱིངས་ལ་ཉི་འོད་ཁྱབ་ཟིན་ཀྱང༌། ང་ཚོ་བྱེ་ལའི་གྱེན་འཛེགས་སྐབས་ད་དུང་ཉི་འོད་བབས་ཡོད་པ་མ་རེད། བགྲོད་ལམ་དེ་ནི་གྱེན་གཟར་དཀའ་ངལ་ཅན་ཞིག་ཡིན་པས་ང་ཚོ་བྱེ་ལའི་སྐེད་སྟོད་དུ་འབྱོར་སྐབས་རྟ་དྲེལ་འགའ་ཤས་ཆད་དེ་རྗེས་སུ་ལུས། རང་མིང་བཀྲ་ཤིས་ནོར་བུ་ཟེར་བ་ཞིག་ནས་ངོས་ལ་རྟ་དཀར་པོ་ཞིག་སྤྲད་སྟབས་ཕན་ཐོགས་དང༌། རྟགས་རྟེན་ལྟ་བུར་འགའ་ཤས་ནས་འཕྲོས་གླེང་བྱེད་འདུག ཁོ་བོས་དགའ་བོའི་ངང་བླངས་པར་ལམ་གྲོགས་ཚོ་ཡང་དགའ་སྤྲོ་ཆེན་པོ་བྱུང་སོང༌། བྱེ་ལའི་ལ་རྩེར་འབྱོར་ཉིད་ཁོ་བོ་ཅག་གི་གདོང་ལྷ་ལྡན་ཕྱོགས་སུ་ཕྱོགས་ཏེ་སྨོན་ལམ་རེ་ཡང་བྱས།

སྤྱིར་ལ་ལམ་གང་ལའང་གྱེན་བགྲོད་དཀའ་ཡང་ཐུར་བགྲོད་སླ་བ་ལྟར་བྱེ་མའི་ལ་དེ་རྒྱབ་སྟེ་ཐུར་དུ་བསྐྱོད་རྒྱུ་ཧ་ཅང་སླ་བས་ཐད་ཀར་བབས་ཤིང༌། རྟ་དྲེལ་རྣམས་དང༌། མི་རྒན་པ་རྣམས་ལམ་དཀྱུས་ནས་ཕྱིན། བྱེ་ལ་དེར་ཆུ་ཚོད་གསུམ་བཞི་བར་འགོར་སོང༌། ང་ཚོ་གཙང་པོའི་བརྒྱུད་ཀྱི་ཐང་གཤོངས་སུ་འབྱོར་སྐབས་གློ་བུར་ཐལ་རླུང་ཆེ་བས་ང་ཚོས་ཕན་ཚུན་མཐོང་མི་ཐུབ་པ་ལྟ་བུ་བྱུང་ཡང༌། གལ་སྲིད་དེ་ཁུལ་རྒྱ་མིའི་འགྲུལ་བཞུད་འཁེལ་ན་ཁོང་ཚོར་ཡང་དེ་བཞིན་ཡོང་རྒྱུ་རེད།

ལ་གཤམ་དེ་ཁུལ་མི་སྡོད་མཁན་སུ་ཡང་མི་འདུག དེའི་ཤར་ཕྱོགས་སུ་རྒྱང་གྲགས་ཁ་ཤས་སོང་མཚམས་བན་རྩེ་གྲུ་ཁར་སླེབ་ཀྱི་ཡོད་ཅིང༌། དེ་ཕྱོགས་གཙང་ཆུ་བརྒལ་ཡུལ་བདེ་བ་དེ་རང་ལས་མེད་སྟབས་གལ་སྲིད་རྒྱ་མི་ཕར་ཕྱོགས་སུ་སླེབས་འབྱོར་ཡོད་ན་ཡང་ཉེན་ཁ་དེར་འཛེམས་ཟོན་བྱེད་ཐབས་བྲལ་བ་ཡིན། འོན་ཏེ་ལྷོ་ཁུལ་ས་གཙང་ལ་བརྟེན་ཉེན་ཁ་གང་ཡང་མེད། གཙང་ཆུའི་ཕ་རོལ་ཏུ་སྐྱིད་གཤོངས་ཟེར་བའི་གྲོང་གསེབ་ཆུང་ངུ་ཞིག་འདུག གྲུ་ཁ་དེར་ངང་ཙམ་སྒུག་སྡོད་བྱེད་དགོས་བྱུང་ཞིང༌། སྐབས་དེར་གནམ་གཤིས་ཇེ་ལེགས་སུ་གྱུར། དྭངས་ཤིང་སྔོ་ལ་རླུང་གིས་བསྐྱོད་པའི་ཆུ་རིས་ཁྲིལ་ལེ་ལེ་གཡོ་བའི་ཆུ་ཆེན་དེའི་ཕ་ཁར་མི་མང་པོ་ཞིག་ནག་ཕུང་ངེར་ང་ཚོ་བསུ་སྒུག་བྱེད་ཅིང་འདུག་པ་མཐོང༌། དེ་ནས་ང་ཚོ་གྲུར་ཞུགས་ཏེ་ཁད་ཉེ་སར་འབྱོར་སྐབས་མི་ཕུང་དེ་གྲས་སུ་ཁམས་དམག་དང༌། གྲོང་གསེབ་པ་གྱོན་གོས་ལྭ་བ་དཀར་པོ་དང༌། རྒྱ་ཚོས་ཅན་ལ་དཔུང་རྟགས་སེར་པོ་རྒྱབ་པ་མང་པོ་འདུག དེ་ཚོ་ནི་རང་འགུལ་དྭང་བླངས་དམག་སྦྱོང་ཁོངས་ཞུགས་པའི་གྲས་ཡིན་འདུག ཁོ་བོ་ཅག་གྲུ་ནས་ཐོན་སྐབས་མི་མང་དེ་ཚོས་གང་ཅིའི་གནས་ཚུལ་ཡིད་ལ་བརྣག་སྟེ་ཧ་ཅང་བློ་སེམས་སྐྱོ་བའི་རྣམ་འགྱུར་སྟོན་ཅིང༌། ང་ཚོ་རྟ་ཞོན་ཏེ་བསྐྱོད་སྐབས་མི་མང་པོས་མཆི་མ་འདོན་པ་མཐོང་བྱུང༌། དེ་ནི་ང་ཚོས་སྐབས་དེར་ལྷོ་ཁུལ་གྱི་གྲོང་གསེབ་མཐོང་བ་ཐོག་མ་ཡིན་པ་དང༌། མིང་ལ་ཡང་སྐྱིད་གཤོངས་སུ་འབོད་པ་དེས་ཡིད་སྐྱོའི་སྣོན་མ་ལྟ་བུར་གྱུར་སྟབས་ང་ཚོས་མྱུར་དུ་ཕྱིན་པ་ཡིན། ཁོ་བོའི་བསམ་པར་སྐྱིད་གཤོངས་ཀྱི་གྲོང་གསེབ་དེར་དུས་རབས་མང་པོའི་རིང་ཞི་བ་དང༌། མཛའ་མཐུན་དུ་ཅི་བདེར་འཚོ་བ་དེ་དག་ད་ཆ་འཇིགས་སྐྲག་དང་ཉེན་ཁའི་ནང་ཚུད་བཞིན་ཡོད་པར་བསམ། འོན་ཏེ། སེར་སྐྱ་མཆོག་དམན་ཕོ་མོ་རྒན་བྱིས་ཚང་མ་བློ་སྤོབས་དང༌། སེམས་ཤུགས་ནི་སྟོར་བཤིགས་མི་ཐུབ་པ་ལྟ་བུ་འདུག ངས་རེ་འདུན་བྱས་མིན་ལ་མ་ལྟོས་པར་རང་སྲོག་བློས་བཏང་གིས་བསྟན་སྲིད་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་གསལ་པོ་ཤེས་ཀྱི་ཡོད།

དེ་ནས་ང་ཚོའི་རྒྱབ་ཕྱོགས་སུ་གཙང་པོ་དང༌། མི་མང་རྣམས་ཡོད་སྟབས་རྒྱ་མིའི་རྗེས་འདེད་ཡོང་ན་ཡང་བརྟན་པོ་ཡོད་ཅིང༌། དེ་ནུབ་སྡོད་ཡུལ་ར་སྨད་དགོན་དུ་དགོང་དྲོའི་ཆུ་ཚོད་ལྔ་དང་ཕྱེད་ཙམ་ལ་འབྱོར། དེ་ཉིན་ང་ཚོས་ཆུ་ཚོད་བཅོ་བརྒྱད་ཙམ་གྱི་རིང་རྟ་ཞོན་ཏེ་མྱུར་མགྱོགས་སུ་བསྐྱོད་ཅིང༌། ངལ་གསོ་ཡུད་ཙམ་ཕྲན་བུ་རེ་ལས་བྱས་མེད་སྟབས་རྟ་དྲེལ་ཚོས་དེ་ལྷག་བགྲོད་པ་དཀའ་བས་དེ་ནུབ་དེར་ཞག་མལ་བྱས། ངལ་གསོ་བྱེད་རིང་ལམ་རོགས་རྗེས་མ་ཚོར་བློ་གཡེང་ཆེན་པོ་བྱུང་ཡང༌། དགོང་མོའི་ཆུ་ཚོད་དགུ་ཙམ་ལ་འགྲུལ་མིའི་མཇུག་ཤོས་རྣམས་ཀྱང་འབྱོར་འཛོམས་བྱུང༌།

དེའི་དགོང་དྲོ་བཀའ་ཤག་གི་མཚན་ཐོག་ནས་ལྷ་སར་ལུས་པའི་བཀའ་བློན་ང་ཕོད་དང༌། བསམ་ཕོར་ཡི་གེ་བྲིས་པའི་རྡོ་དོན། ང་ཚོའི་ཡུལ་དང་རང་དབང་གི་དོན་དུ་བསམ་ཕྱོགས་གཅིག་མཐུན་ཡིན་པར་ཐེ་ཚོམ་མེད་སྟབས་བོད་ལ་གྲོགས་ཕན་གང་དྲག་གནང་དགོས་ཞེས་བྲིས་ཡོད་པ་རེད།

དེ་ནས་འགྲུལ་མི་ཚོ་ཁག་དེར་མི་གྲངས་བརྒྱ་སྐོར་ཞིག་ཡོད་པ་དང༌། བོད་དམག་སུམ་བརྒྱ་ལྔ་བཅུ་སྐོར་དང༌། འཇབ་དམག་ལྔ་བཅུ་སྐོར་བཅས་མཉམ་དུ་ཡོད། གལ་ཏེ་སྣ་རྩེ་དང༌། རྒྱལ་རྩེ་ཡས་མས་ནས་རྒྱ་མི་ཡོང་ན་སྙམ་ར་སྨད་ནས་མི་བརྒྱ་སྐོར་ཞིག་ལྷོ་ནུབ་ཕྱོགས་སུ་བཏང༌། ཁོ་བོ་ཅག་བྱིངས་ནས་ཉིན་ལྔའི་རིང་བོད་ཀྱི་རི་ཁུལ་བགྲོད་ལམ་ཕྲ་ཞིང༌། རྡོ་ཧྲོག་མང་བའི་ཐོག་རིམ་བསྐྱོད་བྱས། ཉིན་མོ་ང་ཚོས་ཚོ་ཆུང་ཁག་མང་དུ་བགོས་ཏེ་བསྐྱོད་ཅིང༌། དགོང་མོ་དགོན་པའམ། གྲོང་གསེབ་ཆུང་ངུ་རྣམས་ལ་འཛོམས་སྡོད་བྱས། སྐབས་རེ་འཇབ་དམག་གི་འགོ་འཁྲིད་ཚོ་ང་ཚོ་མཉམ་བསྐྱོད་མེད་པར་རིའི་ངོས་སུ་གནས་པའི་མི་ཚོར་འབྲེལ་གཏུགས་ཀྱིས་འགྲོ་འོང་ངེས་པ་མེད། སྐབས་དེར་ང་ཚོས་མཐོང་མ་མྱོང་བའི་བོད་མི་ཤ་ཞེན་སེམས་ཤུགས་ཆེ་བ་མང་པོས་ང་ཚོ་མཐའ་བསྐོར་ཞིང་གནས་ཡོད་པ་དང༌། སྲུང་སྐྱོབ་བྱེད་ཡུལ་གྱི་ཏཱ་ལའི་བླ་མ་དེ་སུ་ཡིན་ངོ་ཤེས་ཀྱི་ཡོད་པ་མིན། ར་སྨད་ཀྱི་རྗེས་སུ་ནུབ་དང་པོ་དེ་དོལ་རྡོ་ཕུད་ཆོས་འཁོར་དགོན་ཆགས་ས་ལྕེ་བདེ་ཞོལ་ཟེར་བའི་གྲོང་གསེབ་ཆེ་བ་ཞིག་ཏུ་བསྡད། དེ་ཁུལ་སྡོད་པའི་འཇབ་དམག་དག་དང༌། གྲོང་གསེབ་པ་ཚོས་དགའ་བསུ་བྱེད་པར་སླེབས་བྱུང་ཡང༌། ཁོ་བོ་གྱོན་ཆས་གཞན་དག་གྱོན་ཡོད་སྟབས་མི་ཕལ་ཆེ་བ་དང༌། ཉེ་སྐོར་དགོན་ཁག་གི་གྲྭ་རིགས་མང་བས་ངོ་ཤེས་ཐུབ་མ་སོང༌།

ཉིན་ལྔ་པོ་དེའི་རིང་ང་ཚོའི་འཆར་གཞི་རྣམས་ཇེ་གསལ་དུ་ཕྱིན་ཞིང༌། མ་འོངས་པའི་བྱེད་ཕྱོགས་སྐོར་གྲོས་བསྡུར་ཞིབ་ཆ་བྱེད་པ་དང༌། ལྷ་སར་ཡོད་པའི་དཔོན་རིགས་དང༌། ཁམས་རིགས། འཇབ་དམག་མཁན་ཚོར་བྱེད་སྒོའི་བཀོད་ཁྱབ་བྱེད་པ་བཅས་ཀྱི་ཆེད་སྤྱན་གཡས་དགོན་དུ་ཉིན་གཅིག་བཅའ་སྡོད་བྱེད་རྒྱུ་དང༌། དེ་ནས་ལྷུན་རྩེ་རྫོང་བར་ཤར་བསྐྱོད་བྱེད་འཆར་བཀོད་ཅིང༌། དེ་ནི་ལྷོ་ཁུལ་ཡས་མས་འགྲིམས་གཏུགས་བདེ་ཞིང༌། རྒྱ་འབྲུག་ས་མཚམས་ནས་ཧ་ཅང་ཐག་རིང་པོ་མིན། ས་ཁུལ་དེར་རྫོང་ཆེ་ཤོས་ཤིག་ཡོད། སྐབས་ཤིག་ས་གནས་དེར་བསྡད་དེ་རྒྱ་མིར་ཡང་བསྐྱར་ཞི་མོལ་གྱི་ཐབས་ཤེས་འདྲ་ཐུབ་ན་བྱེད་རྩིས་བྱས་ཤིང༌། ལྷ་ལྡན་རྒྱལ་སར་ཡང་དྲག་འཐབ་གས་ཆག་ཏུ་མི་འགྲོ་བའི་རེ་ཐབས་ཅི་དྲག་བྱས་པ་ཡིན།

དེ་ནས་ང་ཚོ་སྤྱན་གཡས་སུ་བདེ་འབྱོར་བྱུང༌། ཉིན་རེ་ཟུང་སྔོན་ནས་ངོས་ཀྱི་སྐྱེད་མ་དང༌། གཅེན་མོའི་ལྟོས་བཅས་ཚོ་ཁག་དེ་མྱུར་མགྱོགས་བགྲོད་སྟབས་བདེ་ཆེད་ངའི་གཅུང་པོ་དེ་ང་ཚོའི་འགྲུལ་ཚོའི་ནང་ཞུགས་ཤིང༌། ཁོང་ཚོ་ཁམས་པ་ཚོ་ཆུང་གཅིག་དང་མཉམ་དུ་ཉིན་ཚུགས་གཅིག་གི་སྔོན་ལ་བསྐྱོད་དེ་ཁོ་བོ་ཅག་རྗེས་སུ་མ་གཏོགས་ཐུག་འཕྲད་མ་བྱུང༌། སྐྱེད་མ་ངོ་ལྟོས་ཉེན་ཁ་ཆུང་དུ་ཕྱིན་པ་དེས་སེམས་འཁུར་ཆ་ཤས་གཅིག་ཡང་དུ་སོང༌། ང་ཚོར་སྐམ་གློག་གི་རླུང་འཕྲིན་ཉན་སྒམ་ཆུང་ངུ་ཞིག་མཉམ་འཁུར་ཡོད་པ་དེར་འཛམ་གླིང་ཡང་ཐོག་སྒང་གི་དུས་ཀྱི་འཕོ་འགྱུར་དེ་དག་གི་གནས་ཚུལ་ཤེས་རྟོགས་དོ་སྣང་ཇི་བྱེད་ནུབ་རེ་བཞིན་གང་ཐུབ་ཉན་གྱི་ཡོད། ཕལ་ཆེར་སྤྱན་གཡས་སུ་སྡོད་འཁེལ་ནུབ་མོ་ལྷ་སའི་སྐོར་ཞིག་ཐོག་མར་གོ་ཐོས་བྱུང་བ་དེ་ནི་ཨ་རིའི་རྒྱང་སྒྲག་ནས་ཡིན་ཚོད། དེའི་ནང་ལྷ་སར་ཟིང་འཁྲུག་བྱུང་ལུགས་དང༌། ངོས་གར་ཡོད་མི་འདུག་སོགས་བཤད་སོང༌།

དེ་ནུབ་སྤྱན་གཡས་དགོན་ཆུང་དུ་བསྡད་པ་ཡིན་ཡང༌། ཚང་མས་སློབ་སྟོན་དུ་ད་དུང་ཉིན་ཚུགས་གཅིག་ཕྱིན་ན་ལེགས་ཚུལ་ཟེར་ཞིང༌། འཕྱོངས་རྒྱས་རི་བོ་བདེ་ཆེན་ས་ཁུལ་ཆེ་བས་ཡས་མས་འཇབ་དམག་འགོ་འཁྲིད་ཚོར་སློབ་སྟོན་བྱེད་ཕྱོགས་བདེ་བ་ཡོད་ལུགས་ཟེར་བར་བརྟེན་ང་ཚོས་ཆུ་ཚོད་བརྒྱད་རིང་རྟ་ཐོག་ཏུ་བསྐྱོད་ན་ཡང༌། ས་གནས་སུ་མ་འབྱོར་གོང་ང་ཚོའི་འཆར་གཞིར་འཁྲུག་རྐྱེན་ཆེན་པོ་བྱུང༌། དེ་གང་ཡིན་ཟེར་ན། ལྷ་སར་བྱུང་བའི་གསར་འགྱུར་རྣམས་ང་ཚོར་ཐད་ཀར་འབྱོར་བྱུང༌།

སྤྱན་གཡས་ནས་ང་ཚོ་ཐོན་ཏེ་ལམ་ཕྱེད་མཚམས་སུ་རྟ་པ་འགའ་ཤས་ཡོང་གི་འདུག་པ་ཁོང་ཚོ་ཉེ་སར་འབྱོར་སྐབས་དེའི་ནང་རྩིས་དཔོན་རྣམ་སྲས་གླིང་པ་འདུག ཁོང་ནི་ཟླ་བ་བདུན་ཙམ་གྱི་གོང་བཀའ་ཤག་ནས་ཁམས་རིགས་ཚོར་ངོ་རྒོལ་མཚམས་འཇོག་དགོས་པའི་སློབ་སྟོན་ཆེད་བཏང་བ་ལྷ་སར་ཕྱིར་ལོག་མ་ཐུབ་ཅིང༌། འཕྲད་མ་ཉིད་དུ་རྒྱ་དམག་གི་གནས་ལུགས་དང༌། འཇབ་དམག་གིས་འཐབ་འཛིངས་བྱས་ལུགས་སྐོར་དང༌། རྗེས་ཡོང་སྔོན་རྩིས་འཆར་སྒོ་བཅས་ཞིབ་ཙམ་གླེང་མོལ་བྱུང༌། དེ་ནས་ཞག་སར་འབྱོར་ནས་གང་ཅིའི་གནས་ཚུལ་ཞིབ་བསྡུར་ཐོག ཤིན་ཏུ་བློ་ཕམ་གྱི་གནས་ཚུལ་ནི་ལྷ་སར་མེ་མཚོན་གྱི་དྲག་གནོན་མི་བཟད་པ་བྱས་ཟིན་ལུགས་ཟེར། གནས་ཚུལ་དེ་ནི་ཁོང་གི་ལས་སྦྲེལ་ས་ནས་གོ་ཐོས་བྱུང་བ་ཡིན་འདུག དེ་ནས་ཡུད་ཙམ་སོང་རྗེས་ངོས་སྒེར་གྱི་དྲུང་ཡིག་མཁན་ཆུང་རྟ་ར་བའི་ཡི་གེ་ཞིག་འབྱོར་ཏེ། ཁོང་ལྷ་སར་ལས་ཀའི་འགན་འཁུར་བླངས་ཏེ་ཡོད་པ་ནས། ལྷ་སར་དྲག་གནོན་ཐབས་རྡུགས་སུ་གྱར་མཚམས་ལྷོ་ཁུལ་རྗེས་སུ་ཡོང་ཞིང་ལག་བྲིས་དེ་ནི་སྐྱིད་གཤོངས་ནས་བྲིས་པ་ཞིག་རེད། ཁོང་ནོར་གླིང་ནང་ཡོད་སྐབས་མེ་སྒྱོགས་ཀྱི་མདེལ་ཕྱེ་འཐོར་ཕོག་གིས་རྨ་རྨས་ཕྲན་བུ་བྱུང་འདུག ་ཉིན་ཤས་དེའི་ནང་ཁོང་དང༌། མཐོང་ཐོས་བྱུང་བའི་མི་གཞན་དག་གི་ས་ནས་ངས་མེ་འཕེན་འགོག་ཐབས་གང་ཡོང་བྱས་ཀྱང་དོན་ཕན་མ་བྱུང་བའི་གནས་ཚུལ་ཐ་ཆད་དེ་དག་ཞིབ་གསལ་གོ་ཐོས་བྱུང༌།

རྒྱ་མིས་མེ་སྒྱོགས་ཀྱི་འགོ་འཛུགས་ནི་ངོས་ཡོང་རྗེས་ཆུ་ཚོད་བཞི་བཅུ་ཞེ་བརྒྱད་ཙམ་གྱི་རྗེས་ཟླ་བ་གསུམ་པའི་ཚེས་ཉི་ཤུ་སྔ་དྲོའི་ཆུ་ཚོད་གཉིས་ཐོག་བྱས་ཤིང༌། སྐབས་དེར་ངོས་ཕྱི་བསྐྱོད་བྱས་པ་ཤེས་ཡོད་པ་མ་རེད། དེའི་ཉིན་ཧྲིལ་པོར་ནོར་གླིང་དང༌། ལྷ་སའི་གྲོང་ཁྱེར། པོ་ཏཱ་ལ། ལྷ་ཁང༌། ཉེ་སྐོར་དགོན་ཁག་བཅས་པར་མེ་སྒྱོགས་གྲངས་མེད་དྲག་ཆར་བཞིན་འཕངས་འདུག ལྷ་སའི་མི་མང་ཇི་ཙམ་བསད་རྨས་བྱུང་བ་སུས་ཀྱང་བརྗོད་པ་དཀའ་ཡང༌། ནོར་གླིང་གི་ཕྱི་ནང་དུ་མི་རོ་སྟོང་ཕྲག་འགའ་ཤས་མཐོང་རྒྱུ་ཡོད་འདུག ནོར་གླིང་ནང་ཁང་པ་གཙོ་བོ་འགའ་ཤས་སྟོར་ཞིང༌། ནོར་གླིང་བསྐལ་བཟང་ཕོ་བྲང་གི་ཕྱོགས་གཅིག་མགོན་པོ་ཁང་གཅིག་པུ་མ་གཏོགས་དེ་བྱིངས་ཚང་མར་སྟོར་བཤིགས་ཆེ་ཆུང་སྣ་ཚོགས་བྱུང་ཡོད་པ་རེད། གྲོང་ཁྱེར་ནང་ཁང་པ་སྟོར་བཤིགས་དང༌། མེར་བསྲེགས་མང་པོ་བྱས། གཙུག་ལག་ཁང་ཡས་མས་ཀྱི་རྒྱ་ཕིབས་ལ་བུག་རྡོལ་བཏང་ཞིང༌། ཉེ་སྐོར་ལྷ་ཁང་མང་པོ་རྩ་མེད་ཆུད་ཟོས་སུ་གྱུར། པོ་ཏཱ་ལའི་ནུབ་བརྒྱུད་དུ་སྐྱོན་ཆག་ཆེན་པོ་བྱུང་ཞིང༌། ཁོ་བོ་རྒྱུན་སྡོད་བྱེད་སའི་ཁང་པའི་ཕྱོགས་འགའ་ཤས་སྟོར། གཞུང་གི་སློབ་གྲྭ་དང༌། གཞུང་སྒོ། དམག་སྤྱི་ལས་ཁུངས། ཞོལ་ནང་གི་ཁང་པ་གཞན་དག་བཅས་པར་སྟོར་བཤིགས་ཆེན་པོ་བྱས་འདུག ་སྒྱོགས་མདེལ་གཅིག་རྗེ་སྐུ་ཕྲེང་བཅུ་གསུམ་པའི་གསེར་སྡོང་ཡོད་པའི་ལྷ་ཁང་དེར་ཕོག བོད་ཀྱི་སྨན་བཅོས་སློབ་གྲྭ་ལྕགས་པོ་རི་ནི་འགྱེལ་བཤིགས་ཆེན་པོ་བཟོས། དེ་བཞིན་ར་ཆེ་གཙུག་ལག་ཁང་དང༌། སེ་རའི་དགོན་པའི་ནང་དུ་ཡང་དོན་མེད་སྟོར་བཅོམ་དེ་ལྟར་བྱས་ཡོད་པ་རེད།

ཉིན་དང་པོའི་དགོང་མོ་ནོར་གླིང་ཞི་བསིལ་ཆོས་ཀྱི་གྲྭར་མི་རྟའི་རོ་དང༌། ཤ་ཆེན་གྱི་ཚལ་བུ། གསད་ཁྲག མཚོན་ཕྱེ་འདྲེས་པའི་རྡུལ་གྱིས་ཁེངས་པའི་གྱང་གོག་ལྟ་བུ་དེའི་ནང་སྙིང་རྗེ་དང༌། རང་དབང་བྲལ་བའི་རྒྱ་མི་རྣམས་འཛུལ་ཞིབ་བྱས། ང་ཕོད་ལྟ་བུ་རྒྱ་མིའི་སྡོད་སྒར་ནང་སྡོད་མཁན་བོད་མི་ཉུང་ཤས་དེ་རྣམས་ནས་ངའི་དོན་དུ་བློ་གཡེང་ཆེན་པོ་བྱས་ཡོད་འདུག དེའི་ནུབ་མོ་རྒྱ་མི་ཚོས་མི་རོ་རྣམས་བརྟག་ཞིབ་དང༌། ལྷག་པར་བན་དའི་མགོ་ཅན་ཚོར་རྟོག་ཞིབ་བྱས་པ་མཐོང་འདུག་ཅིང༌། དེ་ནུབ་ངོས་མ་བསྡད་པའི་གནས་ལུགས་རྒྱ་མིའི་སྡོད་སྒར་དུ་བཏང་ཡོད་ཤག

རྒྱ་མིས་བྱ་སྤྱོད་དེ་ལྟ་བུ་གང་གི་དོན་དུ་བྱས་པ་ཡིན་ནམ། ངོས་ནོར་གླིང་དུ་བསྡད་ཡོད་པའི་ཚོད་བརྩིས་ཀྱིས་སྟོར་བཤིགས་དེ་ལྟར་བྱས་ཤིང༌། ངོས་བསད་རྨས་ཇི་བྱུང་ལ་དོ་གལ་མེད་པ་གསལ་པོར་བསྟན་ཚོད་དང༌། ཁོང་ཚོས་ངོས་ཕྱོགས་ཐོན་བྱས་པ་ཤེས་པའི་རྗེས་སུ་ད་དུང་མུ་མཐུད་ཀྱིས་གྲོང་ཁྱེར་དང༌། དགོན་ཁག་ལ་མེ་སྒྱོགས་འཕངས་ཏེ་ང་ཚོའི་མི་མང་ལག་ན་རྡོ་དབྱུག་དང༌། གྲི་མཚོན་ཆུང་ངུ་ཙམ་ལས་མེད་ཅིང༌། རང་ཉིད་སྐྱོབ་སྲུང་དང༌། རྒྱ་མིར་རྒོལ་གནོད་གང་ཡང་མི་ཐུབ་པའི་བོད་མི་ཉམ་ཆུང་སྟོང་ཕྲག་མང་པོ་ཡང་ཆེད་དུ་དམར་གསོད་བྱས་པ་རེད། འཇིགས་དངངས་ཅན་གྱི་གནས་ཚུལ་ཐབས་རྡུགས་པོ་དེ་དག་གོ་ཐོས་བྱུང་འཕྲལ་དེའི་རྒྱུ་མཚན་གཅིག་ཡོད་པ་ཤེས་རྟོགས་བྱུང་བ་ནི། བཙན་འཛུལ་བྱུང་སྟེ་ལོ་བརྒྱད་སོང་བའི་རིང་བོད་མི་འབྱོར་ལྡན་དང༌། དབང་འཛིན་མཁན་ཚོ་ཙམ་མ་ཡིན་པའི་བོད་མི་དམངས་དཀྱུས་ཚོས་རང་འདོད་ལྟར་ཕྱི་རྒྱལ་གྱི་བཙན་དབང་འཁུར་འདོད་མེད་པའི་རྣམ་འགྱུར་གསལ་པོར་བསྟན་པར་བརྟེན་ད་ཆ་རྒྱ་མི་ཚོས་འཇིགས་སྐྲག་བསྐུལ་ཞིང༌། སྙིང་རྗེ་མེད་པའི་དམར་གསོད་བཏང་སྟེ་བོད་མི་ཚོའི་འདོད་པར་མེད་བཞིན་དུ་རྒྱ་མིའི་དབང་བསྒྱུར་དྭང་ལེན་བྱེད་པའི་ཐབས་ཤེས་བྱས་པ་དེ་ཡིན།

གནས་ཚུལ་དེར་བསམ་ཞིབ་སྐབས་དུས་སྐབས་དེ་ནས་བཟུང་ཁོ་བོ་རང་གནས་ནས་མི་འགྲོ་ཐབས་མེད་ཡིན་པ་གསལ་པོར་མཐོང་ཞིང༌། ངེད་རང་བསྡད་ཀྱང་ངས་མི་མང་ལ་དེ་སྔོན་ལས་ལྷག་པའི་བྱ་ཐབས་མེད་པའི་ཁར། མཐར་རྒྱ་མིས་ངེད་འཛིན་བཟུང་བྱེད་པར་ངེས། དེའི་ཕྱིར་གལ་ཏེ་ད་དུང་ཚུར་རྒོལ་རིམ་བྱས་རང་སྲུང་མ་ཐུབ་ན་དེ་མཚམས་ཁྱིམ་མཚེས་རྒྱ་གར་དུ་ཕྱིན་ཏེ་རྒྱ་གར་གཞུང་ལ་སྐྱབས་བཅོལ་གྱིས་ཁོ་བོའི་མི་མང་གི་རེ་དོན་རྣམས་མ་བརླག་པར་འཛིན་རྒྱུའི་གོ་སྐབས་ཤིག་ཡོང་བ་བྱེད་དགོས་ཀྱང༌། བསམ་ཚུལ་དེ་ལ་ལམ་སེང་དགའ་བསུ་བྱེད་མཁན་མེད་སྟབས་སེམས་ཐག་གཅོད་རྒྱུའང་དཀའ། ལྷུན་རྩེ་རྫོང་དུ་གནས་སྐབས་ཀྱི་དབུས་གཞུང་ཞིག་བཙུགས་ཏེ་རྒྱ་ཁྱབ་ཚང་མར་འབྲེལ་བསྐུལ་བྱེད་རྒྱུའི་རེ་འདུན་བྱས་པ་དེ་ཡང་རིམ་བཞིན་ཉམས་བརླག་ཏུ་ཕྱིན་པ་རེད།། །།