ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།

༄༅། །ཕྱི་ལོ་༡༩༥༩ཟླ་གསུམ་པའི་ཚེས་གཅིག་ཉིན་སངས་རྒྱས་ཀྱི་ཆོ་འཕྲུལ་ཆེན་པོའི་དུས་ཆེན་ཐོག་གྲྭ་སྐོར་དམ་བཅའ་འཇོག་པའི་སྨོན་ལམ་གྱི་མཛད་སྒོའི་དོན་དུ་ཕྲན་ལྷ་ལྡན་གཙུག་ལག་ཁང་དུ་ཡོད། སྐབས་དེར་ངས་སེམས་ཀྱི་གནས་ཚད་ཇེ་མཐོར་སྤེལ་བའི་ནང་དོན་རིག་པའི་སློབ་སྦྱོང་གི་རྒྱུགས་སྤྲོད་བྱས་པ་ཡིན། ང་ཚོར་སྲིད་དོན་གྱི་རྙོག་འཛིངས་དཀའ་ངལ་ཡོད་པའི་སྐབས་སུ་ཡང་ཆོས་ཀྱི་སློབ་གཉེར་མུ་མཐུད་ཀྱིས་བྱེད་པའི་སྐལ་བཟང་ཐོབ་ཅིང༌། འཁུར་བརྩོན་ཆེ་ཤོས་བྱེད་ཡུལ་སྔར་ནས་དེ་རང་ཡིན་པ་མ་ཟད། ད་དུང་ཡང་དེ་རང་ཡིན། གལ་སྲིད་གོ་སྐབས་བྱུང་ན་མང་ཐོས་གདམས་པར་ཤར་བའི་མཁས་པའི་དྲུང་དུ་འདུ་འཛི་སྤངས་པའི་སྒོ་ནས་ཆོས་ཀྱི་སློབ་གཉེར་འབའ་ཞིག་བྱེད་འདོད་ཡོད། འགྲེལ་བཤད་སྔོན་བརྗོད་ཟིན་པ་ལྟར། རྒྱུགས་སྤྲོད་དེ་དག་ནི་མཁས་པ་དང་གྲུབ་པའི་དགེ་བཤེས་ཤིན་ཏུ་མང་ཚོགས་ཀྱི་དབུས་སུ་བགྲོ་གླེང་བྱེད་དགོས་ཤིང༌། དེ་འདྲའི་དུས་སྐབས་དེ་ནི་ཕྲན་རང་ཉིད་ལ་ཤིན་ཏུ་གལ་ཆེ་ཞིག་ཡིན་པ་དང༌། བོད་ཡུལ་སྤྱི་ལའང་དེ་བཞིན་རེད། དུས་དེར་དམ་པའི་ཆོས་ཀྱི་འབེལ་གཏམ་གྱི་གནད་དོན་ཞིབ་ཅིང་ཆེས་ཕྲ་བཟང་ལ་མང་བས་ཕྲན་གྱི་ཤེས་རྒྱུད་ཡོངས་སུ་ངོམས་ཤིང་ཚིམས་པའི་དགའ་བ་ཟད་མི་ཤེས་པ་བྱུང༌།

མཛད་སྒོ་དང༌། རྒྱུགས་སྤྲོད་ཀྱི་བྱེད་སྒོ་དེ་དག་གིས་བྲེལ་སྟབས་སུ་གནས་པའི་ཉིན་གཅིག་རྒྱ་མིའི་ལས་བྱེད་གཉིས་ནས་ཕྲན་ཐུག་འཕྲད་དགོས་ཚུལ་ཟེར། ཁོང་གཉིས་ནི་ལས་བྱེད་ཆེ་གྲས་མིན་ཞིང༌། དམག་དཔོན་ཐན་ཀོན་སན་གྱིས་བཏང་ལུགས་ཟེར་གྱི་འདུག ་ཁོང་ནས་རྒྱ་མིའི་དམག་སྒར་ནང་ཟློས་གར་ཞིག་བསྟན་རྒྱུའི་གྲ་སྒྲིག་བྱས་ཡོད་པ་ལྟར་དེའི་དུས་ཚེས་གཏན་འཁེལ་བྱེད་དགོས་ཟེར། འདི་སྐོར་སྤྱིར་བཏང་གི་གྲོས་གླེང་ཞིག་ཉིན་འགའི་སྔོན་ནས་བྱུང༌། སྐབས་དེར་དོན་གནད་གཞན་གྱི་སྐོར་བསམ་བློ་གཏོང་ཁོམ་མ་བྱུང་ཞིང༌། ཁོང་གཉིས་ལ་ཉིན་བཅུ་སྐོར་རྗེས་མཛད་སྒོ་ཟིན་འཕྲལ་དུས་ཚེས་སྤྲད་འཐུས་བརྗོད་པར། ཁོང་གཉིས་ཀྱིས་དུས་ཚེས་ལམ་སེང་གཏན་འཁེལ་དགོས་ལུགས་ཨུ་ཚུགས་ཀྱིས་དེ་ལ་འདོད་བབས་བྱེད་ཀྱི་མི་འདུག་ཀྱང༌། ཡང་བསྐྱར་མཛད་སྒོ་གྲོལ་ན་མ་གཏོགས་དུས་ཚེས་གཏན་འཁེལ་མི་ཐུབ་ཚུལ་བརྗོད་མཐར། ལན་དེ་དམག་དཔོན་ཐན་ཀོན་སན་ལ་འཁྱེར་རྒྱུ་བློ་མོས་བྱས་སོང༌།

དེ་ལྟར་ཡོང་ལུགས་དེ་ནི་ཡ་མཚན་ཞིག་སྟེ། རྣམ་ཀུན་དམག་དཔོན་ཁོང་རང་ངའི་སར་ཡོང་ན་མ་གཏོགས་ལན་འཕྲིན་རྣམས་འབྲེལ་ཡོད་ངའི་ལས་བྱེད་པ་བརྒྱུད་འབྱོར་གྱི་རེད། རྣམ་ཀུན་མང་ཚོགས་ཀྱི་མཛད་སྒོའི་སྙན་སེང་རིགས་མགྲོན་ཆེ་ཕ་ལྷ་བ་བརྒྱུད་ནས་སམ། ཡང་ན་སྤྱི་ཁྱབ་མཁན་པོ་དགའ་བྲང་བརྒྱུད་ནས་ཡོང་དགོས།

དེར་བརྟེན་རྣམ་ཀུན་དང་མི་འདྲ་བར་རྒྱ་རིགས་ལས་བྱེད་ཆུང་གྲས་གཙུག་ལག་ཁང་ནང་ང་ཐུག་འཕྲད་དུ་བཏང་བའི་གནས་ཚུལ་འདི་དག་ཤེས་མཁན་ཚོར་ཡིད་དྭོགས་ཕྲན་བུ་བྱུང༌། ངའི་ལས་བྱེད་དཔོན་རིགས་ཚོ་གནས་ཚུལ་དེ་ལ་འདོད་བབས་མ་བྱུང་བའི་ཁར། དམག་དཔོན་ཐན་ཀོན་སན་ནས་ཏཱ་ལའི་བླ་མའི་མཚན་མཐོངས་ལ་དམའ་འབེབས་བྱེད་ཐབས་བྱས་པ་ལྟ་བུར་ངོས་འཛིན་བྱས།

རྒྱ་མིའི་སྲིད་དབང་འོག་ང་ཚོར་ཉམས་མྱོང་སྡུག་པོ་ཇི་སྙེད་བྱུང༌། མང་ཚོགས་ཀྱི་ཚོགས་འདུར་འབོད་བསྐུལ་འདི་རིགས་ལ་དངོས་ཡོད་གནས་ཚུལ་ནས་འགྲོ་སྟབས་འགྲིགས་མིན་ཇི་ལྟར་ཡང་དགེ་སྐྱོན་ཡོ་སྲོང་བྱེད་ས་མེད། གལ་སྲིད་རྒྱ་མི་ཚོ་མི་དགའ་བ་བྱུང་ན་རྐྱེན་ཆུང་ཆུང་གིས་དོན་མེད་རྐྱེན་ངན་ཡོང་བའི་ཉེན་ཁ་ཡོད། འདི་འདྲའི་སྐབས་ཁོང་ཚོ་དགའ་བོ་མ་བྱུང་བའི་རྣམ་འགྱུར་ནི་ཕྱོགས་གཞན་ཞིག་གི་ཐོག་ནས་བསྟན་གྱི་ཡོད་པར་བརྟེན་ཁོ་བོ་ཅག་གི་བསམ་པར་རང་ཡུལ་གྱི་དོན་དུ་གནད་དོན་ཆུང་ངུ་འདི་རིགས་ལ་དོ་སྣང་མ་བྱས་ན་ལེགས་པར་མཐོང་ཞིང༌། དེ་མིན་ང་དང༌། ངའི་གཞུང་གི་གནས་སྟངས་དམའ་རུ་གཏོང་བ་དེ་ཇེ་སྡུག་ཏུ་གཏོང་རྒྱུའི་ཉེན་ཁ་ཡོད་པ་རེད།

ཕྱི་ཟླ་གསུམ་པའི་ཚེས་ལྔ་ཉིན་ལྷ་སའི་གཙུག་ལག་ཁང་ནས་ནོར་གླིང་དུ་མ་ཐོན་གོང་གདན་ཞུ་ཡ་མཚན་ཅན་དེའི་སྐོར་དེ་མིན་གོ་ཐོས་གང་ཡང་མ་བྱུང༌། རྣམ་ཀུན་ཕྲན་ནོར་གླིང་དུ་འགྲོ་བསྐྱོད་འདི་དག་མཛད་སྒོ་ཆེན་པོ་ཞིག་ཡིན་ཅིང༌། ལོ་སྔོན་མ་ཚོར་རྒྱ་མི་ཡང་མཛད་སྒོ་དེར་ཞུགས་ཡོད་ཀྱང༌། ད་ལམ་རྒྱ་མི་གཏན་ནས་ཞུགས་ཡོད་པ་མ་རེད།

ཉིན་གཉིས་རྗེས་ཟླ་གསུམ་པའི་ཚེས་བདུན་ཉིན་དམག་དཔོན་ཁོང་གི་སྐད་བསྒྱུར་ཞིག་ནས་སྤྱི་ཁྱབ་མཁན་པོར་ཁ་པར་བཏང་སྟེ་ཕྲན་ལ་ཡང་བསྐྱར་ལན་འཕྲིན་བཏང་འབྱོར་དུ། ཕྲན་རྒྱ་མིའི་དམག་སྒར་དུ་ལྟད་མོར་འགྲོ་རྒྱུའི་དུས་ཚེས་ངེས་གཏན་དགོས་ལུགས་བརྗོད་འདུག་པ་སྤྱི་ཁྱབ་མཁན་པོས་ཕྲན་ལ་གོ་བསྡུར་གནང་སྟེ་ཕྱི་ཟླ་གསུམ་པའི་ཚེས་བཅུ་ཉིན་སྟབས་འགྲིགས་ཡོང་གནས་ཞེས་འཕྲིན་ལས་སྤྲད།

ཁོ་བོ་འགྲོ་རྒྱུའི་གྲ་སྒྲིག་བྱེད་སྒོ་རྣམས་སང་ཉིན་འགྲོ་རྒྱུའི་ཚེས་དགུ་ཉིན་མ་གཏོགས་གོ་བསྡུར་བྱས་པ་མེད། དེའི་ཉིན་སྔ་དྲོའི་ཆུ་ཚོད་བརྒྱད་ཐོག་རྒྱ་མིའི་ལས་བྱེད་པ་གཉིས་སྐུ་སྲུང་འགོ་བྱེད་མདའ་དཔོན་སར་ཡོང་སྟེ། དམག་དཔོན་འབྲིང་རིམ་དྲག་པོའི་སློབ་སྟོན་བྱེད་མཁན་གྱི་གོ་མིང་ཡོད་པ། ཕུའུ་ནས་ཁྱེད་རང་འབོད་འགུགས་ཆེད་དུ་བཏང་ཚུལ་ཟེར་ཞིང༌། མདའ་དཔོན་སྔ་དྲོའི་ལྟོ་ཆས་བྱེད་རྒྱུར་བརྟེན་ཆུ་ཚོད་བཅུ་པར་ཡོང་འཐུས་བརྗོད་དེ་ཁོང་གཉིས་ཕྱིར་ལོག་གིས་ཆུ་ཚོད་གཅིག་སོང་རྗེས་ཡང་བསྐྱར་ཡོང་སྟེ་ད་ལྟ་ལམ་སེང་ཡོང་དགོས་རྒྱ་དཔོན་སྒུག་སྟེ་བཞུགས་འདུག་ཅེས་བརྗོད་པ་རེད།

ཆུ་ཚོད་ཁ་ཤས་རྗེས་སུ་སྐུ་སྲུང་མདའ་དཔོན་ནོར་གླིང་དུ་བསམ་བློ་འཁྲུག་འཚབ་ཀྱི་ངང་དུ་འབྱོར་ཏེ་སྤྱི་ཁྱབ་མཁན་པོ་དང༌། མགྲོན་ཆེར་གནས་ལུགས་གླེང་མོལ་བྱས་པར་ཁོང་གཉིས་དང་མདའ་དཔོན་བཅས་ཁོ་བོའི་སར་མཉམ་འབྱོར་ཐོག ་གནས་ཚུལ་འདི་རྣམས་ཟེར་གྱི་འདུག

སྐུ་སྲུང་མདའ་དཔོན་དམག་དཔོན་གོང་གསལ་གྱི་ཡིག་ཚང་དུ་འབྱོར་སྐབས་ཁོང་ཤེས་པ་རྣལ་དུ་མ་གནས་པར་རླུང་འཚུབ་སྟེ་བསྡད་འདུག་པས་བརྗོད་གསལ། ཏཱ་ལའི་བླ་མ་སང་ཉིན་འདིར་དམག་མིའི་ཟློས་གར་གྱི་གཟིགས་མོར་ཕེབས་རྒྱུར། བྱེད་སྒོ་འགའ་ཤས་ཡོད་སྟབས་ངས་ཁྱེད་རང་འབོད་དུ་བཏང་བ་ཡིན། སྐུ་སྲུང་མདའ་དཔོན་གྱིས་ཁོང་ལ་ཚེས་གྲངས་གཏན་འཁེལ་ཨེ་ཡོད་ཅེས་དྲིས་པར། ཁྱེད་ནས་ཤེས་མ་བྱུང་ངམ། ཏཱ་ལའི་བླ་མས་དམག་དཔོན་ཐན་གྱི་གདན་ཞུར་ཞལ་བཞེས་གནང་སྟེ་ཚེས་བཅུ་ཉིན་ཕེབས་ཀྱི་རེད། ཁྱེད་རང་ལ་དོན་གནད་གཅིག་གསལ་པོར་བརྗོད་རྒྱུ་ཡོད། ཁྱེད་ཚོས་རྣམ་ཀུན་བྱེད་པའི་མཛད་སྒོ་དེ་ཚོ་ཡོང་གི་མ་རེད། རྣམ་ཀུན་གྲྭ་སྒྲིག་ལྷན་ཚོགས་སུ་ཕེབས་སྐབས་ཁོང་དང་མཉམ་དུ་ཁྱེད་རང་གི་དམག་མི་གོ་མཚོན་འཁྱེར་བ་ཡོང་སྲོལ་དེ་ལྟར་ཡོང་མ་དགོས། རྡོ་ཟམ་བརྒལ་ནས་བོད་དམག་སུ་ཡང་ཡོང་མི་ཆོག གལ་སྲིད་ཁྱེད་རང་གི་འདོད་པ་ནན་ཆེ་བྱས་ན་བོད་དམག་གཉིས་གསུམ་ཞིག་མཉམ་འཁྲིད་བྱས་འཐུས་ཀྱང་ཁོང་ཚོས་མཚོན་ཆ་མཉམ་འཁྱེར་མི་ཆོག་ཅེས་བརྗོད་འདུག

སྐུ་སྲུང་མདའ་དཔོན་ལ་རྣམ་ཀུན་དང་མི་འདྲ་བའི་བཀའ་བཀོད་དེ་ལྟར་བཏང་བ་དེས་ཁོང་ལ་བློ་འཚབ་ཆེན་པོ་འདི་ལྟར་བྱུང་སྟེ། དེ་ཡང་རྡོ་ཟམ་དེ་ནི་རྒྱ་མིའི་དམག་སྒར་གྱི་ལས་ཁུངས་ངོ་མའི་མཐའ་མཚམས་ན་ཡོད། ནོར་གླིང་ནས་རྒྱང་གྲགས་ཙམ་སར་ཡོད་པའི་རྒྱ་མིའི་སྡོད་སྒར་དེ་དག་བོད་མི་ཤ་ཞེན་མཁན་ཚོའི་འདོད་བློར་མི་བབས་པ་ཞིག་ཡིན་ཅིང༌། འོན་ཀྱང༌། སྡོད་སྒར་དེ་རྒྱ་མི་ཁོང་རང་ཚོས་བེད་སྤྱོད་བྱེད་པ་ལ་ལྷ་སའི་མི་མང་སྡུག་འཁུར་མི་ཐུབ་པ་མེད་མོད། དོན་གནད་ཇི་ལྟར་ཡིན་རུང༌། ཏཱ་ལའི་བླ་མ་དེའི་ནང་ཕེབས་དགོས་པའི་བསམ་ཚུལ་དེ་ཤིན་ཏུ་ཡ་མཚན་ཞིག་རེད། དེ་ལ་མི་མང་གིས་འདོད་བབས་མི་བྱེད་པ་ནི་ངེད་རང་གིས་ཤེས་བཞིན་པ་ཡིན། ལྷག་པར་དུ་ཡང་ཏཱ་ལའི་བླ་མ་སྐུ་སྲུང་མེད་པར་ཕེབས་དགོས་ཀྱི་ཡོད་ན་ད་དུང་དེ་བས་ཀྱང་ཧ་ཅང་ཡ་མཚན་པ་ཞིག་སྟེ། ལུགས་སྲོལ་ལྟར་བྱས་ན་ཏཱ་ལའི་བླ་མ་གང་དུ་ཕེབས་ཀྱང་སྲུང་དམག་ཉི་ཤུ་རྩ་ལྔ་ལྷན་བཅར་ཐོག་ཕེབས་ལམ་འཁེལ་ཡུལ་དུ་དམག་མི་འགྲེམས་འཛུགས་བྱེད་དགོས། གལ་སྲིད་འགྲོ་ལུགས་དེ་དག་གློ་བུར་དུ་བསྒྱུར་འགོག་བྱེད་དགོས་ན་དེའི་རྒྱུ་མཚན་ཞིག་མི་མང་ལ་ངེས་པར་བརྗོད་དགོས་པར་འདུག་སྙམ་སྟེ་སྐུ་སྲུང་མདའ་དཔོན་གྱིས་རྒྱ་མིའི་དམག་དཔོན་ལ་རྒྱུ་མཚན་ཇི་ཡིན་གསུངས་གནང་ཡོད་པ་ཞེས་ཞུས་འདུག ་དྲི་དོན་དེ་དག་སྣང་མེད་ལྟ་བུར་དྲིས་ཀྱང་ཁོང་ལ་དོ་སྣང་སྐྱེ་བའི་གཞིར་གྱུར་ཏེ་ད་དུང་ཁོང་ཁྲོ་ཇེ་ཆེར་ཕྱིན་ཏེ་བརྗོད་གསལ། གལ་སྲིད་མི་གཅིག་གིས་མེ་སྐམ་མནན་ན་ཁྱེད་རང་གིས་འགན་ལེན་བྱེད་རྒྱུ་ཡིན་ནམ་ཞེས་སྐད་ཤུགས་ཆེན་པོས་བརྗོད་ཅིང༌། ད་དུང་ཁོང་ནས། ད་ཆ་ང་ཚོ་རྙོག་གླེང་བརྗོད་མ་དགོས། ཏཱ་ལའི་བླ་མ་ཕེབས་སྐབས་ང་ཚོའི་དམག་མི་ཡང་གོ་མཚོན་མེད་པར་འཇོག་གི་ཡིན། ཁྱེད་རང་འདོད་པ་ཡོད་ན་རྡོ་ཟམ་བར་ཁྱེད་རང་ཚོའི་མི་འགྲེམས་འཛུགས་བྱས་ན་འགྲིགས། དེ་ཚུན་མི་གཅིག་ཀྱང་ཡོང་མི་ཆོག གནས་ཚུལ་དེ་རྣམས་གསང་བ་དམ་པོ་བྱེད་དགོས་ཞེས་བརྗོད་འདུག

སྐུ་སྲུང་མདའ་དཔོན་ཕྱིར་ལོག་རྗེས་གོང་གསལ་བཀའ་བཀོད་ཇི་བྱས་སྐོར་འབྲེལ་ཡོད་ལས་བྱེད་ཁག་དང་གོ་བསྡུར་མང་པོ་བྱས་མཐར་དེ་ལྟར་ཁོང་ཚོས་གང་ཟེར་གྱི་བཙན་དབང་དེ་རང་ལ་ཉན་རྒྱུ་མ་གཏོགས་ཐབས་ཤེས་གཞན་མེད་པ་ལྟ་བུར་མཐོང་སྟེ་འགྲོ་རྒྱུའི་འཆར་གཞི་གཏན་འབེབས་བྱས། རྒྱ་མིའི་གདན་ཞུ་དེར་ཡིད་དྭོགས་ཆེ་ཐོག གསང་རྒྱ་བྱེད་དོན་དེས་དྭོགས་གཞིའི་བསྣོན་མ་ལྟ་བུར་བྱུང་འདུག གྲོང་ཁྱེར་ནང་གི་མི་རྣམས་འགྲིམས་འགྲུལ་མཚམས་གཅོད་བྱས་ན་མ་གཏོགས་ང་ཕྱི་བསྐྱོད་བྱེད་པ་དེར་གསང་བ་བྱེད་ཐབས་ནམ་ཡང་མེད། གང་ཡིན་ཞེ་ན། ཕྲན་གྱིས་ལོགས་སུ་འགྲོ་རྩིས་ནམ་བྱས་ཀྱང་དེ་འཕྲལ་ལྷ་སར་གླེང་ལྷག་གིས་མི་ཚང་མས་ལམ་སྲང་ཁག་ཏུ་གྲལ་བསྒྲིགས་ཀྱིས་གུས་བཀུར་ཆེད་ཡོང་བ་རེད། སྐབས་དེར་གྲོང་ཁྱེར་ནང་རྣམ་ཀུན་དང་མི་འདྲ་བའི་མི་མང་པོ་ཡོད། སྨོན་ལམ་གྲོལ་ཏེ་དགེ་འདུན་བྱིངས་ཕྱིར་ཕེབས་ཟིན་ཀྱང༌། སྟོང་ཕྲག་རེ་ཟུང་ཡོད་པ་དང༌། ཁམས་རིགས་བཙན་བྱོལ་ཡོང་བ་སྟོང་ཕྲག་འགའ་ཤས་ཡོད། རགས་རྩིས་བྱས་ན་སྐབས་དེར་ལྷ་སའི་ནང་མི་གྲངས་སྟོང་ཕྲག་བརྒྱ་སྐོར་ཡོད་ཅིང༌། འབོར་ཚད་དེ་དག་གྲོང་ཁྱེར་དེར་བྱུང་བ་མཐོ་ཤོས་ཡིན་སྲིད།

དེའི་སང་ཉིན་གྱི་བྱེད་སྒོ་འཐུས་ཚང་ཡོང་ཆེད་རྡོ་ཟམ་བར་སྐུ་སྲུང་དམག་མི་འགྲེམས་འཛུགས་བྱེད་རྒྱུ་དང༌། མི་མང་རྣམས་ཀྱང་རྡོ་ཟམ་བརྒལ་ནས་མི་འགྲོ་བའི་འཆར་གཞི་ལས་བྱེད་པ་རྣམས་ཀྱིས་ཁམས་དྭངས་བཟོས། སྤྱི་ཟླ་གསུམ་པའི་ཚེས་དགུ་ཉིན་གུང་ཙམ་ལ་བོད་དམག་སྐོར་བྱ་བ་ཚོར་རྒྱ་མིས་བརྗོད་དོན། ཕྱི་ཉིན་རྡོ་ཟམ་འདི་བརྒལ་ཏེ་བོད་མི་སུ་ཡང་འགྲོ་བསྐྱོད་མི་ཆོག་པའི་དམིགས་བསལ་གྱི་ཁྲིམས་ལུགས་ཡོད་པ་འདི་དག་མི་མང་ལ་ཁྱབ་བསྒྲགས་བྱ་དགོས་བརྗོད་འདུག་ཅིང༌། སྐོར་བྱ་བ་ཚོའི་བསམ་པར་རྣམ་ཀུན་བོད་མི་རྡོ་ཟམ་བརྒལ་བསྐྱོད་མི་ཆོག་པ་མེད་ཀྱང༌། མི་མང་ནས་ཏཱ་ལའི་བླ་མ་མཇལ་ཞུའི་ཆེད་སྣང་མེད་བརྒལ་བསྐྱོད་ལ་རྒྱ་མིས་བཀག་འགོག་བྱས་ཏེ་གློ་བུར་རྐྱེན་ངན་བྱུང་དྭོགས་ཡིན་ཤག་བསམ་སྟེ་བྱེད་ཕྱོགས་དེར་བློ་མོས་བྱས་པ་རེད། འོན་ཀྱང་དེའི་འབྲས་བུ་ནི་ཤིན་ཏུ་དྭོགས་གཞི་ཆེན་པོར་གྱུར། རྒྱ་མིས་ཕྲན་འཛིན་བཟུང་བྱེད་རྒྱུའི་འཆར་གཞི་ཡོད་ལུགས་གྲོང་ཁྱེར་ནང་གླེང་གྲགས་ཆེན་པོ་བྱུང་སྟེ། དེ་ཉིན་གྱི་དགོང་དྲོ་དང༌། ནུབ་མོ་མི་ཚང་མའི་སེམས་ལ་དངངས་སྐྲག་དང༌། འཚབ་འཚུབ་ཇེ་ཆེར་གྱུར་ཅིང༌། ཕྱི་ཉིན་སྔ་དྲོ་ལྷ་སའི་མི་ཕལ་ཆེ་བས་ངོས་རྒྱ་མིའི་སྡོད་སྒར་དུ་འགྲོ་རྒྱུ་དེ་དག་ཇི་ལྟར་བྱས་རུང་བཀག་འགོག་བྱེད་རྒྱུ་སེམས་ཐག་ཐེ་ཚོམ་མེད་པར་བཅད་པ་རེད།

ཡང༌། ཁོ་བོ་འཛིན་བྱེད་ཀྱི་རྙི་གཞན་ཞིག་ཀྱང་ཡོད་པ་མི་མང་གིས་ཤེས་རྟོགས་བྱུང་བ་ནི་རྗེས་ཟླའི་ནང་པི་ཅིང་དུ་རྒྱ་ནག་མི་མང་འཐུས་མིའི་ཚོགས་ཆེན་འཚོགས་ཀྱི་ཡོད་པ་དེར་ངོས་འགྲོ་དགོས་རྒྱ་མིས་ནན་བརྗོད་བྱེད་ཀྱི་ཡོད་པ་དེ་ཡིན། མི་མང་གི་རྣམ་འགྱུར་དེ་མཐོང་ནས་གདན་ཞུར་ཕྱིར་ལན་ངེས་གསལ་སྤྲད་པ་མེད་ཀྱང༌། བདུན་གཅིག་ཙམ་གྱི་གོང་དུ་ང་ཡོང་རྒྱུ་ཡིན་ཚུལ་པི་ཅིང་དུ་དྲིལ་བསྒྲགས་བྱས་ཡོད་འདུག ངས་ཁས་ལེན་མ་བྱས་པར་དྲིལ་བསྒྲགས་བྱས་པ་དེས་ལྷ་སའི་མི་མང་ཚོ་ཁོང་ཁྲོ་ཆེན་པོ་བྱུང་ཡོད་པ་རེད། ཡ་མཚན་ཅན་གྱི་གདན་ཞུ་གསར་པ་དེ་དག་ནི་ངའི་འདོད་བབས་མེད་བཞིན་དུ་རྒྱ་ནག་ཏུ་བཙན་འཁྲིད་བྱ་རྒྱུའི་ཐབས་ཤེས་ཡིན་པར་མི་མང་ཚོས་རང་བཞིན་གྱིས་སེམས་ཐག་བཅད་འདུག

ཡང༌། མི་མང་གི་བསམ་བློར་ཡིད་དྭོགས་འབྱུང་གཞི་གཞན་ཞིག་ནི། བོད་ཤར་ཕྱོགས་ས་ཁུལ་ཁག་ཏུ་བླ་མ་ཆེན་པོ་འགའ་ཞིག་རྒྱ་མིའི་དམག་དཔོན་གྱིས་ཐུགས་སྤྲོར་གདན་འདྲེན་ཞུས་རྗེས་བླ་མ་དེ་ཚོ་སུས་ཀྱང་མཐོང་ཐོས་མེད་པར་གྱུར་པའི་གནས་ཚུལ་བོད་མི་ཕལ་ཆེ་བས་ཤེས་རྟོགས་ཁར། མི་སུ་ཞིག་ཡིན་རུང་དེ་སྲུང་སྐྱོབ་བྱེད་མཁན་གྱི་ས་ནས་འཁྲིད་རྒྱུ་དེ་རྒྱ་མིའི་བྱེད་སྟངས་ཤིག་ཡིན་འདུག

ལྷ་སའི་མི་མང་ཚོར་བྱུང་བའི་དྭོགས་པ་དེ་དག་ངའི་གཞུང་གི་ལས་བྱེད་པ་ཚོའི་ཁྲོད་དུ་ཡང་ཁྱབ་འཕེལ་བྱུང་ཞིང༌། དེའི་ཡོང་རྩ་ནི་རྒྱ་མིའི་དཔོན་རིགས་ཚོའི་བྱེད་སྤྱོད་ཡ་མཚན་ཞིག་ལ་བརྟེན་ནས་བྱུང་འདུག རྣམ་ཀུན་ཕྲན་སྤྱི་ཚོགས་ཀྱི་དུས་ཆེན་རིགས་ལ་མགྲོན་འབོད་སྐབས་བོད་གཞུང་གི་གནད་ཡོད་དཔོན་རིགས་ཚང་མ་གདན་ཞུ་བྱེད་སྲོལ་ཡང༌། སྐབས་དེར་ཟླ་གསུམ་པའི་ཚེས་དགུའི་དགོང་དྲོ་བར་ཏཱ་ལའི་བླ་མ་སྐུ་སྒེར་གྱི་ལས་བྱེད་པ་མ་གཏོགས་དཔོན་རིགས་གཞན་དག་གཅིག་ཀྱང་མགྲོན་འབོད་བྱས་མི་འདུག་ཅིང༌། དེའི་དགོང་དྲོར་རྒྱ་མིའི་ལས་བྱེད་པ་གཉིས་ནོར་གླིང་དུ་ཡོང་སྟེ་བཀའ་ཤག་གི་འཐུས་མི་དྲུག་ལ་མགྲོན་ཤོག་སྟོང་མིན་ཙམ་སྤྲད་དེ་ངག་ཐོག་ནས་བརྗོད་དོན། བཀའ་ཤག་གི་འཐུས་མི་རེ་ནས་གཡོག་པོ་རེ་ལས་མཉམ་འཁྲིད་མ་བྱེད་ཅེས་རྣམ་ཀུན་དང་མི་འདྲ་བའི་རེ་འདུན་ལྟ་བུའི་བཙན་བཀའ་རྒྱ་མིའི་སྤྱིར་བཏང་གི་སྲོལ་ལྟར་བཏང་འདུག

རྒྱུན་གཏན་ལྟར་བྱས་ན་ངོས་གང་དུ་བསྐྱོད་ཀྱང་རྩེ་མཁན་མགྲོན་ཆེ་བ་མཉམ་དུ་འགྲོ་དགོས་པ་ཁོང་ཚོས་ཤེས་གསལ་ཡང༌། ཁོང་དང༌། ལས་བྱེད་འགའ་ཤས་ལ་མགྲོན་འབོད་བྱས་མི་འདུག

ངའི་དཔོན་རིགས་ཚོར་བློ་དྭོགས་ཡོད་ཀྱང་ངོས་འགྲོ་བསྐྱོད་མ་བྱེད་ཅེས་རེ་འདུན་བཏོན་མ་ནུས་ཤིང༌། འོན་ཀྱང༌། བཀའ་ཤག་གི་འཐུས་མི་སྔ་རྟིང་དུ་མ་སོང་བར་ངོས་དང་མཉམ་དུ་འགྲོ་རྒྱུ་བྱས། དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ནི། གལ་ཏེ་གནས་ཚུལ་སྡུག་པོ་བྱུང་ན་ཉུང་མཐར་ངོས་གཅིག་པུར་མ་ལུས་ཙམ་ཡོང་བའི་རེ་འཆར་ཡིན། དེའི་ཕྱི་ཉིན་ནི་ལྷ་སར་སྔར་མཐོང་མ་མྱོང་བའི་དུས་ཚོད་ཅིག་ཤར་རྒྱུ་སྟེ། ཕྱེད་ཡོལ་འཁོར་ལོའི་ཆུ་ཚོད་གཅིག་ཐོག་ཀུན་ནས་མནར་སེམས་ཀྱི་དུག་ཆུས་གང་བའི་རྒྱ་མིའི་དམག་སྒར་དེང་ཕན་བསྐྱོད་འཁོད་མ་མྱོང་བའི་བཙན་མཁར་དུ་དམ་བསྒྲགས་ཀྱི་གནས་ཚུལ་ཁྱད་པར་ཅན་གྱི་འོག་ཁོ་བོ་ངོ་བསྐྱོད་བྱ་རྒྱུར་གཏན་འཁེལ་བ་རེད། དྲག་ཅིང་རྩུབ་ལ་ངན་དཔུང་ཆེ་བའི་ཕྱོགས་གཅིག་དང༌། སྙིང་སྟོབས་དང་རུས་ཞེན་གྱིས་གང་བའི་ཕྱོགས་གཉིས་སྟངས་འཛིན་མི་ཐུབ་པའི་ཛ་དྲག་གས་ཆག་གི་གནས་ཚུལ་ཅི་ཡོང་ཆ་མ་འཚལ་བའི་བློ་གཡེང་གིས་གཉིད་ཀྱང་ཆེར་མ་བྱུང་བའི་ནུབ་མོ་འདས་པའི་ནང་པར་དེ་རིང་ཉིན་མོ་ཇི་འདྲ་ཞིག་ཡོང་ངམ་སྙམ་པའི་ངང༌། སྔ་དྲོའི་ཆུ་ཚོད་ལྔ་པར་ལངས་ནས་རྣམ་ཀུན་གྱི་སྤྱོད་ལམ་ལྟར་བྱས་ཏེ། དེ་ཡང༌། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་མཐོང་ན་མི་མཐུན་པ་མེད་པ་དག་གིས་ལེགས་པར་གང་བའི་མཆོད་གཤོམས་མདུན་སྣང་གསལ་སྒྲོན་མེའི་མེ་ལྕེ་དམར་སེར་དུ་འབར་ཞིང༌། གསེར་དངུལ་གྱི་ཆུ་ཏིང་ནང་དྲི་བཟང་གིས་ཁ་བསྒྱུར་བའི་མཆོད་ཡོན་དག་དྭངས་ཤིང་བསིལ་བ། སྤོས་བཟང་པོའི་དྲི་ངད་མངར་སིང་ངེར་འཐུལ་བཞིན་པར་བསམ་གཏན་བདེ་བའི་གནས་བཀོད་ཞི་འཇམ་བག་ཕེབས་པ་རྣམ་ཀུན་བཞིན་དུ་འདུག དེར་རྒྱུན་གྱི་དགེ་སྦྱོར་རིགས་བྱས་ཏེ་སྔ་དྲོ་ལྡུམ་རའི་ནང་རྐང་འཆག་བྱེད་རྒྱུར་རྒྱུན་གོམས་ཡོད་པ་ལྟར་ཤོད་དུ་བབས་ནས་ལྡུམ་རའི་ནང་བསྐྱོད་པ་ཡིན། སྐབས་དེར་ཐོག་མ་བློ་གཡེང་གི་བག་ཅུང་ཟད་ཡོད་ཀྱང༌། ཕྱི་རོལ་ཏུ་འཁོད་སྐབས་ནམ་མཁའ་སྔོ་སངས་མཐིང་ཞུན་ལྟར་དྭངས་ཤིང༌། ཤར་རིའི་ཕྲག་པར་མཚམས་སྤྲིན་དམར་སེར་ཅུང་ཟད་འཁྲིགས་པའི་དབྱིངས་ནས་རྟ་བདུན་བདག་པོའི་བཞིན་རས་གསལ་ལེར་འཚེར་བའི་འོད་སྣང་འབྲས་སྤུངས་ཀྱི་རྒྱབ་རི་དགེ་འཕེལ་རིར་སེར་ལྷག་གེར་ཐོག་མར་འཕྲོས་ཤིང༌། འོད་སྣང་དེ་དག་རིམ་བཞིན་རྒྱས་ཏེ་ནོར་གླིང་ལྷ་ཁང་དང༌། ཁང་བཟང་ཚོར་འཕྲོ་བཞིན་ཡོད་པ། སྐྱེད་ཚལ་གྱི་ཕྱོགས་ཀུན་དཔྱིད་དུས་ཀྱི་དཔལ་ཡོན་རྒྱས་པས་ཉམས་དགའ་བའི་ངང་ཚུལ་ནི། ས་གཞི་ཐམས་ཅད་རྩྭ་སྔོན་གྱི་མྱུ་གུ་རྒྱས་པའི་ནེའུ་གསིང་སྔོ་ལྗང་ནེ་ཙོའི་འདབ་གཤོག་བརྐྱངས་པ་འདྲ་བས་ལྗང་ཐིང་ངེར་ཁེབས་ཤིང༌། སྦྱར་ལྕང་དང༌། འབྲས་ལྡན་ཤིང་སྣའི་ལོ་འདབ་རྣམས་གསར་དུ་ཁ་འབུས་དོད་པ། དྭངས་པའི་ཆུ་རྫིང་ནང་འཚེ་བྲལ་ཞི་བདེར་སྤྱོད་པའི་ཉེའུ་ཆུང་དག་དང་ལྷན་ཅིག་རྩེན་པའི་པདྨ་རྣམས་ཀྱི་ལོ་འདབ་ཉི་འོད་ལ་ཕྱོགས་ཤིང་འདབ་བརྒྱ་དགོད་པ། བག་ཕེབས་འདབ་ཆགས་སྣ་ཚོགས་སྐད་སྙན་གྱི་གྲེ་འགྱུར་སྒྲོགས་པ་སོགས་དང༌། ངོས་ཤིང་ཕག་ལོ་ལ་སྐྱེས་ཤིང༌། སྤྱིར་བཏང་ཤིང་གི་མདོག་ལྗང་ཁུར་བརྟེན་ངོས་ཁམས་མཐུན་ཁ་དོག་ལྗང་ཁུ་ཡིན་པར་སྐར་རྩིས་པ་ཚོས་བརྗོད་པ་ལྟར། ཕོ་བྲང་ཡང་ཐོག་གི་དར་ལྕོག་ལྗང་ཁུ་དེ་རྣམས་ཀྱང་སྔ་དྲོའི་རླུང་བསིལ་བུས་ལྷབ་ལྷུབ་ཏུ་གཡོ་ཞིང་ཡོད་པ་སོགས་དཔྱིད་དུས་ཀྱི་སྔ་དྲོའི་མཛེས་སྡུག་མཐོང་བའི་ཚོར་བདེའི་ངང་དུ་སྐད་ཅིག་གིས་རང་ཞིར་སོང༌།

དེ་འདྲའི་ཉམས་དགའི་སྣང་བ་ཡུད་ཙམ་པ་དེ་ནི་མཐའ་མ་དེ་ཡིན་ཞིང༌། དེ་ནས་མི་རིང་བར་ལྕགས་རིའི་ཕྱི་ངོས་སུ་གློ་བུར་དུ་གྲགས་པའི་མི་མང་གི་སྐད་སྒྲ་ཟང་ཟིང་གིས་ཞི་བསིལ་ཉམས་དགའི་སྣང་བ་དེ་དག་སྐད་ཅིག་ལ་སྟོར། ངོས་ནས་ནན་གྱིས་ཉན་ཡང་བརྗོད་དོན་ཇི་ཡིན་ནི་ངེས་གསལ་གང་ཡང་གོ་ཐོས་མ་ཐུབ། མྱུར་དུ་ལས་བྱེད་རེ་ཟུང་ཕྱི་ལོགས་ཀྱི་གནས་ཚུལ་རྟོག་ཞིབ་ཏུ་བཏང་བར། ཁོང་ཚོ་དེ་འཕྲལ་ཕྱིར་ལོག་གིས་བརྗོད་གསལ། མི་ཚོགས་མང་པོ་ལྷ་སའི་གྲོང་ཁྱེར་ནང་ནས་འུར་ལངས་ཀྱིས་ཡོང་སྟེ་ཕོ་བྲང་མཐའ་བསྐོར་བ་ལྟ་བུ་ཡོད་པ་དང༌། སྐད་འབོད་དུ་ངོས་སྲུང་སྐྱོབ་དང༌། ངོས་རྒྱ་མིའི་སྡོད་སྒར་དུ་འགྲོ་རྒྱུར་བཀག་འགོག་ཆེད་ཡོང་ཚུལ་བརྗོད་ལུགས་ཟེར་གྱི་འདུག

ནོར་གླིང་ལྕགས་རི་དཀར་པོའི་ཕྱི་ནང་དུ་གློ་བུར་དུ་སེམས་ཁྲལ་དང༌། བློ་འཚབ་ཅན་གྱི་མི་མང་པོས་གང་སྟེ་ཟང་ཟིང་དུ་གྱུར། ད་དུང་གནས་ཚུལ་བརྗོད་མཁན་གྱི་བང་མི་ངོས་སར་འབྱོར་གྱི་འདུག ་མི་ཚོགས་ནི་གྲངས་འབོར་རྩིས་དཀའ་བར་འཛོམས་ཤིང༌། འགའ་ཤས་ནས་སྟོང་ཕྲག་སུམ་ཅུ་སྐོར་ཡོད་ལུགས་གླེང༌། གང་ལྟར་ཡང་མི་མང་ཚོ་ནི་དངངས་སྐྲག་དང༌། ཟང་ཟིང་གི་ངང་དུ་གནས་ཤིང༌། སྐད་འབོད་བྱེད་པ་ནི་རྒྱ་མིར་ཁོང་ཁྲོ་ལངས་པའི་འབོད་སྐད་རྒྱག་གི་ཡོད་པ་རེད། ཆུ་ཚོད་རེ་རེ་ནས་འདུ་ལོང་ཟིང་འཁྲུག་ཇེ་ཆེར་སོང༌། ངོས་རང་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པས་བཞེངས་པའི་ལྷ་ཁང་ཆུང་ངུ་དེའི་ནང་འཕྲིན་སྨོན་འདེབས་པར་བསྐྱོད་ཅིང༌། ལྷ་ཁང་དེར་སྤྱན་རས་གཟིགས་དྲག་པོའི་རྣམ་པར་སྟོན་པ་མགོན་པོ་ཕྱག་དྲུག་པ་གཟི་བྱིན་ཆེ་བ་ཞིག་ཡོད་པ་དེར་རྣམ་གྲྭ་བརྒྱད་ནས་རྒྱུན་དུ་མཆོད་བསྟོད་བྱེད་ཅིང་ཡོད།

སྔ་དྲོའི་ཆུ་ཚོད་དགུ་ཙམ་ཐོག་བཀའ་ཤག་གི་འཐུས་མི་བཤད་ཟུར་དང་སྣེའུ་ཤར་གཉིས་རྣམ་ཀུན་ལྟར་རྒྱ་མིའི་འཇིབ་འཁོར་ནང་ནོར་གླིང་དུ་ཡོང་འདུག རྒྱ་མིའི་མོ་ཌོར་ཁ་ལོ་པ་མཐོང་སྐབས་མི་མང་ཚོས་དངངས་སྐྲག་ཇེ་ཆེར་ཕྱིན་ཀྱང༌། བཀའ་བློན་གཉིས་མི་མང་གི་དཀྱིལ་ནས་ཕོ་བྲང་ནང་དུ་ཡོང་རྒྱུར་དཀའ་ངལ་ཆེར་བྱུང་མི་འདུག དེ་རྗེས་བཀའ་བློན་བསམ་ཕོར་རྒྱ་མིས་སྤྲད་པའི་ཁོང་རང་གི་མོ་ཌོར་ནང་ཁོང་དང༌། རྒྱ་མིའི་ལས་བྱེད་ཅིག་མཉམ་དུ་འབྱོར་བར་བརྟེན་མི་མང་ཚོ་ཟང་ཟིང་དུ་གྱུར། བསམ་ཕོ་ནི་ཉེ་ཆར་བཀའ་བློན་དུ་བསྐོས་པ་ཡིན་ཞིང༌། ཁོང་ནས་གྱོན་གོས་སེར་པོ་ཞིག་གྱོན་ཡོད་སྟབས། ཁོང་གཅིག་པུ་ཡིན་ན་རྒྱལ་སྒོའི་བར་ཐར་མདོག་ཁ་ཡང༌། མི་མང་ཚོའི་བསམ་པར་མོ་ཌོར་དེ་རྒྱ་མིའི་ཡིན་པ་དང༌། རྒྱ་མིའི་ལས་བྱེད་དེ་ངོས་འབོད་འཁྲིད་བྱེད་མཁན་ཡིན་པར་བསམ་སྟེ་མི་གཅིག་གིས་རྡོ་ཞིག་གཞུས་འཕྲལ་གཞན་དག་གིས་ཀྱང་རྡོ་མང་པོ་གཞུས། རྡོ་གཅིག་བསམ་ཕོའི་མགོ་བོར་ཕོག་སྟེ་དྲན་མེད་དུ་གྱུར། ཁོང་ཞབས་པད་དུ་ངོ་ཤེས་པ་མང་པོ་རང་མེད་ཚོད་ཀྱིས་མི་མང་གིས་སྐབས་དེར་ངོས་འཛིན་མ་ཐུབ་ཀྱང༌། ངའི་ལས་བྱེད་པ་ཞིག་ནས་མི་མང་གིས་ནོར་འཁྲུལ་བྱས་པ་ཤེས་མཚམས་མི་འགའ་ཤས་ཀྱིས་ཁོང་རྒྱ་གར་ཚོང་དོན་ཁང་གི་སྨན་ཁང་དུ་བསྐྱལ་འདུག

དེ་ནས་ཡུད་ཙམ་སོང་རྗེས། བཀའ་བློན་ཟུར་ཁང་པ་ཁོང་རང་གི་འཇིབ་འཁོར་ནང་ཕོ་བྲང་དུ་འབྱོར་ཡང༌། མི་མང་གིས་འགྲུལ་ལམ་བཀག་ཡོད་སྟབས་ཕོ་བྲང་གི་སྒོ་འགྲམ་བར་འཇིབ་འཁོར་ནང་ཡོང་མ་ཐུབ་པར་རྒྱང་ཙམ་ནས་འཇིབ་འཁོར་ནས་ཐོན་ཏེ་གོམ་བགྲོད་ཀྱིས་མི་མང་གི་དཀྱིལ་བརྒྱུད་ཡོང་སྟེ་སྒོ་འགྲམ་དུ་ཆེད་བཙུགས་དཔོན་རིགས་ནས་རོགས་རམ་གྱིས་ནང་དུ་འབྱོར་ཐུབ་པ་བྱུང༌།

གོང་གི་བཀའ་བློན་གསུམ་པོ་མི་མང་གི་ཁྲོད་དཀྱིལ་ནས་ཡོང་བར་བརྟེན་རྐྱེན་ངན་སེལ་ཐབས་འཕྲལ་དུ་བྱེད་དགོས་པར་བསམ་ཤིང༌། ཁོང་གསུམ་གྱི་བསམ་པར་མི་མང་གིས་རྒྱ་མིའི་ལས་ཁུངས་ངོ་མར་རྒོལ་འཛིངས་བྱས་མི་ཡོང་ངམ་སྙམ་པ་ཤར། དེ་ནས་བཀའ་ཤག་གི་འཐུས་མི་ང་ཕོད་ཡུད་ཙམ་བསྒུགས་ཀྱང་ཁོང་མ་ཡོང༌། ང་ཚོས་རྗེས་སུ་ཤེས་རྟོགས་ལ་ཁོང་གིས་ཕྲན་ཡང་རྒྱ་མིའི་སྡོད་སྒར་དེར་ཡོང་གི་ཡོད་ཤག་བྱས་ནས་རྒྱ་མིའི་སྡོད་སྒར་དེར་ཐད་བསྐྱོད་གནང་འདུག དེ་ནས་ཡང་བསྐྱར་ཕྱི་བསྐྱོད་བྱ་རྒྱུར་ཉེན་ཁ་ཡོད་པར་དྲན་ཚོད་འདུག གང་ཡིན་ཟེར་ན། ཁོང་ལ་རྒྱ་མིས་སྲུང་དམག་གཏོང་རྒྱུར་བརྟེན་གནས་ཚུལ་ཇི་ཡོང་མི་ཤེས་པ་ཞིག་རེད།

དེ་ནས་ཡུན་སྒུག་མ་ཐུབ་པར་ཁོང་གསུམ་ནས་སྤྱི་ཁྱབ་མཁན་པོ་དང་མཉམ་དུ་གྲོས་མོལ་གྱིས་ཁོ་བོའི་སར་སླེབས་འབྱོར་བྱུང་སྟེ་བརྗོད་གསལ། མི་མང་གིས་ཕྲན་རྒྱ་མིའི་སྡོད་སྒར་དུ་ཕྱིན་ན་ཉར་བཟུང་གིས་རྒྱ་ནག་ཏུ་འཁྲིད་ཉེན་ལ་རྒྱ་མིའི་དམག་སྒར་དུ་མི་གཏོང་བར་ཐག་གཅོད་བྱས་ལུགས་དང༌། མི་མང་གི་འགོ་འཁྲིད་པ་ཡང་དྲུག་ཅུ་བདུན་ཅུ་སྐོར་མི་མང་རང་ནས་འདེམས་བསྐོ་ཟིན་ལུགས། གལ་སྲིད་རྒྱ་མིས་ཕྲན་འབོད་འཁྲིད་བྱས་ན་ཕོ་བྲང་བསྐོར་སྲུང་གིས་བཀག་འགོག་བྱ་རྒྱུ་བཅས་བྱས་འདུག་པ་མི་མང་ཚོ་དྭོགས་འདྲོགས་ཆེན་པོས་སེམས་ཐག་གཙང་བཅད་ཟིན་པར་བརྟེན་ཕྲན་འགྲོ་རྒྱུ་དེ་དག་འོས་པོ་མེད་ཚུལ་བརྗོད་འདུག

བཀའ་ཤག་གི་འཐུས་མི་ཚོ་ངའི་སར་ཡོང་སྐབས་དེར་མི་མང་གིས། རྒྱ་མི་ཕྱིར་ལོག་འགྲོ་དགོས། བོད་ནི་བོད་མིའི་ཡིན། ཟེར་བ་སོགས་སྐད་འབོད་བྱེད་པ་ངས་ཀྱང་གོ་ཐོས་བྱུང་ཞིང༌། ཁོང་ཚོས་རྒྱ་མིའི་དབང་བསྒྱུར་མཚམས་འཇོག་དང༌། རྒྱ་མིས་ཏཱ་ལའི་བླ་མའི་དབང་ཆར་ཐེ་བྱུས་བྱེད་པ་མཚམས་འཇོག་དགོས་ལུགས་ཀྱི་རེ་འདོད་བྱས་པ་ཞིག་རེད། སྐད་སྒྲ་གོ་ཐོས་ཀྱིས་མི་མང་གི་རྣམ་འགྱུར་མཐོང་བ་སྙམ་བྱུང༌། ཁོ་བོ་ཡང་ཁོང་ཚོའི་རིགས་སུ་སྐྱེས་པ་ཞིག་ཡིན་སྟབས་ཁོང་ཚོའི་བསམ་ཚུལ་ལམ་ཙམ་ཤེས་རྟོགས་ཐུབ་ཅིང༌། སྐབས་དེར་མི་མང་གི་བསམ་ཚུལ་དེ་དག་བཟློག་ཐབས་མེད་པའི་ར་སྤྲོད་ལྟ་བུ་ཞིག་དེ་ཉིན་རང་བྱུང་བ་ནི། ཆབ་མདོ་འཕགས་པ་ལྷ་རིན་པོ་ཆེའི་སྐུ་མཆེད་ཡིན་པ་འཕགས་པ་ལྷའི་མཁན་ཆུང་ཟེར་བ་སེར་མོ་བའི་དཔོན་རིགས་ཤིག་མི་མང་ནས་རྡོ་རུབ་ཀྱིས་བསད། དེ་ཡང༌། མི་དེ་ཉིད་ཀྱིས་རྒྱ་དམག་དང་མཉམ་དུ་མཐུན་འབྲེལ་བྱེད་ཀྱི་ཡོད་པ་ལྷ་ཁུལ་མི་མང་པོས་ཤེས་ཀྱི་ཡོད་ཅིང༌། དེའི་སྔ་དྲོ་ཁོང་དྲུང་ཇའི་མཛད་སྒོར་སླེབས་ཡོད་པ་ཕྱིར་ལོག་གིས་སླར་ཡང་རྒྱུ་མཚན་གང་ལྟར་ཡང་ཆུ་ཚོད་བཅུ་གཅིག་ཙམ་ལ་ཁོང་ནས་རྒྱ་ཆས་ཕྱེད་ཙམ་སྤྲས་ཤིང༌། མིག་ཤེལ་ནག་པོ་གྱོན། རྒྱ་མི་མང་པོས་བྱེད་སྲོལ་ལྟར། ཁ་རས་དཀར་པོ་བཀབ། མེ་མདའ་ཞིག་བཏགས། རྐང་འཁོར་བཞོན་ཏེ་ནོར་གླིང་ཕྱོགས་ཡོང་བར་མི་མང་འགའ་ཤས་ནས་རྒྱ་མིས་ཆས་བརྫུས་གྱོན་ཏེ་ཡོང་བར་དྭོགས་ཤིང༌། འགའ་ཤས་ནས་ཁོང་གིས་རྒྱ་མིའི་ལས་ཁུངས་ནས་ལས་འགན་ཞིག་སྤྲད་འཁུར་ཡོད་པ་ཡིན་ནམ་སྙམ་པ་བྱུང་འདུག གང་ལྟར་ཡང་ཁོང་ཚོ་རྒྱ་མིར་མི་དགའ་བའི་ཁོང་ཁྲོ་དེ་དག་ཇེ་ཆེར་འབར་བའི་འབྲས་བུར་མི་དེའི་བྱེད་ཕྱོགས་ཀྱིས་རྐྱེན་བྱས་མི་གསོད་དེ་བྱུང་འདུག ་དེ་འདྲའི་སྤྱོད་ཚུལ་བྱུང་ཐོས་ལ་བློ་ཕམ་ཆེན་པོ་བྱུང་ཞིང༌། དེ་ལྟ་བུའི་གནས་ཚུལ་ལ་བརྟེན་ནས་ད་ལྟའི་ཆར་ཕྲན་རྒྱ་མིའི་དམག་སྒར་དུ་ལྟད་མོར་འགྲོ་ཐབས་མེད་པ་དང༌། རྒྱ་མིའི་ལས་བྱེད་ཀྱང་ནོར་གླིང་དུ་མ་ཡོང་ན་ལེགས་པ་ལས། མི་མང་ཁོང་ཁྲོ་ཇེ་སྡུག་ཏུ་འགྲོ་ཚུལ་སོགས་རྒྱ་མིའི་དམག་དཔོན་ལ་བརྗོད་ལེགས་བཀའ་ཤག་ལ་མོལ་མངགས་བྱས་ཤིང༌། ཕྲན་བློ་ཕམ་བྱུང་ཚུལ་གྱི་ལན་འཕྲིན་ཞིག་མགྲོན་ཆེ་ནས་རྒྱ་མིའི་སྐད་བསྒྱུར་ལ་ཁ་པར་ཐོག་ནས་ཀྱང་སྤྲད་པར་ཁོང་ནས་ངའི་བསམ་ཚུལ་དེ་དག་གང་ལེགས་ལ་ལན་འཕྲིན་དམག་དཔོན་ལ་སྤྲད་འཐུས་བརྗོདའདུག

དེ་དང་ཆབས་ཅིག་ཏུ། ཕོ་བྲང་མཐའ་བསྐོར་གྱིས་གནས་པའི་མི་མང་ཚོར་ཡང་ངོས་རྒྱ་མིའི་དམག་སྒར་དུ་འགྲོ་རུ་འཇུག་འདོད་མེད་ན་དེ་དོན་འགྲོ་རྒྱུ་མིན་ཚུལ་བརྗོད་དགོས་མངགས་པ་ཡིན། མི་མང་གིས་འདེམས་པའི་འགྲོ་འཁྲིད་ཚོར་བཀའ་བློན་ཟུར་ཁང་ནས་འབྲེལ་གཏུགས་ཀྱིས་ངོས་རྒྱ་མིའི་སར་འགྲོ་རྒྱུ་ཕྱིར་འཐེན་བྱས་ལུགས་དང༌། ཉིན་དགུང་མཚམས་རྒྱང་གྲགས་ཁ་པར་ཐོག་མི་མང་ལ་དེ་དོན་ཁྱབ་བསྒྲགས་བྱས་པ་གོ་ཐོས་བྱུང་འཕྲལ་ལྕགས་རིའི་ཕྱི་ལོགས་ཀྱི་མི་མང་ཚོས་དགའ་བོའི་རྣམ་འགྱུར་བསྟན་འདུག

ངས་བོད་མིའི་འགོ་འཁྲིད་ཡུད་ཙམ་བྱས་པའི་རིང་སྔ་དྲོ་དེའི་གནས་ཚུལ་ལྟ་བུ་བྱུང་མ་མྱོང༌། ཕྲན་ནི་འབར་ལ་ཁད་པའི་མེ་རི་གཉིས་ཀྱི་བར་ན་གནས་པ་ལྟ་བུར་གྱུར་ཞིང༌། ཕྱོགས་གཅིག་ན་རྒྱ་མིའི་གཞུང་ལ་ངོ་རྒོལ་སྒོ་ཀུན་ནས་བྱེད་པའི་མི་མང་གི་སྐད་སྒྲ་ཞིག་ཡོད་པ་དང༌། ཕྱོགས་གཅིག་ན་མཚོན་ཆའི་དཔུང་སྟོབས་ཆེ་བའི་རྒྱ་མིའི་དམག་དཔུང་རྣམས་ཡོད། གལ་སྲིད་དེ་གཉིས་རྩེ་ཐུག་ཏུ་གྱུར་ན་འབྲས་བུ་ཇི་འབྱུང་ཚང་མས་ཤེས་ཚོད་ལྟར། བོད་མི་མང་སྟོང་ཕྲག་མང་པོ་བསད་རྨས་ཡོང་རྒྱུ་དང༌། དབུས་གཙང༌། ལྷོ་དྭགས་རྒྱ་ཁྱབ་ཚང་མར་བཙན་གནོན་དང༌། མནར་གཅོད་བཟོད་ཐབས་དཀའ་བའི་དྲག་པོའི་དབང་བསྒྱུར་ཆ་ཚང་བ་ཞིག་མཐོང་གི་རེད། དེ་འདྲའི་འཕྲལ་རྐྱེན་ནི་ངོས་རྒྱ་མིའི་དམག་སྒར་དུ་འགྲོ་དགོས་མིན་དེ་ཡིན་ཅིང༌། དེའི་ནང་ཞི་བདེར་བསྒྱུར་བའི་ནུས་པ་ཡོད་པ་ཡང་ངོས་རང་གཅིག་པུའི་ཐོག་ཏུ་བབས་ཏེ། ངའི་མི་མང་གི་ཞེ་སྡང་ཇེ་ཆུང་དུ་གཏོང་བ་དང༌། རྒྱ་མི་ཁོང་ཁྲོ་ཆེ་རུ་མི་འགྲོ་བའི་ཐབས་ཤེས་གང་ཡོང་བྱེད་དགོས་པ་བྱུང༌།

ཁོ་བོའི་ཐོག་མའི་འཆར་སྒོར། ངོས་རྒྱ་མིའི་སྡོད་སྒར་དུ་མི་འགྲོ་བའི་ཁྱབ་བསྒྲགས་བྱས་པ་དེས་ཁོང་ཚོའི་སྐད་འབོད་འཇགས་ཏེ། རང་གནས་སུ་ལོག་རྒྱུའི་རེ་སེམས་བྱུང་ཡང༌། དེས་ཕན་ནུས་ལྡེངས་པ་མ་བྱུང༌། ངོས་དེ་ཉིན་མི་འགྲོ་བའི་ཁས་ལེན་བྱས་པ་ཙམ་གྱིས་མི་ཆོག་པར་མ་འོངས་པར་ཡང་རྒྱ་མིའི་སོྡད་སྒར་དུ་གདན་ཞུའི་རིགས་ལ་ནམ་ཡང་མི་འགྲོ་བའི་ཁས་ལེན་མ་བྱས་ན་ཁོང་ཚོ་ཕྱིར་ལོག་བྱེད་རྒྱུ་མིན་ཚུལ་འགོ་འཁྲིད་ཚོས་བརྗོད་ཀྱི་འདུག རྐྱེན་ངན་ཚབས་ཆེན་ཞིག་སེལ་ཐབས་སུ་རེ་འདོད་དེ་ཡང་ཁས་ལེན་བྱས་པ་ཡིན། དེ་ནས་འགོ་འཁྲིད་མང་བ་ཞིག་ལོག་ན་ཡང༌། མི་མང་ཕལ་ཆེ་བས་ཕོ་བྲང་ཕྱི་ལོགས་ནས་ཕྱིར་ལོག་བྱེད་ཀྱི་མི་འདུག

ཆུ་ཚོད་གཅིག་ཙམ་ལ་ངའི་བཀའ་བློན་གསུམ་དམག་དཔོན་ཐན་ཀོན་སན་སར་ཕྱིན་ཏེ་གནས་ལུགས་དེ་རྣམས་བརྗོད་རྒྱུ་བྱས་པ་ལྟར་བཀའ་བློན་རྣམས་ནོར་གླིང་གཞུང་སྒོའི་སྒོ་ནང་དུ་འབྱོར་སྐབས་རྒྱལ་སྒོའི་ཕྱིར་མི་མང་འབོར་ཆེན་ཞིག་བསྡད་དེ་སུ་ཡང་ཕྱི་བསྐྱོད་བྱེད་འཇུག་གི་མེད་ཅིང༌། མི་མང་རྣམས་ཀྱི་བསམ་པར་ཕྲན་ཡང་དེ་རྗེས་ཡོང་གི་མེད་དམ་སྙམ་པ་བྱུང་འདུག་དོན་བཀའ་བློན་རྣམས་ཀྱིས་མི་མང་ལ་ངོས་དེ་རིང་འགྲོ་རྒྱུ་མིན་པའི་སྐོར་རྒྱ་མིར་གནས་ལུགས་བརྗོད་པར་ཆེད་དུ་བཏང་ཚུལ་ཞིབ་བརྗོད་བྱས་པར། མི་མང་གིས་ཕྲན་རླངས་འཁོར་ནང་སྦས་འཁྲིད་བྱས་དྭོགས་ཀྱིས་རེ་རེ་བཞིན་ཞིབ་འཇུག་བྱས་ཤིང༌། ཡིད་དྭོགས་སངས་རྗེས་བཀའ་བློན་ཚོ་བཏང་འདུག སྒོ་འགྲམ་དུ་གླེང་མོལ་སྐབས་མི་མང་གི་འཐུས་མི་ཞིག་ནས་བརྗོད་གསལ། ངོས་རྒྱ་མིས་བཙན་འཁྲིད་བྱ་རྒྱུ་སྲུང་འགོག་གི་ཆེད་དུ་མི་མང་གི་ཁྲོད་ནས་སྲུང་དམག་འདེམས་བསྒྲུག་གིས་ཕོ་བྲང་མཐའ་སྐོར་འཇོག་རྒྱུ་གཏན་འཁེལ་ཡིན་ལུགས་བརྗོད་ཅིང། བཀའ་བློན་ཚོས་དེ་ལྟར་མ་དགོས་པའི་སློབ་སྟོན་ནན་ཏུ་བྱས་མོད་ཉན་འཇོག་ཡེ་ནས་མ་བྱས།

དེའི་ཕྱི་དྲོ་བཀའ་བློན་ཚོ་ཕྱིར་འཁོར་རྗེས་རྒྱ་མིའི་སར་གནས་ཚུལ་ཇི་བྱུང་ཕྲན་ལ་གླེང་མོལ་བྱུང་བར། ཁོང་ཚོ་འབྱོར་སྐབས་དམག་དཔོན་ཐན་ཀོན་སན་དེར་མེད་པར། རྒྱ་མིའི་དཔོན་རིགས་གཞན་དག་བཅུ་སྐོར་ནས་གླེང་མོལ་བྱེད་བཞིན་ཁོང་ཚོ་སྒུག་སྡོད་བྱས་ཡོད་འདུག ཁོང་ཚོ་མཉམ་དུ་ངའི་བཀའ་བློན་ང་ཕོད་རྣམ་ཀུན་རྒྱ་མིའི་ལས་ཁུངས་སུ་འགྲོ་བསྐྱོད་སྐབས་གྱོན་དགོས་པའི་རྒྱ་མིའི་དམག་ཆས་མ་གྱོན་པར་བོད་ཆས་གྱོན་ཏེ་མཉམ་དུ་ཡོད་འདུག་ཅིང༌། ཁོང་ཚོའི་གླེང་མོལ་ཁོངས་མེད་པ་ལྟ་བུས་བཀའ་བློན་ཚོ་འབྱོར་སྐབས་སྔར་མུས་རང་བབས་སུ་བཞུགས་པ་ལས། བཀའ་བློན་བྱིངས་ཚོ་མཉམ་དུ་བྱུང་མི་འདུག

དེ་ཉིན་གྱི་གནས་ཚུལ་ཇི་བྱུང་སྐོར་ཡུད་ཙམ་རིང་ཕན་ཚུན་སུས་ཀྱང་གླེང་སློང་མ་བྱས་ཤིང༌། རྒྱ་མིའི་དཔོན་རིགས་ཚོས་ཀྱང་སྣང་མེད་ལྟ་བུར་བཀའ་བློན་རྣམས་ལ་ཁམས་འདྲི་བྱས། དེ་ནས་དམག་དཔོན་ཐན་ཀོན་སན་འབྱོར་འཕྲལ་ཞི་བའི་རྣམ་པ་དེ་སྐད་ཅིག་དེ་ཉིད་ལ་འགྱུར་འདུག

དམག་དཔོན་ཁོང་དེར་ཡོང་སྐབས་ནས་ཁོང་ཁྲོ་ཆེན་པོ་ལངས་འདུག་ཅེས་བཀའ་བློན་རྣམས་ཀྱིས་རྗེས་སུ་གསུངས་བྱུང༌། ཁོང་དྲག་ཤུལ་ཆེ་བས་བཀའ་བློན་ཚོས་ལངས་ཏེ་གུས་ཚུལ་བྱས་འདུག སྐར་མ་འགའ་ཤས་རིང་ཁྲོ་རླུང་འཚུབ་སྟེ་དབུགས་འཚངས་པས་ཁོང་སྨྲ་བརྗོད་བྱེད་མ་ཐུབ་པར་བསྡད་ཅིང༌། བཀའ་བློན་ཚོར་ཁམས་འདྲི་བྱེད་རྒྱུའི་དྲི་ཙམ་ཡང་མེད་པའི་མུས་སུ་བཀའ་བློན་བགྲེས་པ་ཟུར་ཁང་ནས་གླེང་འགོ་བཙུགས་ཏེ་བརྗོད་གསལ། ཏཱ་ལའི་བླ་མ་ད་རིང་ཟློས་གར་གཟིགས་མོར་ཕེབས་མ་ཐུབ་པའི་གནས་ལུགས་དང༌། དགོངས་སེལ་བརྗོད་པར་ང་ཚོ་བཅར་ཞིང༌། ཏཱ་ལའི་བླ་མར་ཕེབས་འདོད་ཆེན་པོ་ཡོད་ཀྱང༌། མི་མང་གིས་ངོ་རྒོལ་ཤུགས་ཆེས་རྐྱེན་པས་འཐེན་དགོས་བྱུང་ལུགས་ཐོག བཀའ་བློན་གཞན་གཉིས་ནས་ཀྱང་རྒྱབ་སྐྱོར་འགྲེལ་བཤད་བྱས། གླེང་མོལ་རྣམས་སྐད་སྒྱུར་གྱིས་བསྒྱུར་ཟིན་མ་ཟིན་གྱི་མཚམས་དེ་མ་ཐག་དམག་དཔོན་ཁོང་ཁྲོ་རབ་ཏུ་འབར་ཏེ་མིག་རྩ་དང༌། བཞིན་མདངས་ཁྲག་མདོག་ལྟ་བུར་གྱུར་ཁར། རྐུབ་སྟེགས་ནས་ལངས་ཏེ་ཁང་པ་དེའི་ནང་ཡར་མར་རྐང་འཆག་བྱས་མཚམས་ཤིག་ནས་ཁོང་ཁྲོ་སྡུག་བསྲན་བྱས་པ་ལྟ་བུས་ཡང་བསྐྱར་མར་བསྡད་དེ་དལ་བུའི་ངང༌། བཀའ་བློན་ཚོ་དང༌། བོད་མི་ལོག་སྤྱོད་པ་ཚོར་སྐད་ཤུགས་དྲག་པོས་ཁ་བརྡུང་གཏོང་བའི་འགོ་བཙུགས།

ཁོང་ནས་ཁོང་ཁྲོའི་རྣམ་འགྱུར་འགོག་ཐབས་བྱེད་པར་མངོན་ཡང༌། རྒྱ་མི་རྣམས་རང་བཞིན་གྱིས་ཀླག་ཅོར་ཆེ་ཐོག། ཁོང་རླུང་གི་གཞན་དབང་དུ་སོང་བའི་དབང་གིས་སྐད་སྒྲ་ཇེ་ཆེ་དང༌། རྗོད་ཚིག་གང་རྩུབ་ཏུ་ཐོན་གྱི་ཡོད་པ་རེད། རྣམ་ཀུན་མི་དྲག་གི་ནང་བེད་སྤྱོད་མི་བྱེད་པའི་བརྗོད་ཚིག་སྡུག་པོ་མང་པོ་བཤད་འདུག བརྗོད་དོན་སྙིང་པོ་ནི་བོད་གཞུང་ནས་ལོག་ཏུ་མི་མང་སྒྲིག་འཛུགས་བཟོས་ཏེ་རྒྱ་མིའི་འགོ་བྱེད་ཚོར་ངོ་རྒོལ་བྱེད་བཅུག་པ་དང༌། ཁམས་པའི་ངོ་ལོག་པར་ཡང་རོགས་རམ་བྱས་ལུགས། བོད་ཀྱི་དཔོན་རིགས་ཚོས་ལྷ་ཡོད་ཁམས་པའི་མཚོན་ཆ་བསྡུ་འགོག་རྒྱ་མིའི་ངག་བཀོད་དང་ལེན་གྱིས་མ་བྱས་པར་ད་ཆ་རྒྱ་མིའི་དབང་བསྒྱུར་གནོན་རྒྱུའི་འཆར་རྩིས་སྡུག་པོ་རྒྱག་གི་ཡོད་ལུགས་སོགས་བརྗོད་ཅིང༌། དམག་དཔོན་གཞན་གཉིས་ནས་ཀྱང་དེ་དང་ཕྱོགས་མཐུན་ལྟ་བུ་བརྗོད་འདུག ། གཅིག་གིས་བརྗོད་གསལ། ལོག་སྤྱོད་པ་ཚང་མ་སྟོར་རྒྱུའི་དུས་ལ་བབས་ཡོད། ད་བར་ང་ཚོའི་གཞུང་ནས་བཟོད་སྒོམ་བྱས་ཡོད་ཀྱང༌། ད་ལམ་བྱེད་སྤྱོད་ནི་དངོས་སུ་ངོ་ལོག་བྱས་པར་བརྟེན་ང་ཚོས་གཡོ་འགུལ་བྱེད་རྒྱུར་ཁྱོད་ཚོ་གྲྭ་སྒྲིག་གིས་སྒུག་སྡོད་ཅིག་ཅེས་བརྗོད་འདུག

བརྗོད་བབས་དེ་དག་ལ་བཀའ་བློན་ཚོས་ད་ལམ་མི་མང་གི་ངོ་རྒོལ་འདི་དག་འཕྲལ་དུ་མཚམས་ཆོད་མ་བྱུང་ན་དྲག་གནོན་བྱེད་རྒྱུའི་ཐ་ཚིག་ལྟ་བུར་གོ་ཞིང༌། ཏཱ་ལའི་བླ་མའི་སྐུ་སྲོག་དང༌། རྩ་དོན་གང་ཅིར་ཉེན་ཁ་ཆེན་པོར་མཐོང་བ་དང༌། གལ་སྲིད་ཏཱ་ལའི་བླ་མར་ཉེས་སྐྱོན་བྱུང་ན་སྐབས་ཤིག་བོད་དུ་གང་ཡང་མ་ལྷག་པ་ཡོང་རྒྱུའི་བསམ་བློ་འཁོར་ཞིང༌། ཁོང་ཚོས་བཟོད་འཁུར་བྱེད་ཐབས་ཀྱིས་བཀའ་བློན་བགྲེས་པོ་བཤད་ཟུར་ནས་དམག་དཔོན་དེར་བརྗོད་གསལ། ཁྱེད་ཚོས་བོད་མི་དམངས་དཀྱུས་ཚོའི་གནས་ལུགས་ཤེས་རྟོགས་ཐུབ་པ་བྱེད་དགོས་ཤིང༌། བཟོད་སྒོམ་བྱེད་དགོས། ཛ་དྲག་གི་གནས་ལུགས་འདི་དག་ཁྱེད་ཚོས་ཇེ་སྡུག་ཏུ་གཏོང་མི་རུང༌། ཁམས་པའི་ཁྲིམས་འགལ་དང༌། བོད་མི་མང་གླེན་རྨོངས་ཚོས་རྒྱ་དམག་ལ་རྒོལ་འཛིངས་བྱེད་སེམས་འདི་དག་ཞི་འཇགས་ཡོང་རྒྱུར་བཀའ་ཤག་ནས་གང་ཐུབ་ཀྱིས་ཐབས་ཤེས་བྱས་འཐུས་ཞེས་ཁས་ལེན་བྱས་འདུག་ཀྱང༌། རྒྱ་མིའི་དམག་དཔོན་ཚོས་ཁས་ལེན་དང་སློབ་སྟོན་དེ་དག་དང་ལེན་བྱས་མི་འདུག ་ཁོང་ཚོ་བློ་སེམས་འཁྲུག་འཚབ་ཆེན་པོའི་ངང་དགོང་དྲོའི་ཆུ་ཚོད་ལྔ་ཙམ་ལ་ནོར་གླིང་དུ་ཕྱིར་ལོག་བྱས་ཤིང༌། སྐབས་དེར་མི་མང་བྱིངས་ཕྱིར་ལོག་ཟིན་ཡང༌། མི་འབོར་ཆེན་པོ་ཞིག་གིས་ཕོ་བྲང་གཞུང་སྒོ་འགོག་སྲུང་གིས་བསྡད་ཡོད། ང་ཚོས་རྗེས་སུ་ཤེས་རྟོགས་ལ་མི་མང་ཕྱིར་ལོག་བྱེད་མཁན་ཚོས་གྲོང་ཁྱེར་ཁྲོམ་ལམ་ནང་ཕྱིན་ཏེ་མི་མང་གི་ཚོགས་འདུ་བསྡུ་འགུགས་དང༌། རྒྱ་མིར་ངོ་རྒོལ་བྱེད་རྒྱུའི་གྲྭ་སྒྲིག་བྱས་ཡོད་པ་རེད། ཚོགས་འདུ་དེར་གྲོས་མཐུན་དོན་ཚན་བཅུ་བདུན་ལ་རྒྱ་མིས་བརྡལ་བཤིགས་བཏང་ལུགས་དང༌། རྒྱ་མི་ཕྱིར་ལོག་དགོས་ལུགས་བརྗོད་པ་དང༌། དེ་ཉིན་དགོང་མོའི་ཆུ་ཚོད་དྲུག་ཙམ་ཐོག་གཞུང་ཞབས་དམའ་རིམ་གཞོན་གྲས་མི་གྲངས་བདུན་ཅུ་སྐོར་དང༌། མི་མང་གིས་འདེམས་བསྒྲུགས་བྱས་པའི་འགོ་འཁྲིད་སྐུ་སྲུང་དམག་མིའི་འཐུས་མི་སོགས་ནས་ནོར་གླིང་ནང་ཚོགས་འདུ་ཞིག་བྱས་ཏེ་གྲོང་ཁྱེར་ལྷ་སའི་མི་མང་གིས་འབོད་བསྒྲགས་བྱས་དོན་ལ་བློ་མོས་རྒྱབ་སྐྱོར་བྱས་པ་དང༌། ཁོང་ཚོས་ཀྱང་ད་ཆ་བོད་མི་ནས་རྒྱ་མིའི་དབང་བསྒྱུར་ཁས་ལེན་མི་བྱེད་པའི་གསལ་བསྒྲགས་བྱས་འདུག དེ་རྗེས་སྐུ་སྲུང་དམག་མི་ཚོ་ནས་ཀྱང་ད་ཆ་རྒྱ་མིས་བཀའ་བཀོད་བརྩི་འཁུར་བྱེད་རྒྱུ་མིན་ཚུལ་དང༌། རྒྱ་མིས་གཡོགས་པའི་རྒྱ་ཆས་རྣམས་ཕུད་དེ་བོད་ཆས་གྱོན་རྒྱུ་བྱས། གནས་ཚུལ་དེ་རྣམས་གོ་ཐོས་རྗེས་ད་ལྟའི་གནས་ཚུལ་ཛ་དྲག་ཆེན་པོ་འདི་དག་ཇེ་སྡུག་ཏུ་མི་འགྲོ་བའི་བསམ་ཤེས་དང་བཟོད་འཁུར་ཐོག ་ཞི་འཇམ་ལྷིངས་མོལ་བྱ་དགོས་འགོ་འཁྲིད་ཚོར་བཀོད་མངགས་བྱས་པ་ཡིན་ཀྱང༌། སྐབས་དེར་མི་མང་ཁོང་ཁྲོ་དང༌། རྒྱ་མིའི་བྱེད་བབས་ལ་ཡིད་དྭོགས་ཤིན་ཏུ་ཆེ་བར་བརྟེན་ངོས་ཀྱི་སློབ་སྟོན་ལ་ཡང་ཕན་ནུས་མེད་པ་ལྟ་བུར་གྱུར། དེ་ཉིན་དགོང་དྲོ་དམག་དཔོན་ཐན་ཀོན་སན་ནས་ཕྲན་ལ་ཡི་གེ་ཞིག་བཏང་འབྱོར་བྱུང་ཞིང༌། དེ་ནི་ཟིང་འཁྲུག་འགོ་ཚུགས་ནས་བཟུང་ཡི་གེ་སྔ་རྗེས་གསུམ་གཏོང་རེས་བྱས་པའི་ཐོག་མ་དེ་ཡིན། བོད་དུ་ཟིང་འཁྲུག་རྗེས་ཡིག་ཆ་དེ་དག་རྒྱ་མིས་དྲིལ་བསྒྲགས་ལ་རྒྱབ་སྐྱོར་ཆེད་པར་འདེབས་ཀྱིས་འགྲེམས་བསྒྲགས་ཆེན་པོ་བྱས་ཏེ། ངོས་རྒྱ་མིའི་དམག་སྒར་ནང་སྐྱོབ་ཡིབ་ཆེད་དུ་འགྲོ་འདོད་ཡོད་ཀྱང༌། ལོག་སྤྱོད་པ་ཚོས་ནོར་གླིང་ནང་འཛིན་འགོག་བྱས་པ་དང༌། མཐར་ངའི་འདོད་བབས་མེད་བཞིན་ཡུལ་གྱི་ཕྱི་ལོགས་རྒྱ་གར་དུ་བཙན་འཁྲིད་བྱས་ལུགས་ཀྱི་ཁུངས་སྐྱེལ་ཐུབ་ཐབས་སུ་བེད་སྤྱོད་བྱས་པ་རེད། གནས་ཚུལ་འདི་དག་རྒྱ་མི་གུང་བྲན་ལ་དགའ་མོས་ཡོད་པའི་ཕྱི་རྒྱལ་གསར་ཤོག་འགའ་ཤས་ནང་བཀོད་ཐོན་བྱུང་བ་མ་ཟད། ལོ་གཅིག་ཙམ་གྱི་རྗེས་སུ་དབྱིན་ཇིའི་མཐོ་རིམ་མི་སྣ་ཞིག་གིས་གྲོས་ཚོགས་ནང་བརྗོད་པ་ཕྲན་ནས་གོ་ཐོས་ཀྱིས་ཧ་ལས་བྱུང༌། དེ་དག་ནི་བདེན་པའི་རྒྱབ་འགལ་ཞིག་ཡིན། ཡི་གེ་དེ་ལྟར་བྲི་བའི་དུས་སྐབས་དེའི་གནས་ཚུལ་དང༌། དེ་ལྟར་བྲི་དགོས་པའི་རྒྱུ་མཚན་རྣམས་འོག་ཏུ་བརྗོད་རྒྱུ་དང༌། འདིར་གསལ་པོར་བརྗོད་རྒྱུར། ལྷ་ས་ནས་ངོས་ཐོན་བསྐྱོད་སྐབས་ཕྲན་གྱི་རང་འདོད་ལྟར་ཐོན་པ་སྟེ ཐག་གཅོད་ཀྱང་རང་ངོས་ནས་བྱས་པ་ཡིན། ཐག་གཅོད་བྱེད་སྟངས་ནི་གནས་ཚུལ་ཤིན་ཏུ་འུ་ཐུག་ཅིག་གི་འོག་ཏུ་བྱས་པ་ལས། ངའི་ཞབས་འབྲིང་ཚོས་འཁྲིད་པ་མིན། ཕོ་བྲང་དུ་རྒྱ་མིས་མེ་སྒྱོགས་རྒྱག་རྩིས་ཡོད་པ་དང༌། དེ་རུ་བསྡད་ན་སྲོག་ཉེན་ཡོད་པ་ལྷ་སའི་མི་མང་ཚང་མས་མཐོང་བའི་འཕྲལ་རྐྱེན་དེ་མ་གཏོགས་སུས་ཀྱང་ཤུགས་འདེད་རྒྱག་མཁན་མེད།

དམག་དཔོན་དེའི་ཡི་གེ་དེ་དག་མཛའ་གྲོགས་ཀྱི་རྣམ་འགྱུར་ཆེན་པོའི་ཚུལ་དུ་བྲིས་འདུག་ཅིང༌། བཀའ་བློན་ཚོས་ཁོང་གི་རྣམ་འགྱུར་ངོ་མའི་གནས་ལུགས་བརྗོད་མེད་ན་ཡི་གེ་དེར་ངས་ཡིད་ཆེས་ཆེ་ཙམ་བྱེད་སྲིད། ཁོང་ནས་ཕྲན་གྱི་བདེ་འཇགས་སྐོར་བློ་གཡེང་ཆེ་བས་ཉེན་སྐྱོབ་ཆེད་ཁོང་ཚོའི་སྡོད་སྒར་དུ་ཡོང་དགོས་ཞེས་བརྗོད་འདུག

དུས་ཚེས་ནར་འགྱངས་ཤིག་ཐུབ་ན། དེས་ཕྱོགས་གཉིས་ཀའི་ཁོང་ཁྲོ་རིམ་ཞིར་འགྲོ་ཐབས་དང༌། ལྷ་སའི་མི་མང་ཞི་འཇམ་དུ་གནས་པ་ཞིག་ཡོང་རེས་ཁོང་གི་ཡི་གེ་ཚང་མར་ཡིག་ལན་བཏང་བ་ཡིན། ཁོང་གིས་བརྗོད་དོན་ལྟར། རང་གི་མི་མང་ས་ནས་རྒྱ་མིའི་སར་ཉེན་གཡོལ་བྱེད་རྒྱུ་དེ་ནི་བྱ་བའི་མཐའ་མ་ཞིག་ཡིན་པར་བསམ་བྱུང་ཞིང༌། འོན་ཀྱང་དེ་སོར་དམག་དཔོན་དེར་རྩུབ་མོའི་གླེང་རྩོད་བྱེད་རྒྱུར་སྙིང་པོ་མེད་ཅིང༌། དེ་ལྟར་མིན་པར་ཁོང་ཁྲོ་ལྷིངས་འཇགས་ཡོང་བའི་རེ་འདུན་གྱིས་ཡིག་ལན་འཇམ་པོ་གཏོང་རྩིས་བྱས་པ་ཡིན། བྱེད་ཐབས་དེ་ནི་ཁོང་གི་ཤ་ཞེན་དང་སློབ་སྟོན་གྱི་ཕྱི་ཚུལ་དེ་ལ་དགའ་བསུ་ཡོད་པའི་རྣམ་འགྱུར་བསྟན་ནས་མ་གཏོགས་ཡོང་ཐབས་མེད་པར་བརྟེན། ངའི་ཡིག་ལན་དང་པོའི་ནང༌། མི་མང་གིས་ལྟད་མོར་འགྲོ་རྒྱུར་བཀག་འགོག་བྱས་པ་དེར་ངོ་ཚ་ཁ་སྐྱེངས་ཇི་བྱུང་སྐོར་བརྗོད་པ་དང༌། གཉིས་པའི་ནང༌། ནོར་གླིང་མཐའ་སྐོར་གྱིས་གནས་སྡོད་མི་རྣམས་ཕྱིར་ལོག་དགོས་པའི་བཀོད་ཁྱབ་བྱས་ལུགས་དང༌། མི་མང་ནས་ཕྲན་གྱི་བདེ་འཇགས་སྲུང་སྐྱོབ་ཁ་འཁྱེར་གྱིས་རྒྱ་ནག་དང༌། ང་ཚོའི་གཞུང་གི་འབྲེལ་བ་གཏོར་བཤིགས་བྱས་ལུགས་ཁོང་གི་མཐོང་ཚུལ་ལྟར་ལ་མོས་མཐུན་བྱས་པ་ཡིན། ཡི་གེ་གསུམ་པའི་ནང༌། ཡར་ཐོན་བསམ་བློ་ཡོད་པ་དང༌། དེ་ལ་ངོ་རྒོལ་བྱེད་མི་གཉིས་དབྱེ་འབྱེད་བྱས་ཏེ་དེ་གར་ཡོང་ཐབས་བྱ་རྒྱུ་ཡིན་ལུགས་བརྗོད་པ་ཡིན།

གལ་ཏེ་སྐབས་དེར། ཡི་གེ་དེ་དག་གིས་རྗེས་སུ་ཁོ་བོ་རང་ལ་རྒོལ་གླེང་བྱེད་ཀྱི་རེད་སྙམ་པའི་བསམ་བློ་འཁོར་ཡོད་ན་ཡང༌། ཡི་གེ་དེ་ག་རང་མ་བྲིས་ཐབས་མེད་ཀྱི་དུས་སྐབས་ཤིག་ཡིན། གང་ཡིན་ཟེར་ན། མཚོན་ཆ་མེད་པའི་ངའི་མི་མང་དང༌། རྒྱ་མིའི་དཔུང་དམག་གདོང་ཐུག་འབྱུང་ཉེན་སེལ་དགོས་པའི་ལས་འགན་ཛ་དྲག་ཆེན་པོ་ཞིག་ཡོད།

ཟིང་འཁྲུག་གི་བྱ་བ་ངའི་འདོད་པར་མེད་སྟབས་མི་མང་ནས་ཟིང་འཁྲུག་གི་རྣམ་འགྱུར་བསྟན་པ་ཕྲན་གྱི་འདོད་པར་མ་བབས། མི་མང་ནས་ངོས་ལ་བོད་ཀྱི་སྲོག་སྙིང་ལྟ་བུར་ངོས་བཟུང་བརྩེ་ཞེན་འདི་ཙམ་བྱེད་པ་ལ་ངོ་མཚར་སྐྱེས། དེ་ཉིན་རྒྱ་མིར་མི་དགའ་བའི་རྒྱུ་མཚན་ཡང་དེ་རང་ཡིན་ཚོད། ངོས་བརྟན་སྲུང་གི་ཆེད་དུ་ཁོང་ཚོས་འདི་ཙམ་འགན་འཁུར་བྱས་པ་ལ་ངོས་ནས་བརྙས་འདོགས་བྱེད་རྒྱུ་དཀའ་ཞིང༌། ཁོང་ཚོའི་ཆོས་སྲིད་ཀྱི་འཚོ་བ་ཕལ་ཆེ་བ་ཞིག་ཏཱ་ལའི་བླ་མར་ཐུག་གི་ཡོད་པ་རེད། འོན་ཀྱང༌། ཁོང་ཚོའི་བསམ་པ་དཀར་ཡང༌། བྱེད་ཐབས་རྩུབ་པོའི་སྤྱོད་པ་མུ་མཐུད་ཀྱི་ལག་ལེན་བྱས་ན་རྐྱེན་ངན་སྡུག་པོ་ཞིག་ཡོང་རྒྱུར་ཕྲན་ལ་ཡིད་ཆེས་ཡོད་ཅིང༌། ངོས་གཞུང་གི་འགོ་འཛིན་ཞིག་ཡིན་སྟབས་ཁོང་ཚོའི་བསམ་སྤྱོད་བསྒྱུར་རྒྱུ་དང༌། རྒྱ་མིའི་དྲག་དཔུང་འོག་ཁོང་ཚོ་སྟོར་བཅོམ་ཐབས་རྡུགས་སུ་འགྲོ་རྒྱུ་འགོག་ཐབས་གང་ཡོང་བྱེད་འོས་ཤིང་དགོས་ལ། རྒྱུ་མཚན་འདི་འདྲར་བརྟེན་ངས་ཁོང་ཚོར་ཞི་འཇམ་དགོས་པའི་སློབ་སྟོན་བྱས་པ་ཡིན། དམག་དཔོན་དེར་ཡི་གེའི་ལན་དུ་ངེད་རང་གི་བསམ་ཚུལ་གནད་དོན་ངོ་མ་མ་བརྗོད་པ་དེར་འཐུས་འགྲིགས་བྱུང་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།

འོན་ཀྱང་ཉིན་རྗེས་མ་ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན་ལྷ་སའི་མི་མང་བཀག་འགོག་མི་ཐུབ་པའི་གནས་ཚུལ་ད་དུང་ཇེ་གསལ་དུ་འགྲོ་གི་འདུག དེ་ཉིན་ཁོང་ཚོས་ནོར་གླིང་ནང་བཀའ་ཤག་ཡིག་ཚང་གི་ཉེ་འགྲམ་དུ་སྲུང་དམག་དྲུག་བཙུགས་ཏེ་བཀའ་བློན་ཚོ་གང་བྱུང་ཕྱི་བསྐྱོད་མི་ཆོག་པའི་རྣམ་འགྱུར་བསྟན་ཅིང༌། བཀའ་ཤག་གིས་རྒྱ་མིར་གྲོས་བསྡུར་བྱས་ཏེ་རྒྱ་མི་བོད་ནས་ཕྱིར་ལོག་དགོས་ལུགས་མི་མང་གི་རེ་འདོད་དེ་དག་མ་འགྲུབ་པའི་དྭོགས་པ་བྱེད་ཀྱི་ཡོད་པ་རེད། བཀའ་ཤག་གི་ཛ་དྲག་ཚོགས་འདུ་ཞིག་ཚོགས་པ་དེར་བཀའ་བློན་དྲུག་ནས་བཞི་མ་གཏོགས་མེད། བསམ་ཕོ་རྨ་རྨས་མ་དྲག་ཅིང༌། ང་ཕོད་རྒྱ་མིའི་སྡོད་སྒར་ནས་ཕྱིར་ཐོན་མ་ཐུབ། ཁོང་བཞིས་མི་མང་གི་འགོ་འཁྲིད་ཚོ་འགུགས་འབོད་ཐོག་མི་མང་ཚོགས་འདུ་གྲོལ་གྱེས་ཡོང་བའི་ཐབས་ཤེས་བྱས་འདུག

ཚོགས་འདུ་དེ་སྐབས་མི་མང་གི་འགོ་འཁྲིད་ཚོ་ཕྲན་བུ་ཞི་འཇམ་དུ་སོང་སྟེ། མི་མང་རྣམས་ལ་ཕྱིར་ལོག་འགྲོ་དགོས་མོལ་ཁྱབ་ཞུས་འཐུས་བརྗོད་པ་དང༌། བསམ་ཕོ་རྨ་རྨས་བྱུང་བར་དགོངས་འགལ་མེད་པའི་ཐོག ་ཁོང་ལ་དགོངས་སེལ་མཚོན་བྱེད་ཅིག་ཀྱང་བཀའ་ཤག་བརྒྱུད་འབུལ་བསྐུར་ཞུས་འདུག་

སྐབས་དེར་ཁོང་ཚོའི་རྣམ་འགྱུར་ཕྲན་བུ་ཞི་འཇམ་དུ་ཕྱིན་ཡོད་སྟབས་མི་མང་གང་མགྱོགས་ཕྱིར་ལོག་དང༌། ང་དང༌། བཀའ་ཤག་ནས་མི་མང་གི་ངོ་རྒོལ་ཞི་འཇམ་དུ་འགྱུར་ཐབས་བྱས་པ་དེ་དག་འགྲུབ་པའི་རེ་བ་ཡོད་པ་ལྟ་བུ་རེད། ད་དུང་དམག་དཔོན་ནས་ངོས་དང༌། བཀའ་ཤག་ཏུ་ཡི་གེ་གཉིས་འབྱོར་ཞིང༌། བཀའ་ཤག་ཏུ་བཏང་ཡིག་དེས་ང་ཚོའི་ཐབས་ཤེས་ཅི་བྱས་རྣམས་ཆུད་ཟོས་སུ་ཕྱིན་པའི་བཟོ་ལྟ་མཐོང༌། ཡི་གེ་དེའི་ནང༌། མི་མང་ངོ་ལོག་པ་ཚོས་ལྷ་སའི་བྱང་བརྒྱུད་རྒྱ་ནག་ཏུ་འགྲོ་ལམ་ཁར་འཛིངས་ར་བཟོས་པ་དེ་དག་མེད་པ་བཟོ་དགོས་བཀའ་ཤག་ནས་བཀོད་ཁྱབ་དགོས་ཚུལ་དང༌། གལ་སྲིད་དེ་ལྟར་མ་བྱས་ན་ཛ་དྲག་གི་རྐྱེན་ངན་ཡོང་རྒྱུར་དེའི་འགན་ཁག་ཟུར་ཁང༌། བཤད་ཟུར། སྣེའུ་ཤག མགྲོན་ཆེ་བཅས་ནས་འཁུར་དགོས་ལུགས་བརྗོད་དཀོད་བྱས་འདུག

ཡང་བསྐྱར་བཀའ་ཤག་ནས་མི་མང་འགོ་འཁྲིད་ཚོ་འགུགས་འབོད་ཀྱིས་ལམ་ཁའི་འཛིངས་ར་ཕྱིར་འཐེན་བྱས་ན་ལེགས་པ་དང༌། དེ་ལྟར་བྱས་ན་རྒྱ་མིས་བཙན་གནོན་བྱེད་པའི་རྒྱུ་མཚན་རྙེད་དཀའ་ཡོང་ལུགས་སློབ་སྟོན་བྱས་ཀྱང༌། སློབ་སྟོན་དེའི་ནུས་པ་ནི་གོ་ལྡོག་ཏུ་གྱུར། མི་མང་འགོ་འཁྲིད་ཚོས་དེ་ལ་དང་ལེན་མ་བྱས་པར་བརྗོད་གསལ། དེ་ནི་གྲོང་ཁྱེར་ནང་རྒྱ་མིའི་དཔུང་བསྣོན་ཡོང་རྒྱུ་མཚམས་གཅོད་ཀྱིས་ནོར་གླིང་སྲུང་སྐྱོབ་ཆེད་ཡིན་ཞིང༌། གལ་སྲིད་རྒྱ་མིས་དེ་དག་ཕྱིར་འཐེན་བྱེད་དགོས་བརྗོད་བབས་ནི་ཕོ་བྲང་དུ་དཔུང་འཇུག་གིས་ཏཱ་ལའི་བླ་མ་འཛིན་བཟུང་བྱེད་རྩིས་ཡོད་ངེས་དང༌། ད་དུང་ཁོང་ཚོས་བརྗོད་གསལ། རྒྱ་མི་ནས་གཙུག་ལག་ཁང་གི་མདུན་ཐད་དུ་འཛིངས་ར་བཟོས་ཡོད་པ་དང༌། ཁོང་ཚོར་རྒྱབ་སྐྱོར་བྱེད་མཁན་ང་ཕོད་སོགས་བོད་མི་ཁག་གི་སྡོད་གནས་སུ་ཡང་དེ་དེ་བཞིན་བྱས་ཡོད་ལུགས། རྒྱ་མིས་ང་ཕོད་སོགས་སྲུང་སྐྱོབ་ཀྱི་ཆེད་དུ་དེ་ལྟར་བྱས་ཆོག་ན། ལྷ་སའི་མི་མང་གིས་ཕོ་བྲང་སྲུང་སྐྱོབ་བྱེད་པར་དགག་ཆ་ཡོང་དོན་ཇི་ཡིན། ཞེས་དྲི་བ་བླངས་པ་མ་གཏོགས། འགོ་འཁྲིད་ཚོས་དེ་མིན་ཉན་སེམས་གང་ཡང་བྱས་པ་མ་བྱུང༌། རྒྱ་མིའི་ཡི་གེ་དེའི་འབྲས་བུ་ངན་པ་གང་བྱུང་སྙམ་ན ངོས་སྲུང་སྐྱོབ་ཀྱི་བློ་གཡེང་ཇེ་ཆེར་ཕྱིན་ཏེ་མི་མང་ཕྱིར་སློག་བྱེད་རྒྱུ་དང༌།ལེན་མ་བྱས་ཤིང༌། མཉམ་ལས་དང་གོ་ཤེས་ཇེ་ཆུང་དུ་ཕྱིན་པ་དང༌། ཕོ་བྲང་སྲུང་སྐྱོབ་ནུས་ཤུགས་ཇེ་ཆེར་གཏོང་ཆེད་ཁོང་ཚོའི་འགོ་འཁྲིད་དྲུག་ཟུར་བསྐོ་བྱས་པའི་ཐོག། ཇི་ལྟར་བྱུང་ཡང་ཕོ་བྲང་སྲུང་སྐྱོབ་མཚམས་འཇོག་མི་བྱེད་པའི་གླེང་བསྒྲགས་བྱས་འདུག

གནས་ཚུལ་དེ་ལྟ་བུར་གྱུར་པ་དེ་ལ་ངོས་བློ་ཕམ་ཆེན་པོ་བྱུང་ཞིང༌། རྐྱེན་ངན་གྱི་ཕྱོགས་སུ་གོམ་བགྲོད་གཅིག་སྤོས་པའི་མཐོང་སྣང་བྱུང་བར་བརྟེན། མི་མང་འགོ་འཁྲིད་ཚོར་ངོས་རང་ངོ་གཏུགས་ཀྱིས་གླེང་མོལ་བྱེད་ཐག་བཅད་དེ་ཆེད་འབོད་བགྱིས་པར་མི་གྲངས་བདུན་ཅུ་སྐོར་སླེབས་འབྱོར་བྱུང་ཞིང༌། བཀའ་ཤག་དང༌། ལས་བྱེད་རྒན་པ་ཚོའི་མཐོང་ས་དེར་ཁོང་ཚོའི་རྩུབ་སྤྱོད་སྤོངས་འདོར་དགོས་པའི་བརྗོད་ནན་གང་ཡོང་དང་འབྲེལ། རྒྱ་མིའི་དམག་དཔོན་གྱི་གདན་ཞུ་དེ་དང་ལེན་མི་བྱེད་མཐུ་མེད་མ་བཟོས་པར། ངོས་ལ་གོ་བསྡུར་བྱས་ཡོད་པ་དང༌། གདན་ཞུའི་མགྲོན་བརྡ་མ་བྱུང་གོང་ངོས་ནས་ཁས་ལེན་བྱས་ལུགས། ངོས་ལ་རྒྱ་མིའི་ཕྱོགས་ནས་ཉེན་ཁ་བྱུང་དྭོགས་བློ་གཡེང་མེད་པ། མི་མང་ལ་རྐྱེན་ངན་ཚབས་ཆེན་ཡོང་བའི་ཆ་རྐྱེན་བཟོ་མི་རུང་བ་སོགས་བརྗོད་ཅིང༌། བརྗོད་དོན་དེ་ཚོར་ཁོང་ཚོ་འདོད་བབས་མི་འབྱུང་བ་ཤེས་ཀྱི་ཡོད་ཀྱང༌། ལྷ་སའི་ནང་གི་ཞི་བདེ་སྔར་གནས་ཡོང་བའི་རེ་འདུན་གྱིས་གནས་ལུགས་དེ་དག་བརྗོད་དགོས་པ་བྱུང༌།

མི་མང་ཚོས་ངོས་ཀྱི་སློབ་སྟོན་ལ་དྲི་རྩོད་ལན་འདེབས་གང་ཡང་མ་བྱས་པར་ཕྱིར་ལོག་གིས་ཕོ་བྲང་རྒྱལ་སྒོའི་ཕྱིར་ཁོང་ཚོ་ཚོགས་འཛོམས་སར། ངོས་ཀྱི་སློབ་སྟོན་དང་ལེན་བྱེད་དགོས་པར་མོས་མཐུན་བྱུང་ཡང༌། གལ་སྲིད་ཁོང་ཚོའི་སྲུང་སྐྱོབ་འཐེན་ན་ངོས་ཀྱི་གནས་ཚུལ་ཇིར་འགྱུར་སྐོར་རྩོད་གཞི་རིང་པོ་ཞིག་བཀོད་འདུག མཐར་ཁོང་ཚོས་ངའི་རེ་འདོད་དང་བསྟུན་ནས་ནོར་གླིང་ནང་ཚོགས་འདུ་ཚོགས་རྒྱུ་ཕྱིར་འཐེན་བྱས། དེ་རྗེས་ཕོ་བྲང་པོ་ཏཱ་ལའི་ཞོལ་དུ་ཁོང་ཚོ་ཚོགས་འཛོམས་ཀྱིས་གྲོས་མོལ་ཇི་བྱས་ངོས་དང༌། བཀའ་ཤག་ཏུ་སྙན་ཞུ་གཏོང་གི་ཡོད་པ་རེད། ཁོང་ཚོའི་སྙན་ཞུ་དེ་དག་ནང་གོང་དུ་གསལ་བསྒྲགས་བྱས་ཟིན་པའི་བརྗོད་དོན་ཁག་སྐྱར་དུ་བཀོད་དེ། ངོས་ཀྱི་སྲུང་སྐྱོབ་མུ་མཐུད་བྱེད་རྒྱུ་དང༌། རྒྱ་མི་ལྷ་ས་དང༌། བོད་ནས་ངེས་པར་ལོག་དགོས་པ། བོད་ཀྱི་གནས་ཚུལ་བོད་མིས་ཐག་གཅོད་བྱེད་དགོས་ལུགས་སོགས་བཀོད་ཡོད་པ་རེད།

ཉིན་རྗེས་མ་གཉིས་དེ་མུས་སུ་ཕྱིན་ཏེ། གནས་ཚུལ་དེ་དག་སྲ་མཁྲེགས་དང༌། དཀའ་ངལ་སེལ་མ་ཐུབ་པར་ལུས་ཤིང༌། དེ་མུར་ཡུན་གནས་ཡོང་ཐབས་མེད་སྟབས་ལེགས་ཉེས་གང་རུང་གི་མཐའ་གསལ་ཡོང་གཏན་ཡིན།

དམག་དཔོན་ཐན་ཀོན་སན་གྱི་མཐའ་མའི་ཡི་གེ་དེ་ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་འབྱོར་པར་གནས་ལན་དེ་ཉིན་རང་བཏང༌། རྗེས་སུ་རྒྱ་མིས་ཡི་གེ་དེ་གཉིས་ཀ་པར་འདེབས་བྱས་འདུག་ཀྱང༌། ཡིག་སྐོགས་དེ་གའི་ནང་ང་ཕོད་ཀྱིས་ངོས་ལ་བཏང་བའི་ཡི་གེ་ཞིག་ཡོད་པ་དེའི་སྐོར་གང་ཡང་བརྗོད་མི་འདུག ་ཛ་དྲག་གི་གནས་ཚུལ་འདི་དག་འགོ་ཚུགས་ནས་བཟུང་ང་ཕོད་བཀའ་ཤག་གི་ཚོགས་འདུར་ནམ་ཡང་ཡོང་ཐབས་མ་བྱུང༌། ཁོང་གི་ཡི་གེའི་ནང་ད་ཆ་ཞི་བདེ་ཡོང་བའི་གོ་སྐབས་མེད་པ་ལྟ་བུ་བྲིས་འདུག་ཅིང༌། ཁོང་གི་བསམ་འཆར་ལ་ལོག་སྤྱོད་པའི་འཆར་དོན་རྣམས་བསྟོར་བཤིགས་གཏོང་དགོས་པ་དང༌། མི་མང་གི་འགོ་འཁྲིད་ཚོར་འབྲེལ་ཐག་གཅོད་དགོས་པའི་བསྐུལ་མ་བྱས་བྱུང༌། ད་དུང་ཁོང་གིས་བརྗོད་གསལ། མི་མང་གིས་ངོས་ནོར་གླིང་ནས་འདོན་འཁྲིད་བྱ་རྒྱུའི་འཆར་གཞི་ངན་པ་ཡོད་ཚོད་བདེན་ཚེ་དེ་ནི་ཤིན་ཏུ་ཉེན་ཁ་ཆེན་པོ་རེད། ངོས་གཞན་བསྐྱོད་སྲུང་འགོག་ཆེད་རྒྱ་མིས་གྲྭ་སྒྲིག་སྲ་བརྟན་བྱས་ལུགས་དང༌། གལ་ཏེ་ངོས་བྲོས་བྱོལ་ཐུབ་པ་སྲིད་ན་ཡང༌། དེང་དུས་རྒྱལ་སྤྱིའི་གནས་ཚུལ་འདི་ལྟ་བུའི་ནང་ངོས་བོད་དུ་ཕྱིར་ལོག་ནམ་ཡང་མི་ཐུབ་ཅེས་དང༌། ཁོང་ནས་གལ་སྲིད་མི་མང་གིས་མ་ཉན་ན་ངོས་དང༌། སྐུ་སྲུང་བློས་འཁེལ་བ་འགའ་ཤས་ལྕགས་རི་ནང་མའི་ནང་བཞུགས་ཏེ་བཞུགས་ཡུལ་ས་གནས་གང་ཡིན་དམག་དཔོན་ཐན་ཀོན་སན་ལ་ངེས་གསལ་གསུངས་ན་དེ་ལ་སྐྱོན་འགྱུར་མི་ཡོང་བ་ཁོང་ཚོས་བྱེད་རྩིས་ཡོད་ལུགས་ཞེས་བཀོད་འདུག

ང་ཚོའི་བསམ་ཚོད་ལྟར་རྒྱ་མིས་ཕོ་བྲང་དང་མི་མང་སྟོར་རྩིས་ཡོད་པ་དང༌། ཐབས་ཤེས་ཐུབ་ན་ངོས་སྲོག་སྐྱོན་མ་བྱུང་བ་བྱེད་འདོད་ཡོད་པ་ང་ཕོད་ཀྱི་ས་ནས་ཤེས་པ་རེད།

ཁོང་གིས་བཀའ་ཤག་ཏུ་བཏང་བའི་ཡིག་བརྗོད་ཀྱང་ཕྱོགས་མཐུན་ལྟ་བུར། ལྷ་རབ་མི་མང་ཚོ་ཕོ་བྲང་ནས་ཕྱིར་ལོག་གམ། མ་མཐར་ལྕགས་རིའི་ཕྱི་ལོགས་སུ་འབུད་ཐབས་དགོས་ཚུལ་བྲིས་ཡོད་འདུག ་ཁོང་གིས་དཀའ་ངལ་ཇི་ཡོད་ཤེས་ཀྱི་ཡོད་ལུགས་དང༌། གལ་སྲིད་མི་མང་ཕོ་བྲང་ནས་ཕྱིར་སློག་མ་ཐུབ་ཚེ་ངོས་བརྟན་སྲུང་ཆེད་ཕོ་བྲང་ནས་རྒྱ་མིའི་སྒར་དུ་འཁྲིད་ཐབས་དགོས་ལུགས་བརྗོད་ཅིང༌། ད་ལྟའི་ཆར་ངོས་ཕོ་བྲང་གི་ས་ཕྱོགས་གང་དུ་བསྡད་མིན་གྱི་ས་ཁྲ་ཞིག་གཏོང་དགོས་ལུགས་བརྗོད་འདུག

དམག་དཔོན་གྱི་ཡིག་ལན་རྡོ་དོན་གོང་འཁོད་ལྟར་དང༌། ཕོ་བྲང་དང་མི་མང་ལ་དྲག་གནོན་བྱེད་པ་འགོག་ཐབས་ནི་ཁོང་གི་འདོད་པ་བསྟུན་རྒྱུ་དེ་རང་མ་གཏོགས་མེད་པ་ལྟ་བུར་མཐོང་ཞིང༌། ངོས་སྡོད་གནས་གང་དུ་ཡོད་མེད་སྐོར་གང་ཡང་བརྗོད་པ་མེད། ངའི་བསམ་པར་བརྗོད་བབས་དེ་དངོས་འབྲེལ་ཡིན་ན་ངོས་ཀྱི་སྡོད་གནས་གར་ཡོད་ངེས་གཏན་མ་ཤེས་པར་ཁོང་ཚོས་དྲག་སྤྱོད་མི་བྱེད་པའི་རེ་བ་བྱུང༌། ང་ཚོས་གསལ་པོ་བརྗོད་ན། ནོར་གླིང་གྱང་གོག་ཏུ་གཏོང་རྒྱུ་དང༌། མི་སྲོག་སྟོང་ཕྲག་མང་པོ་རྩ་བརླག་ཏུ་གཏོང་གཏན་ལ་བརྟེན་ཐབས་ཤེས་གཞན་ཞིག་ལ་གང་མགྱོགས་རྒྱ་མིའི་སྡོད་སྒར་དུ་ཡོང་གི་ཡིན་ལུགས་བརྗོད་པ་ཡིན། དེ་ལྟར་དངོས་སུ་འགྲོ་རྒྱུའི་འཆར་རྩིས་མེད་ཀྱང༌། གནས་ཚུལ་དེས་ཁོང་ཚོའི་དྲག་སྤྱོད་དུས་འགྱངས་འགྲོ་བ་དང༌། མི་མང་ཕྱིར་ལོག་བྱེད་པའི་དུས་སྐབས་ཤིག་བྱུང་ན་སྙམ་ཞིང༌། དེ་ནི་ངས་ཁོང་ལ་ཡི་གེ་བཏང་བའི་མཐའ་མ་དེ་ཡིན།

དེ་ནས་ཕོ་བྲང་གི་ཉེ་སྐོར་དུ་ཛ་དྲག་གི་རྣམ་འགྱུར་ཆེན་པོ་ཡོད་པ་དང༌། ལྕགས་རི་ནང་མའི་ཕྱི་ལོགས་སུ་ཁོང་ཁྲོ་དང༌། དངངས་སྐྲག་ཅན་གྱི་མི་མང་འབོར་ཆེ་བསྡད་ཅིང༌། ཕལ་ཆེ་བས་གྲི་དབྱུག་སོགས་གང་བྱུང་གི་མཚོན་ཆ་འཁྱེར་བ་དང༌། ཁོང་ཚོའི་ཁྲོད་དམག་མི་དང༌། ཁམས་པ་གང་འཚམས་ཡོད་པ་ཚོར་མེ་མདའ་དང༌། འཕྲུལ་མདའ་ཆེ་བའི་རིགས་བཅུ་སྐོར་ཙམ་ཡོད། གལ་ཏེ་ཐད་ཀར་དངོས་སུ་ལག་འཛིངས་ལྟ་བུ་བྱུང་ན་བོད་མི་གཅིག་དང༌། རྒྱ་མི་བཅུ་གཉིས་ཙམ་དོ་མཉམ་ཡོང་གི་རེད། གནས་ཚུལ་དེའི་ར་སྤྲོད་ནི་ཉེ་ཆར་ཤར་ཕྱོགས་ཀྱི་ས་ཁུལ་ཁག་ཏུ་བྱུང་ཡོད་འདུག འོན་ཀྱང་རྒྱ་མིའི་གོ་མཚོན་ནུས་པ་ཆེན་པོ་དེ་དག་གི་མདུན་སར་དཔའ་བོ་ལག་རྡུམ་ལྟར་བོད་མིའི་དཔའ་རྩལ་སྙིང་པོ་མེད་པར་གྱུར། བོད་མི་ཚོ་ལ་ངོས་སྲུང་སྐྱོབ་བྱེད་རྒྱུའི་སེམས་ཤུགས་ཁོ་ན་ལས་དམག་འཐབ་ནུས་པའི་གོ་མཚོན་གང་ཡང་ཡོད་པ་མ་རེད།

འོན་ཀྱང་ཕོ་བྲང་ལྕགས་རི་ནང་མའི་ཕོ་བྲང་གི་ཉེ་སོར་དུ་ཞི་འཇམ་སྔར་མུས་གནས་པ་ལྟ་བུ་ལས། ཟིང་འཁྲུག་ཡོང་བའི་མཚོན་རྟགས་གང་ཡང་མེད། ལྡུམ་རའི་མཛེས་སྡུག་སྔར་རྒྱུན་བཞིན་ཐོག རྨ་བྱ་དག་ཀྱང་མིའི་ཛ་དྲག་གི་སྤྱོད་ཚུལ་མ་རྟོགས་པར་རང་གི་སྒྲོ་གཤོག་བརྐྱངས་ཏེ་བག་ཕེབས་སུ་སྒེག་འགྲོས་ཀྱིས་རྒྱུ་བ་དང༌། སྤུ་སྡུག་མངོན་པར་བཀྲ་བའི་འདབ་ཆགས་གཞན་རྣམས་ཀྱང་ལྗོན་ཤིང་གཅིག་ནས་གཅིག་ཏུ་འཕུར་ལྡིང་རྩེ་ཞིང༌། བྲག་རིའི་བཟོ་བཀོད་མཛེས་པའི་ལྡུམ་རའི་ངོགས་ནས་གྱ་གྱུར་འབབ་ཅིང་དབུ་བའི་ཟེགས་མ་འཐོར་བའི་འབབ་ཆུའི་ལྷུང་ལྷུང་གི་སྒྲ་དང་ཁོང་ཚོའི་སྐད་སྙན་གྲེ་འགྱུར་གྱི་རོལ་མོ་ལྷན་ཅིག་སྒྲོག་གི་ཡོད་པ་རེད། མི་ལ་འདྲིས་ཤིང་དགའ་བའི་ཤྭ་བ་དང༌། རྫིང་བུའི་ནང་གི་ཉ་རིགས། ངང་པ། ཁྲུང་ཁྲུང་སོགས་ནི་སྔར་བཞིན་བག་ཕེབས་ཞི་འཇམ་དུ་གནས། སྐུ་སྲུང་དམག་མི་ཚོ་ཁག་གཅིག་གིས་དམག་ཆས་ཕུད་དེ་མེ་ཏོག་དང༌། ནིའུ་གསིང་ལ་ཆུ་འདྲེན་བཞིན་པ་སོགས་དུས་རབས་མང་པོའི་རིང་བོད་མི་ཚོས་ཆོས་ཀྱི་ལམ་བརྒྱུད་ཐར་པའི་རང་དབང་སྒྲུབ་པའི་རྣམ་པ་དེ་ག་རང་དུ་བསྡད་ཡོད།

ཕྱི་ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་ཞི་འཇམ་བདེ་སྐྱིད་ཅན་གྱི་ས་གནས་དེ་རྒྱ་མིས་སྟོར་རྒྱུའི་གྲྭ་སྒྲིག་བྱེད་ཀྱི་ཡོད་པའི་གསར་འགྱུར་མི་མང་གིས་བཀའ་ཤག་ཏུ་བརྗོད་ཅིང༌། དེ་ནས་ངོས་ཀྱིས་གོ་ཐོས་བྱུང་དོན་དུ། རྒྱ་མིས་ལྷ་སའི་གྲོང་ཁྱེར་དང༌། ལྷག་པར་དུ་ནོར་གླིང་ལ་མེ་སྒྱོགས་ཀྱི་རྒྱང་སོའི་ཚད་སྒྲིག་བྱེད་ཀྱི་ཡོད་ལུགས་དང༌། ལྷ་སའི་ཤར་ཕྱོགས་མེ་ལེ་བརྒྱད་སར་གློག་ཁང་གསར་རྒྱག་བྱེད་ཡུལ་གྱི་ལས་མི་ཞིག་ནས་བརྗོད་གསལ། རྣམ་ཀུན་དེ་ཁུལ་རི་སྟེང་དུ་འཇོག་པའི་མེ་སྒྱོགས་བཞི་དང༌། མེ་ཤིན་གྷན་གྱི་རིགས་ཉི་ཤུ་རྩ་བརྒྱད་དང༌། དམག་མི་འབོར་ཆེན་བཅས་ཚེས་བཅུ་བཞིའི་ནུབ་མོ་རླངས་འཁོར་ཆེ་གྲས་ཀྱི་ནང་ལྷ་སར་གསང་བསྐྱོད་བྱས་ལུགས། ཡང་ལྷ་སའི་ཤར་ཕྱོགས་འབྲོམ་སྟོད་ས་ཁུལ་གྱི་ལས་བྱེད་པ་ནས་ཀྱང༌། ལྕི་བའི་མེ་མདའི་རིགས་ཉི་ཤུ་ཙམ་ལྷ་སའི་གྲོང་ཁྱེར་ཕྱོགས་བཏང་ཚུལ་བརྗོད་འདུག ་ཚེས་བཅུ་གསུམ་ནུབ་མོ་དང༌། ཡང་བསྐྱར་ཚེས་བཅུ་བཞིའི་ནུབ་མོར་རྒྱ་མིའི་རླངས་འཁོར་ཆེ་གྲས་གཉིས་ཀྱི་ནང་དམག་མི་གསུམ་རེས་ཚད་ལེན་གྱི་ཡོ་ཆས་འཁྱེར་ཏེ་ནོར་གླིང་ཕོ་བྲང་བྱང་སྒོའི་ཉེ་འགྲམ་དུ་འབྱོར་བ་དང༌། ཁོང་ཚོས་མི་མང་གིས་ཞིབ་རྟོག་བྱེད་པ་མཐོང་འཕྲལ་མྱུར་དུ་ཕྱིར་ལོག་བྱས། མི་མང་ཚོའི་བསམ་པར་ཕོ་བྲང་ལ་མེ་སྒྱོགས་ཆེན་པོའི་རིགས་ཚད་འབེབས་བྱེད་ཀྱི་ཡོད་པར་བསམས་ཤིང༌། དེ་ནུབ་རྒྱ་མིའི་རླངས་འཁོར་ཆེ་གྲས་གསར་པ་བརྒྱ་སྐོར་ཞིག་དལ་བུས་ཕོ་བྲང་ཉེ་འགྲམ་བརྒྱུད་རྒྱ་མིའི་སྡོད་སྒར་དུ་ཕྱིན་པ་མཐོང་འདུག ཕྱི་ཉིན་སྔ་དྲོ་རྒྱ་མི་ཞི་ཆས་གྱོན་པ་བཅོ་ལྔ་ཉི་ཤུ་སྐོར་ནས་ལྕགས་སྐུད་ཀ་བའི་ཐོག་འཛེགས་ཏེ་བཟོ་བཅོས་བྱེད་ཁུལ་བྱེད་བཞིན་ཡོད་པ་དེར་ཡང་མི་མང་ནས་ཁོང་ཚོས་ཚད་ལེན་བསྐྱར་སྣོན་བྱེད་ཀྱི་ཡོད་པར་བསམ་འདུག ང་ཚོའི་མི་མང་ནས་མེ་མདའ་ཆེ་རིགས་དེ་གྲས་ཀྱི་གནས་ལུགས་ཇི་བཞིན་ཤེས་ཀྱི་མེད་སྟབས་ཁོང་ཚོའི་བསམ་ཚུལ་ནོར་འཁྲུལ་བྱུང་སྲིད་ན་ཡང༌། གང་ལྟར་ཡིད་ཆེས་དེ་འདྲ་ཞིག་བྱེད་ཀྱི་ཡོད་པ་རེད།

ཁོང་ཚོས་བསམ་ཚུལ་དེ་ལྟར་ཡོད་པའི་ཁར། རྒྱ་ནག་ནས་གནམ་ཐོག་དམག་མི་མང་པོ་འབྱོར་ཚུལ་གྱི་དཀྲོག་གཏམ་ཡང་ཡོད་འདུག ཚེས་བཅུ་དྲུག་དགོང་དྲོ་རྒྱ་མིས་ཕོ་བྲང་ལ་མེ་སྒྱོགས་ངེས་པར་རྒྱག་རྩིས་ཡོད་པའི་མཐོང་སྣང་བྱུང་ཞིང༌། ནམ་ཞིག་གློ་བུར་གྱི་ཉེན་ཁ་ཞིག་ཡོང་རྒྱུར་མི་མང་གིས་ཡིད་ཆེས་བྱུང་སྟེ་བསམ་བླཱུའི་ནང་དངངས་ཚབས་ཆེན་པོ་བྱུང་ན་ཡང་ཕོ་བྲང་དང༌། ངོས་བློས་གཏོང་གི་ཡོད་པ་མ་རེད། དབང་ཆ་ཡོད་པའི་མི་ཚང་མས་ཁོང་ཚོར་སློབ་སྟོན་ཇི་ལྟར་བྱས་ཀྱང་རྒྱ་མིར་ཁོང་ཁྲོ་འགོག་ཐབས་མེད་པ་ལྟ་བུར་གྱུར། དེ་དུས་མི་མང་དང༌། བཀའ་བློན་ཚོ། ངོས་རང་བཅས་ཀྱང་བསུན་གཙེར་ཆེ་བས་ངལ་གསོའི་དུས་སྐབས་ཇི་བཞིན་མ་བྱུང༌།

ཕྱི་ཉིན་སྔ་དྲོ་འུར་ཟིང་གི་གཏམ་གླེང་མ་འཇགས་པའི་ཁར། སྟོར་བཅོམ་གྱི་ཉེན་ཁ་ད་དུང་བསྡད་ཡོད་པ་རེད། ངོས་དང༌། བཀའ་ཤག་གི་མཐོང་ཚུལ་ལ་གནས་ཚུལ་དེ་དག་འུ་ཐུག་ཐབས་ཟད་ལྟ་བུར་སྣང་ཞིང༌། ང་ཚོས་གྲོས་ཚོགས་ཤིག་བྱས་པར་གོ་བསྡུར་བྱ་རྒྱུའི་གནད་དོན་ནི་ཕོ་བྲང་སྟོར་བཅོམ་འགོག་ཐབས་དང༌། མི་མང་སྟོང་ཕྲག་མང་པོ་དེ་དག་སྲོག་སྐྱོབ་བྱེད་ཐབས་ཇི་ཡོད་ཀྱི་དོན་གནད་གཅིག་པུ་དེ་ལས་མེད་ཅིང༌། གྲོས་ཐག་གཅོད་ཐབས་ཀྱང་གཅིག་ལས་མེད་པ་དེ་ནི་བཀའ་ཤག་ནས་མི་མང་རྣམས་ཞི་འཇགས་ཕྱིར་ལོག་འགྲོ་ཐབས་མ་འགྲུབ་པར་ཁོང་ཚོར་དྲག་གནོན་སྲོག་སྐྱོན་མི་འབྱུང་བར་ངང་སྒུག་ཡོང་བ་ཞེས་རྒྱ་མིའི་དམག་དཔོན་ལ་ཞུ་བསྐུལ་བྱེད་རྒྱུ་དེ་རང་རེད། དེར་བརྟེན་བཀའ་ཤག་ནས་དེ་འཕྲལ་ང་ཕོད་ལ་ཡི་གེ་བཏང་བའི་ནང༌། མི་མང་རྣམས་ཁོང་ཁྲོའི་གཞན་དབང་དུ་གྱུར་ཏེ་གླེན་རྟགས་ཀྱི་བྱ་སྤྱོད་དུ་ཞུགས་ཀྱང༌། ད་དུང་ཁོང་ཚོ་ཞི་འཇམ་ཕྱིར་ལོག་ཏུ་འགྲོ་རྒྱུའི་རེ་བ་མེད་པ་མིན། ངོས་རྒྱ་མིའི་སྡོད་སྒར་དུ་འགྲོ་རྒྱུའི་སྐོར་ང་ཕོད་ནས་ཀྱང་གྲོགས་རམ་བྱེད་དགོས་ཤིང་མི་མང་ནས་ཕོ་བྲང་མཐའ་བསྐོར་བྱས་ཡོད་སྟབས་དེ་ལ་དཀའ་ཚེགས་ཆེན་པོ་ཡོད་རུང༌། ང་ཚོས་ཀྱང་འབད་བརྩོན་གང་ཐུབ་བྱེད་རྒྱུ་ཡིན་ལུགས་ཞེས་བརྗོད་པ་དང༌། ཡི་གེ་དེ་དང་མཉམ་དུ་གསང་ཚིག་གི་ཡི་གེ་ཞིག་བསྐུར་ཏེ་ང་ཕོད་ནས་གནས་ལན་གཏོང་སྐབས་དེ་ལ་བེད་སྤྱོད་དགོས་པ་ལས། ཕོ་བྲང་ཉེ་སྐོར་མི་མང་ནས་ཡི་གེར་རྟོག་ཞིབ་བྱེད་ཀྱི་ཡོད་ལུགས་བརྗོད་འདུག ཡི་གེ་དེ་ལྟར་གཏོང་བའི་རྒྱུ་མཚན་ནི་རྒྱ་མིའི་དམག་དཔོན་ཁོང་སེམས་ཅུང་ཟད་དགའ་ལྷོད་དུ་འགྱུར་ཆེད་ཡིན་པ་ལས། དོན་ལ་ངོས་རྒྱ་མིའི་སྡོད་སྒར་དུ་འགྲོ་ཐུབ་ཐབས་གཏན་ནས་མེད། གལ་ཏེ་ངའི་མི་མང་སྲོག་སྐྱོན་དུ་གཏོང་རྒྱུ་འགོག་ཐབས་སུ་དོན་ཕན་ཡོང་གི་ཡོད་ན་ངོས་ནས་རྒྱ་མིའི་སར་ཕྱིན་ཏེ་དགོངས་སེལ་ཞུ་སྲིད་ཀྱི་རེད།

འོན་ཀྱང་མི་མང་ནས་ངོས་དེ་ལྟར་བྱེད་དུ་ནམ་ཡང་མི་འཇུག ་མི་མང་ནས་ཡི་གེར་ཞིབ་རྟོག་བྱེད་པ་དང༌། ལས་བྱེད་པ་འགྲུལ་བཞུད་བཀག་སྡོམ་བྱེད་བཞིན་ཡོད་སྟབས་ཡི་གེ་དེ་ལྟར་གཏོང་བ་ལ་དཀའ་ཚེགས་ཆེན་པོ་ཡོད་ཀྱང༌། བཀའ་བློན་བཤད་ཟུར་གྱི་ཟླ་གྲས་ཤིག་གྲོང་ཁྱེར་ནང་ཉོ་ཆའི་ཆེད་དུ་ཡིན་ཚུལ་བསྐྱོད་ཐར་གྱིས་ང་ཕོད་ལ་ཡི་གེ་འཕྲོད་དེ་གནས་ལན་ཡང་འཁྱེར་ཡོད་པ་རེད། གནས་ལན་དེ་ནི་འབྱོར་ལན་ཙམ་ཞིག་ཡིན་ཅིང༌། ངོས་རྒྱ་མིའི་སྡོད་སྒར་དུ་འགྲོ་རྒྱུའི་བཀའ་ཤག་གི་བསམ་ཚུལ་དེར་དགའ་བོ་བྱུང་ཚུལ་དང༌། ཞིབ་ལན་རྗེས་སྤེལ་བྱས་འཐུས་གསལ་ཡོད་ཀྱང༌། ཞིབ་ལན་ནི་ལས་ཀ་ཐལ་ཆ་ཚང་མ་ཟིན་རྗེས་མ་གཏོགས་མ་བྱུང་ཚོད་རེད། དེ་ཉིན་དགོང་དྲོ་ཆུ་ཚོད་བཞི་པ་ཙམ་གྱི་དུས་སྐབས་སུ་ང་ཕོད་ཀྱི་གནས་ལན་དེ་སྐོར་བཀའ་ཤག་དང་ང་ཚོ་གོ་བསྡུར་སྐབས་རྒྱ་མིའི་རླངས་འཁོར་བབས་ཚུགས་སྡོད་སྒར་གྱི་ཉེ་སྐོར་ནས་མེ་སྒྱོགས་གཉིས་ཀྱི་སྒྲ་སྐད་ཐོས་ཤིང༌། ཕོ་བྲང་བྱང་སྒོའི་ཕྱི་ངོས་ཀྱི་ཆུ་འདམ་ནང་སྒྱོགས་མདེལ་བབས་ལྷུངས་བྱུང་འདུག

མེ་སྒྱོགས་དེ་གཉིས་ཀྱི་སྒྲ་སྐད་ལ་བརྟེན་ནས་མི་མང་གི་ཁོང་ཁྲོ་དང༌། འཇིགས་དངངས་ཀྱི་མཐོ་ཚད་རྩེ་མོར་སོན། དེ་ལྟར་འཕེན་པའི་རྒྱུ་མཚན་གང་ཡང་བརྗོད་ཤེས་མ་བྱུང་མོད། འོན་ཏེ་སྒྲ་སྐད་གོ་ཐོས་བྱུང་མཁན་ཚོས་ཚུར་རྒོལ་འགོ་འཛུགས་དང༌། ཕོ་བྲང་འབེན་དུ་བཞག་པ་རེད་སྙམ་པ་མ་གཏོགས་གང་ཡང་བསམ་གྱི་མེད་འདུག ཕོ་བྲང་ནང་གི་མི་ཚོ་ཡང་ཉེན་ཁའི་མཐར་གཏུགས་པའི་ངེས་རྙེད་བྱུང་སྟེ་ད་ཆ་དུས་སྐབས་ཅུང་ཟད་ཀྱང་ཆུད་ཟོས་མིན་པར་ཛ་དྲག་གི་ཐབས་ཤེས་བྱེད་དགོས་པར་བསམས་ན་ཡང༌། ཇི་ལྟར་བྱེད་དགོས་པ་ནི་སུས་ཀྱང་ཐག་གཅོད་མ་ཐུབ།

དེའི་ལན་འདེབས་དང༌། ཐག་གཅོད་བྱེད་པའི་ལས་འགན་ཁོ་བོ་གཅིག་པོར་ཡོད་ན་ཡང༌། སྲིད་ལུགས་འཕོ་འགྱུར་ཆགས་འཇིག་དང༌། འཇིག་རྟེན་བྱ་གཞག་འདི་རིགས་ལ་ཉམས་མྱོང་གང་ཡང་མེད་སྟབས་དཀའ་ངལ་ཆེན་པོ་བྱུང༌། རྒྱ་མིའི་ཚུར་རྒོལ་འོག་ཚུད་པ་དང༌། རང་ཉིད་འཆི་བ་ལ་འཇིགས་སྣང་དེ་ཙམ་མ་བྱུང་ཞིང༌། དེ་ནི་སྐྱེས་པའི་མཐའ་མར་འཆི་རྒྱུ་དང༌། དེ་ཡང་བསྟན་འགྲོའི་དོན་ཆེན་ཞིག་ཏུ་འཆི་བ་ལ་མི་འདོད་པ་སྐྱེ་དོན་མེད་ཅིང༌། ཁོ་བོ་ཅག་སྲིད་པའི་རྒྱ་མཚོ་འདིར་སྐྱེ་ཤི་གྲངས་མེད་པ་བྱས་ཡོད་དེ། འདི་འདྲའི་དོན་ཆེན་སླད་ཤི་བ་དཀོན་ཞིང༌། བླུན་རྨོངས་ཅི་ཡང་མི་ཤེས་པའི་བྱིས་པ་འགས་ཀྱང་རང་གི་ལུང་པའི་དོན་དུ་ལུས་སྲོག་འདོར་བར་བྱེད་ན་འདི་ཕྱི་ཁས་ལེན་ཅིང༌། ལས་འབྲས་བསླུ་མེད་ཤེས་པར་རློམས་པའི་མི་དག་ཆོས་མེད་རྐྱང་མིན་པར་ལུགས་གཉིས་ཟུང་འབྲེལ་གྱི་བསྟན་འགྲོའི་སླད་དུ་འཆི་བར་ཅི་ནོངས་སྙམ་པ་བྱུང༌། འོན་ཏེ་ངའི་བསམ་ཚུལ་དེ་གཞུང་གི་དཔོན་རིགས་དང༌། མི་མང་གི་འདོད་ཚུལ་དང་མི་མཐུན་པ་ཤེས་ཐུབ། ཁོང་ཚོས་ཏཱ་ལའི་བླ་མའི་སྐུ་སྲོག་ནི་ཤིན་ཏུ་རྩ་ཆེར་འཛིན་པ་དང༌། ཏཱ་ལའི་བླ་མ་ནི་བོད་ཀྱི་མཚོན་རྟགས་སམ། བོད་མིའི་སྲོག་ཤིང་ལྟ་བུར་ངོས་འཛིན་གྱིས་དེ་ལས་གཅེས་སྲུང་ཆེ་བ་བྱེད་ཡུལ་གཞན་མེད་པ་ལྟ་བུ་བྱེད། ཁོང་ཚོའི་བསམ་པར། གལ་སྲིད་ངའི་ལུས་སྲོག་རྒྱ་མིའི་མཚོན་འོག་ཏུ་ཆུད་ཟོས་ཕྱིན་ན་བོད་ཀྱི་སྲོག་ཀྱང་ཆད་པར་ཡིད་ཆེས་བྱེད་པ་རེད།

དེར་བརྟེན་འཆི་བའི་ཐ་ཚིག་ལྟ་བུའི་རྒྱ་མིའི་མེ་མདའི་སྒྲ་སྐད་དེ་དག་ཐོས་འཕྲལ་ཕོ་བྲང་ནང་འཁོད་གཞུང་ཞབས་ལས་བྱེད་པ་དང༌། ཉེ་སྐོར་མི་མང་ཚང་མའི་བསམ་བློའི་ཐོག་མར། ངོས་ཀྱི་སྲོག་སྐྱོབ་ངེས་པར་བྱེད་དགོས་པ་དང༌། ཕོ་བྲང་ནས་བྱོལ་ཏེ་ལྷ་སའི་གྲོང་ཁྱེར་འཇོག་དགོས་པར་བསམས། དེ་ལྟ་ན་ཡང༌། དེ་འདྲའི་ཐག་གཅོད་བྱེད་པ་ནི་དོན་གནད་ཆུང་ངུ་ཞིག་མིན་ཅིང༌། མ་འོངས་པའི་བོད་ཀྱི་གནད་དོན་དེ་ལ་ཐུག་ཡོད་སྟབས་དོན་གནད་ཤིན་ཏུ་ཆེན་པོ་ཞིག་ཡིན། ལར་ནས་ང་ཕོད་ཀྱིས་བྲོས་བྱོལ་མི་ཐུབ་ཚུལ་བརྗོད་པ་ལྟར་བྲོས་བྱོལ་ཐུབ་མིན་ཡང་ངེས་པ་མེད་ལ། གལ་ཏེ་ལྷ་ས་ནས་བྲོས་བྱོལ་ཐུབ་པ་ཡིན་ན་འགྲོ་ཡུལ་གང་དུ་ཡོད། བོད་མཐའ་མཚམས་ཀྱི་ས་གནས་ཤིག་བརྟན་སྲུང་ཐུབ་བམ། ཡང་ན་ཕྱི་རྒྱལ་ཞིག་ཏུ་སྐྱབས་བཅོལ་གང་ནས་ཐོབ། གལ་སྲིད་ངོས་ཕྱིན་ན་རྒྱ་མིས་རྩ་ཆེའི་གྲོང་ཁྱེར་དེ་སྟོར་བཅོམ་དང༌། མི་མང་དམར་གསོད་གཏོང་རྒྱུ་ཡིན་ནམ། ཡང་ན། ངོས་ཕྱིན་པ་ཐོས་ན་མི་མང་རྣམས་ཁ་འཐོར་དུ་ཕྱིན་ཏེ་གང་འཚམས་ཤིག་ལ་སྲོག་སྐྱོབ་ཐུབ་ཀྱི་ཨེ་ཡོད། དེ་ལྟ་བུའི་ལན་འདེབས་ཐག་གཅོད་དཀའ་བའི་དྲི་དོན་མང་པོས་ཀླད་པར་ལྗིད་ནོན་ཆེན་པོ་བྱུང༌། མི་ཚང་མར་རྒྱ་མིས་མི་གསོད་སྟོར་བཅོམ་འགོ་འཛུགས་མ་བྱས་གོང་ངོས་ཀྱི་སྲོག་སྐྱོབ་ཇི་ལྟར་བྱ་སྙམ་པའི་དངངས་འཚབས་ཙམ་ལས། དེ་མིན་བྱ་བྱེད་ཀྱི་བློ་གདེང་ངེས་གཏན་གང་ཡང་མེད་པའི་གནས་སུ་སླེབས། གལ་སྲིད་ངས་བསྡད་པ་ཡིན་ན་མི་མང་དང༌། ཉེ་བའི་མཛའ་གྲོགས་ཚོའི་བློ་གཡེང་ཇེ་སྡུག་ཏུ་འགྲོ་རྒྱུར་བརྟེན་དོན་དམ་གྱི་འཇིགས་པ་ཐབས་གཞན་གང་ཡང་མེད་པས་མི་བསླུ་བའི་སྐྱབས་ནི་དཀོན་མཆོག་རིན་པོ་ཆེ་རྣམ་གསུམ་འདི་གཅིག་པུ་ལས་མེད་པ་ལྟར་བདེན་པ་ལས་འབྲས་ལ་བདར་ནས་དཀོན་མཆོག་ལ་གསོལ་བ་བཏབ་སྟེ་འགྲོ་རྒྱུར་ཐག་གཅོད་བྱས་པ་ཡིན། ལམ་སྟོན་ཡོང་བའི་སྨོན་ལམ་ཇི་བཏབ་བརྗོད་དགོས་པ་མེད་ཀྱང༌། མིག་འཕྲུལ་ལམ། སྒྱུ་མ་ལྟ་བུའི་བྱ་བ་དེ་ལྟར་འགྲུབ་ཐུབ་པ་བྱུང༌།

སྐབས་དེར་གང་དུ་འགྲོ་བ་དང༌། ག་རུ་སླེབས་ང་ཚོས་ཁ་ཚོན་གཅོད་མི་ཐུབ་ཀྱང་ཚང་མས་ང་དང་མཉམ་དུ་ཡོང་འདོད་བྱེད་ཀྱི་འདུག ཡོངས་འཛིན་རྣམ་གཉིས་དང༌། བཀའ་བློན་བཞི། གམ་བཅར་ལས་བྱེད་སྐུ་སྲུང༌། ནང་མི་ཉེ་ལྟོས་ཉེ་འཁོར་ན་ཡོད་པ་ཅི་རིགས་བཅས་ཡོད། སྐྱེད་མ་ནོར་གླིང་དུ་ཟིང་ལངས་སྐབས་ཕེབས་ཤིང༌། མཉམ་དུ་གཅུང་པོ་ཆུང་ཤོས་དེ་འཁྲིད་གནང་འདུག ཁོང་ནི་གོང་དུ་སྨྲོས་པའི་བུ་ལོ་གཉིས་སོན་པ་ཞིག་གྲོངས་ཏེ་ཡང་བསྐྱར་སྐྱེས་པར་ངོས་འཛིན་པ་དེ་རེད། སྐུ་སྲུང་མདའ་དཔོན་གྱི་མདུན་གྲོགས་ངོས་ཀྱི་གཅེན་མོ་ཡང་ཡོད། གཅེན་པོ་གཉིས་ཨ་རི་དང༌། གཅིག་རྒྱ་གར་དུ་ཡོད། གཅུང་མོ་ཞིག་རྡོར་གླིང་སློབ་གྲྭར་ཡོད། དེ་ལྟར་ལྟོས་འཁོར་ཆེན་པོ་ཡོད་ཅིང༌། ད་དུང་གྲོགས་ཟླ་དེ་བས་མང་ཙམ་དགོས་པ་བྱུང་ཡང༌། གནད་དོན་དེ་དག་རྒྱ་མིའི་ཕྱོགས་ཙམ་དུ་མ་ཟད། ཕོ་བྲང་ཕྱི་རོལ་གྱི་མི་མང་ཚོ་ལ་ཡང་གསང་རྒྱ་བྱེད་དགོས་པ་བྱུང༌། མི་མང་ཁྲོད་དུ་རྒྱ་མིའི་སོ་ཉུལ་བ་ཡོད་པའི་དྭོགས་པ་མི་ཚང་མར་ཡོད་པའི་ཁར། གལ་ཏེ་མི་མང་ནས་ངོས་བསྐྱོད་པ་ཤེས་རྟོགས་བྱུང་ན་སྲུང་སྐྱོབ་ཀྱི་དོན་དུ་མི་སྟོང་ཕྲག་མང་པོ་ངེས་པར་མཉམ་འུར་གྱིས་ཡོང་སྲིད་ཅིང༌། དེ་ལྟར་བྱུང་ན་རྒྱ་མིས་ཚོར་ཏེ་སྟོར་གསོད་ཚབས་ཆེན་འབྱུང་ཉེན་ཡོད།

ངོས་དང༌། བཀའ་བློན་ཚོས་མི་མང་གི་འགོ་འཁྲིད་ཚོར་གོ་བསྡུར་བྱས་པར་ཁོང་ཚོས་རང་ཉིད་འདེམས་འཛུགས་བྱེད་མཁན་གྱི་མི་མང་ལ་ཁྱབ་བསྒྲགས་མི་རུང་བའི་གནད་གསལ་པོར་མཐོང་སྟེ་ཁོང་ཚོས་ང་ཚོར་རུས་ཞེན་གཏིང་ཕྱིན་པའི་ཕན་གྲོགས་ཟབ་ནན་བྱས་བྱུང༌། ངོས་ནས་ཉིན་རྗེས་མར་ཁོང་ཚོར་སྤྲོད་རྒྱུའི་ཡི་གེ་ཞིག་བྲིས་ཏེ་ནོར་གླིང་དུ་མངགས་འཇོག་བྱས་པའི་ནང་དོན་སྙིང་པོར། ཚུར་རྒོལ་མ་བྱུང་ཕྱིན་ཕར་རྒོལ་དཀྲོག་རྐྱེན་མ་བྱེད་ཅེས་དང༌། ངོས་ཉེན་འགན་གྲོལ་བའི་ས་ཁུལ་དུ་འབྱོར་འཁོད་མཚམས་ཞིབ་ཆའི་གནས་ཚུལ་སྤེལ་འཐུས་ཞེས་བརྗོད་ཡོད།

ང་ཚོར་ཉེར་མཁོ་དགོས་ངེས་ཉུང་ཤས་ལས། དེ་མིན་དངོས་ཆས་བསྡོགས་པའི་གོ་སྐབས་མེད། སང་ཉིན་ནམ་མ་ལངས་གོང་ལྷ་ས་ནས་བར་ཐག་རིང་པོས་ཆོད་ཐུབ་པ་དགོས། བཀའ་བློན་ཚོས་བཀའ་ཤག་དང༌། ཡིག་ཚང་གི་དམ་ཕྲུག་དང༌། ནོར་གླིང་དུ་ཡོད་པའི་ཡིག་ཆ་ཕྲན་བུ་འཁྱེར་ཡོད་ཅིང༌། དེ་མིན་གཞུང་གི་ཡིག་ཆ་མང་བ་བཀའ་ཤག་དང༌། པོ་ཏཱ་ལའི་ནང་ཡོད་པ་དེ་རྣམས་འཁྱེར་ཐབས་མ་བྱུང༌། ང་ཚོ་སྒེར་གྱི་རྒྱུ་ནོར་ཡོངས་རྫོགས་བཞག ངོས་ནས་བརྗེ་ལེན་བྱེད་རྒྱུའི་གྲྭ་ཆས་རེ་ཟུང་ལས་མཉམ་འཁྱེར་མ་ཐུབ། པོ་ཏཱ་ལའི་གན་མཛོད་ནང༌། མི་ཐོག་རིམ་བརྒྱུད་དུ་བཞག་པ་རིན་ཐང་བྲལ་བའི་ཆོས་སྲིད་ཀྱི་ནོར་རྫས་རིགས་ལེན་པའི་གོ་སྐབས་མ་བྱུང༌།

ཁོ་བོ་ཅག་གིས་ཚོ་ཁག་ཆུང་ངུ་བཟོས་ཏེ་འགྲོ་རྒྱུ་བྱས། ཐོག་མར་སྐྱིད་ཆུ་བརྒལ་དགོས། གཙང་པོའི་བྱང་ཕྱོགས་སུ་ནོར་གླིང་དང༌། རྒྱ་མིའི་སྡོད་སྒར་ཡས་མས་ས་ཁད་ཉེ་བས་ལྷོ་ཕྱོགས་སུ་མ་གཏོགས་ཐར་རེ་མེད།

དགོན་པ་ཞིག་གི་སྤྱི་མཛོད་ཅིག་ང་ཚོ་མཉམ་དུ་ཡོད་པ་ཁོང་གཙང་པོའི་ཕ་རོལ་ཏུ་བཞོན་རྟ་དང༌། ཟླ་བོ་གྲ་སྒྲིག་གི་ཆེད་དུ་བཏང༌། དགྲ་ཞི་དམག་སྒར་གྱི་མདའ་དཔོན་རྡོ་རྗེ་དགྲ་འདུལ་ནས་བོད་དམག་བརྒྱ་སྐོར་ཞིག་འཁྲིད་དེ་ནོར་གླིང་གི་ལྷོ་ཤར་ས་གནས་གཙང་ཆུ་བརྒལ་བགྲོད་བདེ་བའི་ས་ཕྱོགས་སུ་སྔོན་ཐོན་བྱས། འཆར་དོན་འདིའི་ཐོག་མའི་ཆར་ཡང་གནས་ཚུལ་སྡུག་པོ་ཞིག་འབྱུང་ཉེན་བྱུང་འདུག ་ཁོང་ཚོས་མལ་ལེ་ཕྱེད་ཙམ་གྱི་ས་ལས་མ་བགྲོད་པར་རྒྱ་དམག་འགའ་ཤས་ས་གནས་དེ་རང་དུ་འགྲོ་བ་མཐོང་འཕྲལ་མེ་མདེལ་ལྔ་ཙམ་འཕངས་འདུག་ཅིང༌། དེ་ནི་གློ་བུར་གྱི་བསམ་སྤྱོད་ཅིག་ཡིན་པ་དེ་གས་སྲུང་སྐྱོབ་ཐུབ། རྒྱ་མིས་གཙང་པོའི་ཉེ་སྐོར་དུ་གོ་མཚོན་ཅན་གྱི་ཁམས་དམག་ཡོད་པ་ཤེས་ཀྱི་ཡོད་པ་དང༌། མུན་ནག་ནང་ཚོ་ཁག་དེ་དག་རིགས་ཇི་ཡིན་དང༌། ཆེ་ཆུང་ཇི་བཞིན་མ་རྟོགས་པར་རྒྱ་མི་ཚོས་ཉེ་འགྲམ་གྱི་རང་སྒར་དུ་ཕྱིར་ལོག་བྱས་ཚོད་འདུག།

གྲྭ་སྒྲིག་ལེགས་པར་ཟིན་རྗེས་ཁོ་བོ་མགོན་ཁང་དུ་མཇལ་བསྐྱོད་དུ་ཕྱིན་པ་ཡིན་ཅིང༌། རྣམ་ཀུན་ཕྱོགས་ཐོན་བྱེད་ཁར་ལྷ་ཁང་དེར་མཇལ་བསྐྱོད་བྱེད་ཀྱི་ཡོད། དེའི་ནང་རྣམ་གྲྭ་ཚོས་མཆོད་འབུལ་སྔར་རྒྱུན་ལྟར་བྱེད་བཞིན་འདུག ་ཁོང་ཚོས་གནད་དོན་ཇི་ཡིན་ཤེས་ཀྱི་མེད་པ་དང༌། ངོས་ནས་འགྲོ་རྒྱུའི་མཚོན་རྟགས་ལྟ་བུའི་སྙན་ཤལ་ཞིག་སེམས་འཕྲེང་བཞིན་པར་ཕུལ་བ་ཡིན། བྱེད་སྟངས་དེའི་རྒྱུ་མཚན་ཇི་ཡིན་ཁོང་ཚོར་ཐེ་ཚོམ་ཙམ་ཡོང་བ་ལས། གཞན་གྱི་རྣམ་འགྱུར་གང་ཡང་མི་ཐོན་པའི་རེ་བ་ཡོད།

ལྷ་ཁང་ནས་ཕྱིར་ཐོན་སྐབས་སྤྱི་ཁྱབ་མཁན་པོ་དང༌། མགྲོན་ཆེ། སྐུ་སྲུང་མདའ་དཔོན་བཅས་ཐུག་འཕྲད་བྱུང༌། སྤྱི་མཁན་དང༌། མགྲོན་ཆེ་གཉིས་ནས་མི་དཀྱུས་མའི་ཆས་གོས་གྱོན་ཡོད་པ་དེ་ནི་ཕྱི་བསྐྱོད་སྐབས་ཉིན་ཤས་གོང་ནས་གྱོན་ཡོད་ཀྱང༌། ངས་དེ་སྔོན་མཐོང་མ་བྱུང༌། ང་ཚོས་ཚང་མའི་ཆུ་ཚོད་བསྒྲིགས་ཏེ་ལྕགས་རི་ནང་མའི་ནང་ལྷ་སའི་དགོང་དྲོའི་ཆུ་ཚོད་བཅུ་ཐོག་སྐར་མ་རེ་ཟུང་ཡང་སྔ་རྟིང་མ་ཤོར་བར་འཛོམས་དན་བྱས། དེ་ནས་ཁོ་བོ་ལྷ་ཁང་གཞན་དག་ཏུ་ཕྱིན་ཏེ་རབ་གནས་དང༌། གསོལ་འདེབས་བྱིན་རླབས་ཞུས་རྗེས་ཁོ་བོའི་སྡོད་ཤག་ཏུ་ངང་སྒུག་བྱས་ཏེ་རྒྱུན་གྱི་རྣལ་འབྱོར་ཅི་རིགས་བྱས་པ་ཡིན། ངས་དེ་ལྟར་སྒུག་སྡོད་བྱེད་རིང་སྐྱེད་མ་དང༌། གཅེན་མོ། གཅུང་པོ་སོགས་ཁོང་ཚོ་སྔོན་ཙམ་ལ་ཐོན་རྒྱུའི་གོ་སྒྲིག་བྱས་ཡོད་པ་ལྟར་ཐོན། ཁོང་ཚོ་ལྕགས་རི་སེར་པོའི་ཕྱི་ལོགས་སུ་བཞུགས་ཡོད་སྟབས་ཐོན་རྒྱུར་ང་ལས་ལས་སླ་བ་ཡོད། ངའི་སྐྱེད་མ་དང༌། གཅེན་མོ་ནས་ཁམས་ཆས་གྱོན་རྒྱུ་བྱས། ཁོ་བོ་ཐོན་རིམ་གཉིས་པ་དང༌། མཐའ་མའི་ཚོ་ཁག་གསུམ་པར་ཡོངས་འཛིན་རྣམ་གཉིས་དང༌། བཀའ་ཤག ་གཞན་དག་འགའ་ཤས་བཅས་ཡོད།

ངོས་ལ་དམག་མིའི་གྱོན་གོས་ཤིག་དང༌། ཞྭ་མོ་གཅིག་གོ་སྒྲིག་ཡོད་པ་ལྟར་ཆུ་ཚོད་བཅུ་མ་ཟིན་ཙམ་ལ་ངས་ཡིད་སྐྱོ་ལྷང་ལྷང་གིས་བཅོམ་ལྡན་འདས་ཀྱིས་གནང་བའི་གྱོན་པ་གྲྭ་ཆས་ཕུད་དེ་གོང་གི་ཆས་གོས་གྱོན། དེ་ནས་ལྷ་ཁང་དུ་ཕྱིན། རང་གི་གདན་ཁྲིའི་ཐོག་བསྡད་དེ་སངས་རྒྱས་ཀྱི་གསུང་ཤེར་ཕྱིན་བརྒྱད་སྟོང་པ་ཞིག་ཞལ་འབྱེད་ཀྱིས་དབུ་ནས་བཟུངས་ཏེ། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་འབྱུང་བར་འགྱུར་བ་དེ་བཞིན་དུ་ཁྱོད་སྤོབས་པར་བྱོས་ཤིག་ཅེས་པའི་བར་བཀླགས་ཏེ་སྨོན་ལམ་བཏབ། གློག་བཞུ་ཅུང་ཟད་འོད་མདངས་ཆུང་དུ་བཏང༌། སྡོད་ཤག་ནས་ཕྱི་རུ་ཐོན་སྐབས་བསམ་བློའི་ནང་འཇིགས་སྐྱོའི་ཚོར་བ་གང་ཡང་མ་བྱུང་ཞིང༌། ཆུ་ཚོད་ཀྱི་ཚག་སྒྲ་དང༌། ངོས་རང་གི་རྐང་པ་སྤོས་པའི་སྒྲ་སྐད་མ་གཏོགས་གཞན་ཚང་མ་ཁུ་སིམ་འཇམ་ཐིང་དུ་གནས་པའི་ངང་མར་ཡོང་སྟེ་ཕོ་བྲང་གི་གཟིམ་སྒོ་ནང་མར་དམག་མི་གཅིག་དང༌། སྒོ་བར་པར་དམག་མི་གཅིག་བཅས་ངོས་སྒུག་སྡོད་བྱས་འདུག ཁོང་ཚོའི་ས་ནས་མེ་མདའ་རིང་མདའ་གཅིག་བླངས་ནས་ཕྲག་ཏུ་བཀལ་ཏེ་དམག་མིའི་ཆས་བརྫུས་ཆ་ཚང་བ་བཟོས། དམག་མི་ཚོས་ངའི་རྗེས་སུ་ཡོང༌། ངའི་མི་ཚེའི་ནང་ཚོར་བ་བདེ་སྐྱིད་དུ་མྱོང་བའི་སྐྱེད་ཚལ་ལྡུམ་ར་མཚན་མོ་མུན་པས་ཁྱབ་ཅིང༌། ཟླ་བའི་འོད་སྣང་ཅུང་ཟད་འཕྲོ་བའི་ནང་རྐང་བགྲོད་ཀྱིས་ཡོང༌། སྐུ་སྲུང་མདའ་དཔོན་གྱིས་ལྡུམ་རའི་སྒོ་དང༌། ལྕགས་རི་ནང་མའི་སྒོ་སྲུང་བ་ཚོ་ཕན་ཚུན་ཁ་འཐོར་གྱིས་བཏང་སྟེ་ཁོང་རང་སྒོ་དང་པོའི་འགག་དང༌། རོགས་མི་གཞན་གཉིས་རྒྱལ་སྒོ་གཉིས་པའི་འགྲམ་ནས་མཉམ་དུ་བྱུང༌། གྲུ་འཛིན་ཕོ་བྲང་དཔེ་མཛོད་ཁང་དང༌། མགོན་པོ་ཁང་སོ་སོའི་མདུན་ཐད་དུ་སླེབས་མཚམས་ཞྭ་ཕུད་ཀྱིས་གུས་འདུད་སྨོན་ལམ་རེ་བྱས། སྤྱི་མཁན་དང༌། མགྲོན་ཆེ། སྐུ་སྲུང་མདའ་དཔོན་བཅས་མདུན་ཕྱོགས་དང༌། ཁོ་བོ་དང༌། དམག་མི་གཞན་གཉིས་རྒྱབ་ཕྱོགས་སུ་བསྐྱོད་དེ་ལྷོ་བརྒྱུད་གླིང་གའི་ནང་ནས་ལྕགས་རི་ཕྱི་མའི་སྒོ་འགག་ཏུ་ཕྱིན་ཞིང༌། མི་མང་ཚོས་ངོས་མི་ཤེས་པའི་ཆེད་དུ་ངའི་མིག་ཤེལ་ཕུད་ཡོད་སྟབས་ཕྱིའི་མུན་ནག་དང་བཅས་འལ་འོལ་ཞིག་ནང་ཤར་བསྐྱོད་བྱས།

རྒྱལ་སྒོ་དེ་རྒྱབ་འདུག་པར་བརྟེན་སྒོ་སྲུང་བ་ཚོར་མགྲོན་ཆེ་ནས་ལྟ་བསྐོར་དུ་འགྲོ་རྒྱུ་ཡིན་ཚུལ་བརྗོད་པར་ཁོང་ཚོས་མགྲོན་ཆེར་གུས་འདུད་དང་བཅས་སྒོ་ལྕགས་ཆེན་པོ་དེ་ཕྱེ་སོང༌།

མཛད་སྒོའི་རྟེན་འབྲེལ་སོགས་མེད་པར་ནོར་གླིང་ནས་ཕྱི་བསྐྱོད་དེ་ལྟར་བྱེད་པ་ནི་དེ་སྔོན་ཁོ་བོའི་མི་ཚེའི་ནང་ཐེངས་གཅིག་ལས་བྱུང་མེད་ཅིང༌། དེ་ནི་ལོ་དགུའི་གོང་གྲོ་མོར་བསྐྱོད་སྐབས་དེ་ཡིན། རྒྱལ་སྒོ་དེའི་འགག་ཏུ་ང་ཚོ་འབྱོར་སྐབས་མུན་ནག་འོག་ཏུ་ཧ་ཅང་གསལ་པོ་རང་མིན་པར་སྒོ་སྲུང་མི་མང་ཚོ་ཁག་དེ་དག་ངས་མཐོང་བྱུང་ཡང༌། ཁོང་ཚོ་སུས་ཀྱང་ཕྲན་དམག་དཀྱུས་སྙོམ་ཆུང་ལྟ་བུ་དེ་ལ་དོ་སྣང་བྱུང་མ་སོང་ཞིང༌། ངས་མུན་ནག་ནང་འགོག་རྐྱེན་གང་ཡང་མེད་པའི་ལམ་ཕྱོགས་དེར་སྣང་མེད་དུ་ཕྱིན་པ་ཡིན།། །།