ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།

ཁོ་བོའི་གྲོགས་པོ་འབྲས་ལྗོངས་རྒྱལ་སྲས་བླ་མ་ནས་ཕྲན་རྒྱ་གར་དུ་ཆོས་ཚོགས་སར་མགྲོན་འབོད་སླད་ལྷ་སར་དམིགས་བསལ་གྱིས་ཕེབས་པ་དེ་ནི། སེམས་རང་དབང་གི་རྣལ་དུ་གནས་ཤིང་། སེམས་འཁུར་ཆེ་བའི་འོད་སྣང་ཕྱི་རྒྱལ་ནས་འཕྲོས་པ་ཞིག་རེད། མགྲོན་འབོད་ཐོག་མར་གནང་མཁན་ནི་ལོ་བདུན་ཅུ་ཙམ་གྱི་གོང་ཚུགས་པ་སངས་རྒྱས་ཀྱི་ཆོས་ཁྱབ་སྤེལ་དང་། གནས་རྟེན་ཁག་ལ་བདག་གཉེར། གནས་སྐོར་བར་བདག་གཉེར་བྱེད་མཁན་གྱི་ཚོགས་པ་རྒྱ་གར་བྱང་ཆུབ་ཆེན་པོའི་ཆོས་ཚོགས་ཡིན། ཁོང་ཚོས་སངས་རྒྱས་མྱང་འདས་ཀྱི་ལོ་ཉིས་སྟོང་ལྔ་བརྒྱ་འཁོར་བའི་དྲན་གསོའི་དུས་ཆེན་སར་ཆེད་དུ་མགྲོན་འབོད་གནང་བ་ཡིན་ཅིང་།

ཆོས་སྲིད་ཀྱི་གནད་དོན་གང་ནས་གཞིགས་ཀྱང་དེ་ལ་འགྲོ་འདོད་ཆེན་པོ་བྱུང་། སངས་རྒྱས་ཀྱི་རྗེས་དྲན་དེ་ནི་ནང་པ་ཡོངས་ལ་ཤིན་ཏུ་གལ་ཆེའི་དུས་ཤིག་ཡིན་པ་དང་། བོད་མི་སུ་ཡིན་རུང་རྒྱ་གར་དུ་གནས་མཇལ་འགྲོ་རྒྱུའི་རེ་འདོད་ཆེན་པོ་ཡོད་པ་རེད། ཡུལ་དེ་ནི་ང་ཚོ་ཚང་མས་རྒྱ་གར་འཕགས་པའི་ཡུལ་ཞེས་ས་གནས་རྩ་ཆེར་འཛིན་པ་ཡིན། དེའི་རྒྱུ་མཚན་ནང་པའི་ཆོས་ཀྱི་སྟོན་པ་ཆེན་པོ་ཤཱཀྱ་ཐུབ་པའི་འཁྲུངས་ཡུལ་ཡིན་པ་དང༌། ལོ་བརྒྱ་ཕྲག་མང་པོའི་གོང་རྒྱ་གར་གྱི་གྲུབ་ཆེན་རྣམས་དང༌། མཁས་པ་ཚོས་རིན་ཐང་བྲལ་བའི་ཆོས་ཀྱི་སྐྱེས་མང་པོ་ང་ཚོའི་ཡུལ་ལྗོངས་ཆེས་མཐོའི་གངས་རིའི་ངོགས་སུ་བསྣམས་ཕེབས་པ་དེ་ལ་བརྟེན་ནས་བྱུང་བ་རེད། བོད་དང་རྒྱ་གར་སྤྱི་ཚོགས་ཀྱི་གནས་ཚུལ་ཐ་དད་ཕྱིན་ན་ཡང༌། བོད་ནི་རྒྱ་གར་གྱི་ཤེས་རིག་གི་གཅེས་ཕྲུག་ལྟ་བུ་ཡིན། སྲིད་ཕྱོགས་ནས་མཚོན་ན། རྒྱ་མི་དང་འབྲེལ་གཏུགས་རྟག་ཏུ་བྱས་ཏེ་དོན་མེད་གླེང་རྩོད་བྱེད་པ་དེ་ལས་དུས་ཡུན་ཐུང་ངུ་ལས་མ་བྱུང་ཡང་ཡུད་ཙམ་ཐར་བའི་གོ་སྐབས་ཤིག་ཡོང་རྒྱུ་མ་ཟད། སྐུ་ཞབས་ནེ་རུ་དང༌། རང་དབང་དམངས་གཙོའི་འགོ་འཁྲིད་གཞན་དག མཧཱ་ཏ་མ་གྷན་དྷིའི་རྗེས་འཇུག་པ་ཚོ་བཅས་ལ་སློབ་སྟོན་ཞུ་རྒྱའི་གོ་སྐབས་ཤིག་ཀྱང་ཐོབ་ཀྱི་རེད་སྙམ་བྱུང༌། བོད་སྲིད་དོན་གྱི་དབེན་གནས་ལྟ་བུར་བསྡད་པའི་དངོས་འབྲེལ་གནས་ཚུལ་དེར་ངས་མིན་ཞེས་ཧེ་བག་བརྗོད་མི་ཤེས། ཕྲན་ད་དུང་ཉམས་མྱོང་མེད་པ་དང༌། རྒྱལ་སྤྱིའི་སྲིད་དོན་སྐོར་གང་ཡང་མི་ཤེས་པ་ཞིག་ཡིན་ཅིང༌། ངའི་ཡུལ་མི་གཞན་དག་ཚོ་ཡང་མང་བ་དེ་བཞིན་རེད། རྒྱལ་ཁབ་གཞན་དག་ཚོར་ང་ཚོ་ལྟ་བུའི་གནས་ཚུལ་དེ་སྔ་བྱུང་ཡོད་རུང༌། ད་ཆ་དམངས་གཙོའི་འཛམ་གླིང་ནང་སྲིད་དོན་གྱི་ཡོན་ཏན་དང༌། ཉམས་མྱོང་ཆེན་པོ་ཐོབ་ཡོད་པ་ང་ཚོས་ཤེས་ཀྱི་ཡོད་ཀྱང༌། ད་བར་ང་ཚོར་དེ་འདྲ་གང་ཡང་མ་ཐོབ་པར། རིག་གསར་སློབ་སྦྱོང་མེད་པར་རང་བྱུང་གི་ཤེས་རིག་ཐོག་ནས་ལས་དོན་བྱས་པར་བརྟེན། ང་ཚོར་རླབས་ཆེའི་སློབ་སྟོན་མང་པོ་ཐོབ་དགོས་ཀྱི་ཡོད།

ད་དུང་ཕྲན་འགྲོ་དགོས་པའི་རྒྱུ་མཚན་གཞན་ཞིག་ནི། རྒྱ་གར་གྱི་དབྱིན་གཞུང་དང༌། ང་ཚོའི་དབར་མཛའ་གྲོགས་ཀྱི་འབྲེལ་བ་དུས་ཡུན་རིང་པོའི་བར་བྱུང་བ་དེ་ནི་ནུབ་ཕྱོགས་རྒྱལ་ཁབ་དང་བྱུང་བའི་འབྲེལ་བ་གཅིག་པུ་དེ་ཡིན། འོན་ཀྱང་རྒྱ་གར་གཞུང་ལ་དབང་ཆ་ཐོབ་པ་ནས་བར་དེར་སྲིད་དོན་གྱི་འབྲེལ་བ་དེ་ཕྲན་བུ་ཉམས་ཆགས་སུ་གྱུར། འཛམ་གླིང་མཛའ་མཐུན་རང་དབང་གི་སྲོག་འཛིན་ལྟ་བུར་ཡང་བསྐྱར་རྒྱ་གར་དང་ང་ཚོའི་བར་གྱི་འབྲེལ་བ་དམ་ཟབ་ངེས་པར་བཟོ་དགོས་པ་ཞིག་སྟེ།

ངེད་རང་འགྲོ་འདོད་ཡོད་པ་དེ་དག་ཁོ་བོ་གཅིག་པུའི་འདོད་པ་ཡང་མིན། མགྲོན་འབོད་ཀྱི་གནས་ཚུལ་བོད་མི་མང་གིས་ཤེས་རྟོགས་བྱུང་སྟེ་དེ་ལ་ཁས་ལེན་བྱ་དགོས་ཞེས་ཁོང་ཚོས་གཞུང་ཞབས་བརྒྱུད་ཞུ་བསྐུལ་ནན་ཆེ་བྱས་ཤིང༌། ངའི་བསམ་ཚུལ་རྒྱ་མིའི་སྲིད་དོན་རྙོག་ཟིང་ནས་ཐར་རེ་དེ་ཙམ་མ་གཏོགས། དེ་མིན་གོང་གི་རྒྱུ་མཚན་ཚང་མ་ཁོང་ཚོས་བརྗོད་ཀྱི་འདུག

དེ་ལྟར་ན་ཡང༌། འགྲོ་འདོད་ཡོད་པ་དེ་གཅིག་པུས་འགྲིགས་པ་མིན། གལ་ཏེ་རྒྱ་མིའི་འདོད་བབས་མ་བྱུང་ན་ཕྲན་འགྲོ་རྒྱུར་བཀག་འགོག་ལས་སླ་བོར་བྱེད་ཐུབ། དེར་བརྟེན་ཐོག་མར་རྒྱ་མིའི་བཀའ་འཁྲོལ་ཞུ་དགོས་པ་རེད།

བོད་དུ་རྒྱ་དམར་ཐོག་མར་འབྱོར་སྐབས་ནས་ཡོད་ཅིང༌། སྐབས་དེར་བོད་ནང་རྒྱ་ནག་གཞུང་གི་སྐུ་ཚབ་རྒན་པ་བྱེད་མཁན་དམག་དཔོན་ཕན་མིང་ལ་ངས་དེ་སྐོར་འདྲི་བསྡུར་བྱས་པ་ཡིན། ཁོང་གིས་ཐོག་མར་བརྗོད་གསལ། འཆར་ཅན་བརྗོད་སྲོལ་ལྟར། ངས་བསམ་འཆར་མ་གཏོགས་ཞུ་མི་ཐུབ་ཟེར་ཡང༌། དོན་དུ་བཙན་བཀའ་ནང་ལྟར་དེ་དོན་ཁས་ལེན་མ་བྱས་ཐབས་མེད་ཀྱི་རྣམ་འགྱུར་གསལ་པོ་འདོན་གྱི་འདུག ་ཁོང་ནས་རྒྱ་གར་དུ་བདེ་འཇགས་ཀྱི་འགན་འཁུར་ཇི་ཡོང་ཆ་མ་འཚལ་བས་ཕེབས་རྒྱུ་མ་གནང་ན་ལེགས་སྙམ། ཞེས་དང༌། གཉིས་ནས་རང་སྐྱོང་གྲྭ་སྒྲིག་ལྷན་ཚོགས་ཀྱི་ལས་དོན་སྣེ་མང་ཡོད་སྟབས་དབུ་བཞུགས་ལྷ་སར་བཞུགས་ན་ལེགས་པར་བསམ་གྱི་འདུག། ཅེས་ཟེར་ཞིང༌། ཁོང་གིས་གླེང་མོལ་དེ་ལྟར་བྱས་པ་དང་མཉམ་དུ་ངའི་རེ་བ་ཇེ་ཆུང་དུ་ཕྱིན་སོང༌། དེ་ནས་ཁོང་གིས་འཇམ་མཁས་ཀྱིས་བརྗོད་དོན། ད་ལམ་རྒྱ་གར་གྱི་གདན་ཞུ་ནི་ཆོས་ཚོགས་ཆུང་ངུ་ཞིག་མ་གཏོགས་རྒྱ་གར་གཞུང་གི་གདན་ཞུ་མིན་སྟབས་མཚན་མཐོངས་ཀྱི་བབས་ནས་སྐུ་ཚབ་ཅིག་བཏང་ན་དེ་གས་འགྲིགས་ཚུལ་ཟེར་འདུག་

ཕྲན་བློ་ཕམ་ཆེ་ཐོག་རེ་ལམ་འགག་པ་ལྟ་བུ་དེ་ལྟར་ཡང༌། རེ་བ་རྩ་མེད་དུ་འཇོག་ཐབས་མ་བྱུང་སྟབས་ངའི་སྐུ་ཚབ་མིང་འབོད་གཏན་འཁེལ་བྱེད་རྒྱུ་ཕར་འགྱངས་སུ་བཞག་སྟེ་བྱང་ཆུབ་ཆོས་ཚོགས་ལ་ཕྲན་ཡོང་མི་ཐུབ་པའི་གནས་ཚུལ་མ་སྤྲད་པར་ངང་སྒུག་བྱས་པ་ཡིན། ཟླ་བ་བཞི་ལྔའི་རྗེས་ ༡༩༥༦ ཟླ་བཅུ་པའི་ཚེས་དཀྱིལ་ལ་དམག་དཔོན་དེས་ངའི་ངོ་ཚབ་མིང་གསལ་གཏན་འཁེལ་དགོས་ཚུལ་དང༌། རྒྱ་གར་དུ་མིང་ཐོ་སྔོན་ཚུལ་གཏོང་དགོས་པའི་བསམ་འཆར་བརྗོད་ཀྱི་འདུག དེར་བརྟེན་ཁོ་བོའི་སྐུ་ཚབ་ཚོགས་པའི་དབུ་བཞུགས་སུ་ཡོངས་འཛིན་སྐུ་གཞོན་པ་ཕེབས་རྒྱུའི་གྲྭ་སྒྲིག་བྱས་པ་ཡིན། ཟླ་བཅུ་གཅིག་པའི་ཚེས་ཤར་ལ་སྐུ་ཚབ་ཚོགས་པ་ཐོན་མཇལ་གྱི་སྔ་ཉིན་དེར་ཕན་མིང་ཁོང་ཕྲན་སར་གློ་བུར་དུ་ཡོང་སྟེ་བརྗོད་གསལ། རྒྱ་གར་གཞུང་ནས་རྒྱ་ནག་གཞུང་ལ་སྤྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་རླུང་འཕྲིན་བཏང་འབྱོར་དུ། ཕྲན་དང༌། པཎ་ཆེན་རིན་པོ་ཆེ་སངས་རྒྱས་དྲན་གསོའི་དུས་ཆེན་གྱི་སྐུ་མགྲོན་དུ་གདན་ཞུ་ཕུལ་ལུགས་དང༌། རྒྱ་ནག་གཞུང་གིས་ཕྱོགས་གང་ཅིའི་གནས་ཚུལ་ལ་བསམ་གཞིགས་ཀྱིས་ཕྲན་རང་འགྲོ་འདོད་ཡོད་ན་ཕྱིན་ན་འགྲིག་འཐུས་ཞེས་བརྗོད་འདུག་པར་ཧ་ཅང་དགའ་པོ་བྱུང༌། རྒྱ་མིས་གདན་ཞུའི་ཁས་ལེན་ཕྱིས་སྐྱོན་མ་བྱུང་བར་གསང་བ་བྱེད་རྩིས་ཡིན་ཚོད་ཀྱང༌། སྐབས་དེར་རྒྱ་མིའི་དམག་དཔོན་གྱིས་ཕྲན་ལ་མ་བརྗོད་གོང་གནས་ཚུལ་དེ་སྐོར་ལྷ་སྡོད་རྒྱ་གར་སྐུ་ཚབ་པས་བོད་མི་འགའ་ཞིག་ལ་བརྗོད་ཡོད་ཚོད་ཀྱིས་གླེང་ཐོན་དེ་ལྟར་བྱུང་སྟབས་ཁོང་ཚོས་ཐག་གཅོད་མི་བྱེད་ཐབས་མེད་བྱུང་བ་ལྟ་བུར་མངོན། གང་ལྟར་ཁོ་བོ་འགྲོ་བསྐྱོད་བྱ་གཏན་མཚམས་ལྷ་ས་སོགས་རྒྱ་ཁྱབ་ཀྱི་མི་མང་རྣམས་དགའ་སྤྲོ་ཆེན་པོ་བྱས་འདུག

དེ་ནས་ཐོན་རྒྱུའི་གྲྭ་སྒྲིག་བྱས་ཤིང༌། ལྷ་ས་ནས་མ་ཐོན་གོང་རྒྱ་མིའི་གཏན་སྡོད་སྐུ་ཚབ་ཆེ་ཤོས་ཀྲང་ཅིན་ཨུ་རྒྱ་ནག་ནས་བྲེལ་སྟབས་སུ་ལྷ་འབྱོར་ཟིན་འཕྲལ་ཕྲན་སློབ་ཕྲུག་ཅིག་ཡིན་པ་ལྟ་བུའི་སློབ་སྟོན་གླེང་མོལ་རིང་པོ་ཞིག་བྱས་བྱུང༌། དེ་ལ་ངོས་རང་དོ་སྣང་ཆེན་པོ་བྱུང་སྟེ། རྒྱུ་མཚན་ནི་ཁོང་རང་གི་བསམ་ཚུལ་ལྟར་མིན། དེ་ཡང༌། ཁོང་ནས་བརྗོད་གསལ། ཉེ་ཆར་ནུབ་གླིང་ཧང་ག་རི་དང༌། སྤོ་ལན་ལ་རྙོག་ཁྲ་ཕྲན་བུ་བྱུང་བ་དེ་ཕྱི་རྒྱལ་བཙན་རྒྱལ་རིང་ལུགས་པས་ངན་བསླབ་བརྒྱུད་བསྐུལ་གྱིས་མི་ཉུང་ཤས་ཤིག་གིས་བྱས་པ་རེད། འོན་ཀྱང༌། ཧང་ག་རི་དང༌། སྤོ་ལན་མི་མང་གིས་རུ་སུར་རོགས་རམ་འབོད་བསྐུལ་བྱས་པ་ལ་རུ་སུ་རྒྱལ་ཁབ་ཀྱིས་ལམ་སེང་བདག་སྤྲོད་ཐོག། ལོག་སྤྱོད་པ་རྣམས་དེ་འཕྲལ་མགོ་གནོན་བྱས་པ་རེད། ལོག་སྤྱོད་པ་དེ་དག་གིས་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ནང་རྙོག་ཁྲ་བཟོ་རྒྱུའི་གོ་སྐབས་དུས་རྟག་ཏུ་འཚོལ་གྱི་ཡོད་ཀྱང༌། སྤྱི་ཚོགས་རིང་ལུགས་པའི་རྒྱལ་ཁབ་ཚོའི་མཉམ་འབྲེལ་ཟབ་རྒྱ་ཆེ་སྟབས་སུ་ཞིག་ལ་རོགས་རམ་དགོས་ཀྱི་ཡོད་ཀྱང་ལམ་སེང་སྤྲོད་ཀྱི་རེད་ཅེས་སོགས་ཁོང་གི་གླེང་མོལ་ཡུན་རིང་བྱས་པ་དེས་བོད་ལ་ཡུལ་གཞན་སུས་ཀྱང་ཐེ་བྱུས་བྱེད་མི་འཇུག་པར་དོགས་ཟོན་དགོས་པའི་རྣམ་འགྱུར་གསལ་པོ་བསྟན་གྱི་འདུག

དེ་ནས་ཕྲན་རྒྱ་གར་དུ་འགྲོ་རྒྱུའི་སྐོར་གླེང་མོལ་བརྗོད་གསལ། སངས་རྒྱས་དྲན་གསོའི་སྐོར་འདི་ནི་ཆོས་དོན་ཁོ་ན་ཡིན་ཀྱང༌། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུ་ན་སི་ཁོ་དང་འབྲེལ་བ་ཕྲན་བུ་ཡོད་ཐོས་བྱུང༌། ཡུ་ན་སི་ཁོ་ཟེར་བ་མཉམ་འབྲེལ་རྒྱལ་ཚོགས་ཁོངས་དཔལ་འབྱོར། སྤྱི་ཚོགས། ཤེས་རིག་བཅས་ཀྱི་རྟོག་ཞིབ་ཚོགས་པའི་མིང༌།རྒྱ་ནག་དབུས་གཞུང་གིས་སྐུ་ཚབ་ཚོགས་པ་ཞིག་གཏོང་གི་རེད། ཕལ་ཆེར་ཕོར་མོ་ས་ནས་གོ་མིང་ཏང་གིས་ཀྱང་ཚོགས་པ་ཞིག་གཏོང་རྒྱུའི་ཐབས་ཤེས་བྱེད་འཆར་ལ་གལ་ཏེ་ཁོ་ཚོའི་ཚོགས་བརྫུས་ཚོགས་འདུར་ཞུགས་ཚུད་བྱུང་ན། ངེད་ཚོའི་ཚོགས་འཐུས་ཚོགས་འདུ་ནས་འགྲོ་རྒྱུར། དེ་དོན་རྒྱ་གར་གཞུང་ལ་ཡང་ལབ་ཟིན་པ་ཡིན་ན ཕོར་མོ་ས་ནས་སུ་ཞིག་ཡོད་རུང་དེ་མ་ཐག་ཁོ་བོ་ཡང་འགྲོ་ཐལ་མེད་པ་དགོས། འདི་སྐོར་རྒྱ་གར་དུ་ཕེབས་འཕྲལ་རྒྱ་མིའི་གཞུང་ཚབ་ཆེ་མོ་ནས་སྐབས་འཕྲལ་གནས་ཚུལ་ཞུ་རྒྱུར་དེ་དོན་འགལ་མེད་གནང་དགོས།

དེ་རྗེས་ཁོང་ནས་ཕྲན་ལ་བསྡིགས་མངགས་བྱེད་དོན་དུ། ཡང༌། རྒྱ་གར་འགོ་འཁྲིད་ཚོས་བོད་ཀྱི་ས་མཚམས་སྐོར་གླེང་མོལ་བྱས་ན་དེ་སྐོར་པི་ཅིང་ཕྱི་འབྲེལ་ལས་ཁུངས་ཀྱི་ལས་དོན་ཡིན་ལུགས་ཁོ་ན་བརྗོད་དགོས་ཞེས་དང༌། བོད་ནང་གི་གནས་ཚུལ་དྲི་བ་བྱུང་ན། གསར་འགྱུར་འགོད་མཁན་དང༌། འགོ་ལས་ཆུང་ཁག་ལ་བོད་ནང་རྙོག་ཁྲ་གང་ཡང་མེད་ལུགས་དང༌། ཚང་མ་རྣམ་ཀུན་ལྟར་ཡར་རྒྱས་སུ་ཡོད་ཚུལ་བརྗོད་དགོས། སྲིད་བློན་ནེ་རུ་དང༌། འགྲོ་འཁྲིད་ཆེ་ཁག་ལ། བོད་ས་ཁུལ་འགའ་ཤས་སུ་ཟིང་ལངས་ཡོད་པའི་སྐོར་ཕྲན་བུ་མང་བ་བཤད་ཆོག་ཟེར་འདུག

ཁོང་གི་གླེང་མོལ་མཇུག་སྡུད་དུ་བསམ་འཆར་ཞིག་བཏོན་གསལ། དུས་ཆེན་དེར་གསུང་གླེང་གནང་དགོས་ཡོང་རྒྱུར་གསུང་བཤད་ལྷ་སར་བཟོས་ན་ལེགས་ཚུལ་ཟེར་འདུག སངས་རྒྱས་ཀྱི་རྗེས་དྲན་དེར་གླེང་མོལ་ཞིག་བྱེད་དགོས་པར་ཁོ་བོ་ཡང་བསམ་གྱི་ཡོད། དེ་རྗེས་ཁོ་བོའི་བཀོད་མངགས་ལྟར་གྲྭ་སྒྲིག་ལྷན་ཁང་གི་དྲུང་ཆེ་ང་ཕོད་ནས་རྒྱ་མིར་གོ་བསྡུར་བྱས་ཏེ་གསུང་བཤད་ཟིན་བྲིས་བྲིས་འདུག་ཀྱང༌། རྒྱ་གར་དུ་འབྱོར་རྗེས་སླར་ཡང་གནས་ཚུལ་ལ་གཞིགས་པའི་བསམ་ཞིབ་ཀྱིས་བསྐྱར་བྲིས་བྱས་པ་ཡིན།

དེ་སྐབས་གྲོ་མོ་བར་འཁོར་ལམ་བཟོས་ཟིན་འདུག་ཅིང༌། གྲོ་མོ་ནས་ས་མཚམས་བར་ཉིན་གཉིས་ཀྱི་ལམ་བགྲོད་འགོར་ཞིང༌། ལམ་བཟོ་དེ་ནི་རྒྱ་མིས་མི་ཟོག་ལ་ལྟོས་མེད་ངལ་ཚེགས་ཆེན་པོས་དྲ་བ་ལྟ་བུའི་ལམ་བཟོ་བྱེད་པའི་ཆ་ཤས་ཤིག་ཡིན་པ་དང༌། ང་ཚོའི་ཡུལ་ལུང་རྒྱ་མིའི་དམག་སྒར་གྱིས་བརྟན་ཁྱབ་ཐུབ་པ་བཟོ་རྒྱུའི་དོན་དུ་རེད། འོན་ཀྱང་རྣམ་ཀུན་ལྷ་ས་ནས་རྒྱ་གར་བར་བདུན་གཉིས་གསུམ་ཙམ་འགོར་བའི་འགྲུལ་ལམ་དེ་དག་ཉིན་གསུམ་བཞིར་བགྲོད་ཐུབ་པ་བྱུང༌། ལྷ་ས་ནས། གྲོ་མོ་བར་རླངས་འཁོར་ནང་ཉིན་གསུམ་ཐོག་འབྱོར། ལམ་བར་གཞིས་ཀ་རྩེའི་ཉེ་འགྲམ་སྟག་གྲུ་ཁར་གཙང་པོའི་ཐོག་རླངས་འཁོར་འདོན་རྒྱུའི་གྲུ་ཟམ་ཞིག་རྒྱ་མིས་བཟོས་འདུག་ཅིང༌། གཞིས་རྩེ་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཡང་ང་ཚོ་མཉམ་དུ་ལྷན་ཕེབས་མཛད།

ཆོས་འཁོར་དཔལ་གྱི་ལྷ་ས་ནས་འཕགས་ཡུལ་ཆོས་ཀྱི་ཞིང་སར་གནས་བསྐོར་མཇལ་ཆེད་དུ་འགྲོ་བའི་ལམ་འགྲུལ་དེ་ནི་ཡིད་དུ་འོང་བ་ཞིག་ཡིན། མལ་ལེ་ལྔ་བཅུ་ཙམ་གྱི་རི་བརྒྱུད་ཐོག་བསྐྱོད་སྐབས་ཇོ་མོ་ལྷ་རིའི་གངས་རིའི་བརྒྱུད་རྣམས་མུ་ཏིག་གི་དོ་ཤལ་སྟར་ལ་བརྒྱུས་པ་ལྟ་བུའི་མུ་འབྲེལ་གྱིས་ཆགས་ཡོད་ཅིང༌། ཕག་རི་གདང་ལའི་ཉེ་མཚམས་ཡོང་སྐབས་ཇོ་མོ་ལྷ་རིའི་རྩ་བ་ནས་ཡོང་དགོས། དེ་དུས་སྲིད་པའི་གངས་རི་ཤེལ་དཀར་གྱི་ཕུང་པོ་བརྩེགས་པ་འདྲ་བའི་གཟི་འོད་དེ་མཐོང་གི་འདུག ་རོང་ས་ཟིན་མཚམས་ཐུར་བགྲོད་ཀྱིས་སྟག་མ་དང༌། ཤུག་པ་སོགས་རྩི་ཤིང་ནགས་ཚལ་གྱིས་གང་བའི་ཆུ་འབིའི་རོང་དུ་སླེབས། ཁུལ་དེར་རང་བཞིན་མཛེས་སྡུག་ཅན་གྱི་མེ་ཏོག་མང་པོས་ཡུལ་ཕྱུར་པོར་གཏམས་ཤིང༌། འགྲུལ་པ་ཚོ་དེ་ཁུལ་སླེབས་དུས་བསམ་ངོ་ན་འཛམ་གླིང་གཞན་དག་ཐ་དད་ཅིག་ཏུ་འགྲོ་བའི་སྣང་བ་ཤར་གྱི་རེད། རྒྱ་གར་གྱི་ས་ཆ་ཚ་དྲོད་ཆེ་ཞིང༌། ཐ་གྲུ་ཡངས་ཤིང་རྒྱ་ཆེའི་རྒྱ་ཐང༌། ནོར་དང་སྐྱེ་བོས་གང་བའི་གྲོང་དང༌། གྲོང་བརྡལ་མང་པོ་ཀུན་ཏུ་དཀྲིགས་པ། ཕ་མཐའ་མི་མངོན་པའི་རྒྱ་མཚོས་ཡོངས་སུ་བསྐོར་བའི་ཡུལ་ལྗོངས་ཀྱི་བཀོད་པ་རྒྱ་ཆེ་དེ་ཚོ་ནི་བོད་མི་ཉུང་ཤས་ཀྱིས་མ་གཏོགས་མཐོང་མྱོང་ཆེར་མེད། ད་དུང་རྣ་ཐོད་ལ་ཟེར་བའི་མཛེས་སྡུག་ཅན་གྱི་ལ་གཅིག་བརྒལ་རྒྱུ་བསྡད་ཡོད། དེ་ནི་འཕགས་བོད་ཀྱི་ད་ལྟའི་ས་མཚམས་ཀྱི་འདུས་མཚམས་ཡིན། དེའི་བགྲོད་ལམ་ནི་ནགས་ཚལ་སྟུག་པོའི་ཁྲོད་ནས་གྱེན་འཛེགས་ཀྱིས་འགྲོ་དགོས། རི་བརྒྱུད་དེ་དག་འཛེགས་ཏེ་ཐུར་བགྲོད་མ་བྱས་གོང་བོད་ཀྱི་རི་སྟོངས་ནང་དུ་འབྱོར་གྱི་ཡོད།

ཆུ་འབིའི་རོང་བརྒྱུད་འགྲོ་ལམ་དེ་རྒྱ་གར་དང་བོད་དབར་བགྲོད་ལམ་གྱི་རྒྱལ་སྒོ་ལྟ་བུ་ཡིན་ཅིང༌། དེ་ནི་ ༡༩༠༣ ནང་དབྱིན་ཇི་བོད་དུ་ཡོང་མཁན་ཚོ་ཁག་དེ་ཡོང་ས་ཡིན་ཅིང༌། ༡༩༠༤ ལོའི་གྲོས་མཐུན་གཞི་བཟུང་ཚོང་རིགས་ཚོས་བགྲོད་ལམ་དེ་རྒྱལ་རྩེ་བར་བེད་སྤྱོད་བྱེད་ཆོག ཕྱི་རྒྱལ་ཚོས་བོད་ནང་བགྲོད་ལམ་དེའི་ཐོག་རྒྱལ་རྩེ་བར་འགྲོ་བའི་དབང་ཆ་ཡོད། ཆུ་འབིའི་རོང་ཁུལ་དེར་གྲོ་མོའི་གྲོང་ཚོ་དག་ཡོད། ས་ཁུལ་དེ་ནི་ ༡༩༥༠ ལོ་རྒྱ་མིས་བོད་དུ་ཐོག་མར་བཙན་འཛུལ་སྐབས་ཕྲན་སྤོ་སྡོད་བྱེད་ས་དེ་ཡིན། དེ་དུས་ཀྱི་གནས་ཚུལ་ལས་འགྱུར་བ་མང་པོ་བྱུང་འདུག སྔོན་མའི་སྐབས་རོང་ཁུལ་དེར་རྟ་བགྲོད་ཀྱིས་ཡོང་ཡང༌། ད་ཆ་རྒྱ་མིའི་འཁོར་ལམ་ཐོག་རྒྱ་མིའི་རླངས་འཁོར་ནང་ཡོང་ཞིང༌། དེ་ནི་བཅུ་འགྱུར་ཙམ་གྱིས་མགྱོགས་སྟབས་བདེ་ན་ཡང༌། བོད་མི་བྱིངས་ལྟར་སྔར་བཞིན་རྟ་བགྲོད་ཀྱིས་བགྲོད་རྒྱུའི་འདོད་པ་བྱུང༌། ལོ་བརྒྱ་ཕྲག་གི་རིང་བོད་མི་ཚོ་རྟ་དྲེའུ་དང༌། རྐང་བགྲོད་ཀྱིས་བདེ་བར་བག་ཕེབས་ཀྱིས་འགྲོ་བའི་ཕག་རིའི་ཉེ་སྐོར་གྱི་འགྲུལ་ལམ་ཐོག་སྐབས་ཤིག་རྒྱ་མིས་འཇིབ་འཁོར་ནང༌། དབུགས་རླུང་བསགས་པའི་འགྱིག་དམ་ཨོག་སི་ཇིན་བེད་སྤྱོད་བྱེད་འདུག དེ་ནི་སྐབས་རེ་རྒྱ་མིས་གླེན་རྟགས་ཡ་མཚན་བྱེད་པའི་དཔེ་སྟོན་ཞིག་ཡིན་པ་དང༌། ཁོང་ཚོས་ས་མཐོར་དབུགས་མི་ལྡེང་བའི་གནས་ཚུལ་ཞིག་མཐོང་ཐོས་བྱུང་ཡོད་ཚོད་རེད།

ཕྲན་གྱི་མཐོང་སྣང་ལ་གྲོ་མོ་ཕར་ཕྱོགས་ཀྱི་ཡུལ་ལྗོངས་ལེགས་པོ་འདུག ་ལྷ་ས་ནས་ཐོན་ཏེ་ཉིན་བཞི་པའི་ཐོག་ང་ཚོས་རླངས་འཁོར་བཞག་སྟེ་རྣ་ཐོད་ལར་རྟ་བགྲོད་ཀྱིས་ཕྱིན་པ་ཡིན། ཧི་མ་ལ་ཡའི་རི་བརྒྱུད་བརྒལ་བར་ད་དུང་རྟ་ཐོག་བསྐྱོད་དགོས་པ་རེད།

རྒྱ་མིའི་དམག་དཔོན་དྲིན་མིང་ཡིའི་ཆུ་འབི་ཐང་བར་ཁོ་བོའི་སྐྱེལ་མར་མཉམ་བསྡེབས་སུ་ཡོད་ཅིང༌། ཁོང་ནི་རྒྱ་མིའི་བོད་དམག་ཁུལ་གྱི་དམག་སྤྱི་གཞོན་པ་གཅིག་ཡིན། བོད་མི་གནས་སྡོད་ཀྱི་ས་གནས་མཐའ་མ་ཆུ་འབི་ཐང་ནས། ཁོང་ཕྱིར་ལོག་འགྲོ་ཁར་ཕྲན་ལ་ཡང་བསྐྱར་གླེང་མོལ་ཐུང་ཙམ་ཞིག་བྱས་བྱུང་ཞིང༌། ཁོང་གིས་བློ་གཡེང་དང་བཅས་བརྗོད་གསལ། རྒྱ་གར་ནང་ལོག་སྤྱོད་པའི་བསམ་སྤྱོད་འཁྱེར་མཁན་མང་པོ་ཡོད་པས་དེ་གྲས་དང་གསུང་མོལ་སྐབས་བརྟན་པོ་གནང་དགོས་ཞེས་དང༌། ད་དུང་དྲན་སྐུལ་བྱས་དོན། ཁྱེད་ནི་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་རྒྱུན་ལས་ཁང་གི་དབུ་བཞུགས་གཞོན་པ་ཡིན་སྟབས་བོད་ཙམ་མིན་པར་རྒྱ་ནག་གི་སྐུ་ཚབ་ཀྱང་གནང་དགོས། དེར་བརྟེན་ཚང་མར་རྒྱ་ནག་གི་ཡར་རྒྱས་དང༌། ས་གཏེར་ཡར་རྒྱས། མི་མང་གི་འཚོ་བ་ཡར་རྒྱས་ཇི་ཡོད་སོགས་གསུང་དགོས་ཞེས་དང༌། མི་སུ་ཞིག་ཐུག་འཕྲད་བྱུང་ཡང་རྒྱ་ནག་དང༌། མེས་རྒྱལ་བོད་ནང་ཆོས་དད་རང་མོས་དང༌། ཚང་མར་རང་དབང་ཡོད་པའི་སྐོར་འགྲེལ་བཤད་ཀྱིས་ཡིད་དྭོགས་མེད་པ་བཟོ་དགོས། ཡིད་ཆེས་མེད་པའི་མི་ཚོར་རྒྱ་ནག་ཏུ་གཟིགས་བསྐོར་ནམ་ཕེབས་ལ་དགའ་བསུ་ཡོད་ཅེས་གསུང་དགོས་ཞེས་ཟེར་འདུག ་གོང་གི་སློབ་སྟོན་དེ་ནི་ས་མཚམས་བརྒལ་ཁའི་སློབ་སྟོན་རྗེས་མ་དེ་ཡིན།

དེ་ནས་རྒྱ་མིའི་བཀོད་བྱུས་བྱེད་མཁན་མེད་ཅིང༌། ཁོ་བོ་བྱིས་པའི་གནས་སྐབས་མ་གཏོགས་བྱུང་མ་མྱོང་བའི་དགའ་ཚོར་དང་རིངས་འཚབས་བྱུང༌། ང་ཚོས་ལ་རྩེར་འཛེགས་སྐབས་ཐོག་མར་གནམ་གཤིས་གསལ་དྭངས་ལེགས་པོ་འདུག་ཀྱང༌། རིམ་བཞིན་ན་བུན་དང་ཆར་སྤྲིན་ཀུན་ཏུ་འཐིབས་ཏེ་སྨག་རུམ་ནང་བསྐྱོད་ཅིང༌། མཐའ་མའི་ལ་ཚུགས་མཐོ་ཚད་ཕི་ཀྲི་སྟོང་ཕྲག་འགའ་ཤས་སར་བརླན་གཤེར་མང་ཞིང༌། གྲང་ངད་ཆེན་པོའི་ཤིན་ཏུ་བསིལ་བའི་རེག་བྱ་མྱོང་ཡང༌། རི་རྩེར་དངོས་འབྲེལ་མཛའ་སེམས་འཁོལ་ཞིང༌། བློ་སྤོབས་སྐྱེ་བའི་རྣམ་འགྱུར་གྱིས་ཁེངས་པ་དེས་ང་ཚོར་དཀའ་ངལ་གྱི་སྣང་བ་སེལ་ཞིང༌། དགའ་དྲོད་ཀྱི་སྣང་བ་ཆེ་ཆེར་རྒྱས་པ་བྱུང༌། ས་མཚམས་སུ་དང་པོར་མཐོང་བ་ནི། འབྲས་ལྗོངས་རྒྱལ་སྲས་མཆོག་ནས་མཚམས་འདྲི་སྣེ་ལེན་གནང༌། མུ་མཐུད་རྒྱ་གར་གཞུང་ནས་ཆེད་བཙུགས་འབྲས་ལྗོངས་ཁུལ་སྲིད་དོན་ལས་བྱེད་ནས་རྒྱ་གར་གྱི་སྲིད་འཛིན་བགྲེས་གཞོན་དང༌། སྲིད་བློན། རྒྱ་གར་གཞུང་བཅས་ཀྱི་མགྲིན་ཚབ་ཀྱི་ཐོག་ནས་མཚམས་འདྲི་གནང་ཞིང༌། ཕྲན་ལ་བོད་ལུགས་ཀྱི་ཁ་བཏགས་དང༌། རྒྱ་གར་གྱི་ལུགས་སྲོལ་བཞིན་མེ་ཏོག་གི་ཕྲེང་བ་བསྟར། དེ་ནས་མར་ཙམ་རྐང་བགྲོད་ཀྱིས་ས་གདེང་ཞིག་ཏུ་སྲུང་དམག་གིས་ཆེ་བསྟོད་བྱས་ཏེ་ངེད་ཚོ་མཉམ་དུ་རྟ་ཐོག་ཏུ་འབྲས་ལྗོངས་ཕྱོགས་ཡོང་སྟེ་མཚོ་འགོར་ནུབ་གཅིག་སྐྱིད་སྡོད་བྱས།

ཕྱི་ཉིན་འབྲས་ལྗོངས་རྒྱལ་ས་སྒང་ཏོག་ཏུ་ཐོན། འབྲས་ལྗོངས་དང༌། རྒྱ་གར་བྱང་ཕྱོགས་སུ་འགྲུལ་ལམ་རིམ་ཞུགས་སྐབས་ས་གནས་སོ་སོ་ནས་གློ་བུར་གྱི་དགའ་བསུ་བྱེད་མཁན་ཇེ་མང་དུ་སོང་ཞིང༌། ཁོ་བོའི་བསམ་པར་ངེད་རང་རང་ཡུལ་དུ་ཡོད་པ་ལྟ་བུ་ལས་ཕྱི་རྒྱལ་དུ་ཡོད་པའི་སྣང་བ་བརྗེད་པ་ལྟ་བུར་གྱུར། མལ་ལེ་བཅུ་ཙམ་ནས་ང་ཚོས་བཞོན་རྟ་བཞག་སྟེ་འཇིབ་འཁོར་ནང་ཕྱིན། དེ་ནས་རྒྱ་གར་དུ་ཡོད་པའི་རྒྱ་མིའི་གཞུང་ཚབ་ང་ཚོའི་འགྲུལ་ཁོངས་སུ་ཞུགས། གྲོང་ཁྱེར་གྱི་ཟུར་མཐའ་ནས་འབྲས་ལྗོངས་རྒྱལ་པོ་དང༌། ཁོང་གི་བློན་པོ་ཚོས་སྣེ་ལེན་གནང་བྱུང་བས། ཕྲན་འཇིབ་འཁོར་ནས་ཐོན་ཏེ་ཁོང་གི་རླངས་འཁོར་ནང་ལྷན་དུ་ཕྱིན། རླངས་འཁོར་དེས་སྐོར་གནས་ཚུལ་ཡ་མཚན་ཞིག་བྱུང་བ་ནི། དེའི་ཟུར་གཅིག་ལ་འབྲས་ལྗོངས་དང༌། ཟུར་གཅིག་ལ་བོད་ཀྱི་དར་ཆ་བཙུགས་འདུག་ཅིང༌། ང་ཚོ་གྲོང་ཁྱེར་གྱི་འགག་གཅིག་ཏུ་མི་ཚོགས་ཆེན་པོས་རླངས་འཁོར་ཤར་བགྲོད་མ་ཐུབ་པར་ཁྱུག་ཙམ་འགོར་སོང་བར་མི་མང་གིས་དགའ་བསུའི་དོན་དུ་རླངས་འཁོར་ཐོག་མེ་ཏོག་དང༌། ཁ་བཏགས་མང་པོ་ཕྱོགས་ཐམས་ཅད་ནས་འཐོར་བའི་ཟིང་ལོང་ཆེ་བའི་ངང༌། རྒྱ་མི་གཅིག་མི་ཚོགས་དཀྱིལ་ནས་གློ་བུར་དུ་ཐོལ་གྱིས་བྱུང་སྟེ། དེ་མ་ཐག་བོད་ཀྱི་དར་ཆ་ཕབ་སྟེ་རྒྱ་མིའི་དར་ཆ་ཞིག་བཙུགས་སོང༌། འབྲས་ལྗོངས་རྒྱལ་ཁང་དུ་འབྱོར་སྐབས་ད་ཅིའི་རྒྱ་མི་དེ་རྒྱ་ནག་གི་གཞུང་ཚབ་ཆེན་མོའི་སྐད་བསྒྱུར་བྱེད་འདུག་པས། ཁོ་པ་སྐད་བསྒྱུར་ཡིན་པ་ཤེས་ཏེ་ངེས་པ་ལྷག་པོ་སྐྱེས་བྱུང༌། དེ་ལ་རྒྱ་གར་གྱི་གྲོགས་པོ་འགས་ཀྱང་དོ་སྣང་བྱུང་སོང༌། གནས་ཚུལ་ཡ་མཚན་ཅན་དེ་རྒྱ་གར་བས་ཀྱང་མཐོང་བ་ཁོ་བོ་དགའ་བོ་བྱུང༌།

མཐའ་མའི་ལམ་འགྲུལ་ནི། དམིགས་བསལ་གྱི་གནམ་གྲུ་ཞིག་ནང་ཕྱིན་ཏེ་ནིའུ་ལྡི་ལིའི་ཕྱོགས་སླེབས་སྐབས་དབྱིན་ཇི་ཕྱིར་ལོག་སྐབས་རང་དབང་ཅན་གྱི་རྒྱ་གར་གསར་པར་སྤྲད་པའི་རྒྱལ་ས་ནིའུ་ལྡི་ལི་གྲོང་སྡེ་རྒྱ་ཆེ་ཡིད་དུ་འོང་བ་དེ་དག་མཐོང་བྱུང༌། གནམ་གྲུའི་ཐང་དུ་སྲིད་འཛིན་སྐུ་གཞོན་ཌོག་ཀྲོར་ར་དྷ་ཁིར་ཤི་ན་མཆོག་དང༌། སྲིད་བློན་སྐུ་ཞབས་ནེ་རུ་རྣམ་གཉིས་དགའ་བསུར་ཆེད་དུ་ཕེབས་འདུག ང་དང་མཉམ་དུ་གནམ་གྲུའི་ནང་ཡོད་པའི་རྒྱ་མིའི་གཞུང་ཚབ་པས་སྲིད་འཛིན་བློན་རྣམ་གཉིས་དང༌། ཕྱི་རྒྱལ་གཞུང་ཚབ་ཚོར་ངོ་སྤྲོད་བྱེད་རྒྱུ་ཡིན་ལུགས་ཨུ་ཚུགས་རྒྱག་གི་འདུག ཁོང་ནས་སྣེ་འཁྲིད་ཀྱིས་རྒྱལ་ཁབ་མང་པོའི་དཔོན་རིགས་ཚོ་ངོ་སྤྲོད་རིམ་བྱས་ཀྱིས་མཚམས་ཤིག་ཏུ་དབྱིན་ཡུལ་སྐུ་ཚབ་མདུན་སླེབས་འདུག ་ཁོ་བོའི་བསམ་པར་ཨ་རིའི་སྐུ་ཚབ་ཡོད་དམ་མེད། ཡོད་ན་དེ་མདུན་སླེབས་སྐབས་གནས་ཚུལ་ཇི་འདྲ་ཞིག་ཡོང་གི་ཡོད་དམ། དེ་ནི་གཞུང་ཚབ་པའི་སྲིད་དོན་ཕྱི་འབྲེལ་བྱེད་སྟངས་ཀྱི་གནད་གལ་ཆེན་པོ་ཞིག་རེད་སྙམ་པའི་ངང༌། རྒྱ་མིའི་གཞུང་ཚབ་པ་མིག་འཕྲུལ་ལྟ་བུར་ཡལ་ཏེ་ངོ་སྤྲོད་བྱེད་མཁན་མེད་པར་ནུབ་ཕྱོགས་པའི་ཕྱི་འབྲེལ་པ་ཞིག་གི་མདུན་དུ་བཞག་འདུག སྐབས་དེར་རྒྱ་གར་ཕྱི་འབྲེལ་ལས་ཁུངས་ཀྱི་མི་ཞིག་མངོན་མེད་དུ་ཡོང་སྟེ་འདི་ནི་ཨ་རིའི་གཞུང་ཚབ་པ་རེད་ཅེས་ངོ་སྤྲོད་བྱས་བྱུང༌།

ངས་ཌོག་ཀྲོར་ར་དྷ་ཁིར་ཤི་ན་ལྷན་དུ་རླངས་འཁོར་ཐོག་གྲོང་ཁྱེར་ནང་མི་ཚོགས་ཀྱི་དགའ་བའི་སྒྲ་སྐད་ཤིན་ཏུ་ལྡིར་བའི་ཁྲོམ་གཞུང་ནང་རིམ་བསྐྱོད་སྐབས་ཁོང་ནས་ང་ཚོ་མཇལ་བར་དགྱེས་སྤྲོ་བྱུང་ཚུལ་དང༌། ང་ཚོའི་ཡུལ་གཉིས་དབར་འབྲེལ་བ་ཡུན་རིང་བྱུང་བའི་གནས་ལུགས་སྙན་ཟབ་ཅན་གསུང་གི་འདུག ལམ་སྲང་རྣམས་སུ་དགའ་སྤྲོའི་རྣམ་པ་འཕྱུར་བའི་མི་ཚོགས་ཆེན་པོའི་ཁྲོད་དུ་སངས་རྒྱས་རྗེས་དྲན་གྱི་དུས་དྲན་མཚོན་ཕྱིར་ཕྱོགས་ཚང་མར་འཇའ་ཚོན་གྱི་དྲ་བ་ལྟ་བུ་དང༌། ལི་ཁྲིའི་མདངས་ཅན་དར་གྱི་ཅོད་པན་མང་པོ་ལྷབ་ལྷུབ་ཏུ་གཡོ་བཞིན་འདུག ཁོ་བོ་རྒྱ་གར་སྲིད་འཛིན་བཞུགས་ཡུལ་ར་ཅ་ཏར་པ་ཏི་བྷ་ཝན་ཞེས་པའི་ཁང་བཟང་དུ་ཕྱིན་པར། སྲིད་འཛིན་ཌོག་ཀྲར་ར་ཇིན་དྷར་པར་ས་ད་མཆོག་དགྱེས་འཛུམ་བཞད་པའི་ཉམས་དང་ལྡན་པས་ཚོམས་ཆེན་འགག་ནས་སྣེ་ལེན་མཛད། སྲིད་འཛིན་རྣམ་གཉིས་ནས་དགའ་སྤྲོ་ཆེན་པོའི་ཉམས་སྣང་ཐོབ་ཅིང༌། ཁོང་གཉིས་ནི་ལྷག་བསམ་དང༌། མཁྱེན་ཡོན་ཟབ་རྒྱ་ཆེ་བས་རྒྱ་གར་མི་མང་གི་སེམས་ནུས་མཚོན་པའི་རྟགས་མཚན་ལྟ་བུ་ཡིན་པར་བསམ་བྱུང༌།

ལྡི་ལིར་འབྱོར་པའི་ཕྱི་ཉིན་སྔ་དྲོར། ར་ཇི་གྷ་ཊི་ཞེས་པའི་ས་ཆར་མཧཱ་ཏ་མ་གྷན་དྷིའི་སྐུ་གདུང་བསྲེགས་ས་དེར་མཇལ་སྨོན་དུ་ཕྱིན། འཇའ་མུ་ན་གཙང་པོའི་ཉེ་ལོགས་ནིའུ་གསིང་སྔོ་ལྗང་ཅན་གྱིས་བསྐོར་བའི་མི་རྟག་པའི་སྣང་ཚུལ་ལམ་ལམ་ཡིད་ལ་འཆར་བའི་གནས་དེར་སྨོན་ལམ་འདེབས་སྐབས་སེམས་འགུལ་གཏིང་ཟབ་ཅིག་ཐེབས་བྱུང༌། ཚེ་སྒང་འཛམ་གླིང་འདིའི་སྟེང་ཁོང་དང་མཇལ་བའི་དུས་སྐབས་ཤིག་བྱུང་ན་ཅི་མ་རུང་སྙམ་པའི་དུང་དུང་ཡིད་ཀྱི་ཤེས་པ་རྣལ་དུ་མི་གནས་པ་ཞིག་བྱུང༌། འོན་ཀྱང་ས་གནས་དེར་ལངས་སྡོད་སྐབས་བློ་ཆེན་ཁོང་གི་ཉེ་འགྲམ་དུ་སླེབས་པའམ། མདུན་དུ་སླེབས་པ་ལྟ་བུའི་སྣང་བ་ཤར་ཞིང༌། དེ་ཉིད་འཚོ་བཞུགས་སྐབས་ང་ཚོའི་དུས་རབས་ནང་ཡོངས་སུ་གྲགས་པའི་སྙིང་སྟོབས་ཆེ་ཤོས་ཤིག་ཡིན་གྱི་རེད། ཁོང་མ་གཤེགས་བར་རྒྱ་གར་དང༌། མིའི་རིགས་སྙོམ་ཆུང་ཀུན་གྱི་སེམས་ཤུགས་གཅེས་འཛིན་གནང་ཞིང༌། ཁོང་ནི་སྟོན་པ་སངས་རྒྱས་ཀྱི་རྗེས་འཇུག་བཟང་པོ་ཞིག་དང༌། མིའི་རིགས་ཀུན་ལ་ཞི་བདེ་དང་མཛའ་མཐུན་ཡོང་བར་དོན་དམ་འབད་བརྩོན་གནང་མཁན་ཞིག་ཏུ་སྣང༌། གལ་ཏེ་མཧཱ་ཏ་མ་གྷན་དྷི་ད་ལྟ་འཚོ་བཞུགས་ཡོད་ན་ཁོ་བོར་ཟབ་ཅིང་དཀྱིལ་ཆེའི་ཐབས་བྱུས་སློབ་སྟོན་ཇི་འདྲ་ཞིག་གནང་ཡོང་སྙམ་པ་དང༌། ཁོང་ནས་ངོས་ལ་འཚེ་བྲལ་ཞི་བའི་ལམ་དུ་བགྲོད་དགོས་པའི་སློབ་སྟོན་དུས་རྟག་དུ་གནང་རྒྱུ་གོར་མ་ཆག ཞི་བའི་ལམ་ནས་བོད་མི་མང་གི་རང་དབང་ཐོབ་པ་ལ་ནུས་ཤུགས་གང་ཡོད་འདོན་གྱི་རེད་སྙམ་པ་བྱུང༌། ཁོང་གིས་གསུངས་ཤིང༌། ཕྱག་ལེན་དུ་བཀལ་བ་འཚེ་བྲལ་ཞི་བའི་ཐབས་ལམ་དེར་ཁོ་བོ་ཡིད་ཆེས་སྔར་ནས་ཡོད་པ་མ་ཟད། ད་དུང་ཡང་འཕོ་འགྱུར་མེད་པར་གནས་ཡོད་ཅིང༌། དྲག་ཤུལ་གྱི་བྱ་སྤྱོད་དུ་མ་ཞུགས་པར་ཁོང་གིས་ལམ་སྟོན་དེར་བགྲོད་རྒྱུར་ངོས་རང་སེམས་ཐག་བཅད་པ་ཡིན།

གནས་སྐོར་གྱི་རྗེས་སུ་ཉིན་ཤས་རིང་སངས་རྒྱས་རྗེས་དྲན་གྱི་མཛད་སྒོའི་བྲེལ་ཟིང་ཆེན་པོ་བྱུང༌། དེ་སྐབས་བཙན་དབང་གིས་མ་ནོན་ཞིང༌། འཛམ་གླིང་ཞི་བདེའི་དོན་དུ་སྟོན་པ་སངས་རྒྱས་ཀྱི་ཆོས་ཁྱབ་སྤེལ་གནང་མཁན་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་མཁས་པ་སྙན་གྲགས་ཅན་ཚོ་དང་གླེང་མོལ་བྱེད་རྒྱུའི་འདོད་མོས་ཡོད་པ་ལྟར་སྐབས་དེར་དུས་སྐབས་ཕྲན་བུ་ཐོབ་བྱུང༌། རྒྱལ་ཁབ་མཆོག་དམན་ཕན་ཚུན་ཚང་མ་ཆེ་ཆུང་ཐུབ་ཚོད་རིགས་མ་བྱས་པར་མཛའ་མཐུན་ཞི་བདེ་ཞིག་བྱུང་ན་སྙམ་པའི་ཀུན་སློང་གིས་ཚོགས་འདུར་གླེང་མོལ་སྐབས་ཀྱང་ནང་པའི་ཆོས་ཀྱི་ཞི་བདེའི་རྣམ་པའི་སྐོར་ནན་ཏན་གྱིས་བརྗོད་ཅིང༌། དུས་སྟོན་མཛད་སྒོ་དེ་ལྟ་བུ་ལ་བརྟེན་ནས་སངས་རྒྱས་ཀྱི་ལམ་དང༌། ཡོན་ཏན་རྣམས་ཨེ་ཤ་ཡའི་ས་ཁུལ་ཙམ་དུ་མ་ཟད། ནུབ་ཕྱོགས་པའི་ཡུལ་དུ་ཡང་དར་ཁྱབ་ཡོང་བའི་རེ་འདུན་བྱས་པ་ཡིན། དེ་ཡང༌། སངས་རྒྱས་ཀྱི་ཆོས་ཀྱི་མཐུ་ལས་ཆོས་བྱེད་ཀྱི་མི་རང་རང་གི་འཕྲལ་ཡུན་གྱི་རེ་འདོད་འགྲུབ་ཅིང༌། གཏན་གྱི་ཞི་བདེའི་དཔལ་ཡོན་ཐོབ་པ་མ་ཟད། རྒྱལ་ཁབ་ཕན་ཚུན་འཁོན་འཛིན་གྱིས་འཁྲུག་རྩོད་བྱེད་པ་ཡང་མཚམས་ཆོད་ཅིང༌། བྱམས་བརྩེའི་མཛའ་བ་བརྟན་པོར་ཡོང་རྒྱུ་དང༌། མདོར་ན་འགྲོ་བའི་རིགས་སོ་ཅོག་སྡུག་བསྔལ་ལས་གྲོལ་བའི་ལམ་ནི་སངས་རྒྱས་ཀྱི་ཆོས་ནས་རྙེད་ཐུབ་ཅིང༌། དེར་མ་ཟད། སྟོན་པ་སངས་རྒྱས་ཀྱི་ཆོས་ལས་གཞན་པའི་ཆོས་ལུགས་ཇི་འདྲ་ཞིག་ཡིན་ཡང༌། མིའི་འགྲོ་བ་རྣམས་དངོས་བརྒྱུད་ཅི་རིགས་པའི་སྡུག་བསྔལ་ལས་ཐར་བའི་ཐབས་རེ་ཡོད་པས། ཆོས་དད་ཀྱི་བསམ་ཚུལ་ལ་བཙན་གནོན་བྱེད་པ་ནི་སྐྱེ་རྒུའི་འཕྲལ་ཡུན་གྱི་ཞི་བདེ་འཇོམས་པའི་གདུག་ཅན་ཡིན།

དུས་སྟོན་མཛད་སྒོ་རྣམས་ཟིན་རྗེས་སྐུ་ཞབས་ནེ་རུ་མཆོག་དང་སྲིད་དོན་གྱི་གླེང་མོལ་དངོས་གཞི་བྱེད་པའི་གོ་སྐབས་བྱུང༌། སྐབས་དེར་ངེད་རང་གི་བསམ་ཚུལ་ཅུང་ཟད་མཐོ་རུ་ཕྱིན་ཡོད། ཕྲན་རྒྱ་གར་དུ་ཡོང་འདོད་བྱུང་བའི་རྒྱུ་མཚན་རྣམས་གོང་དུ་བརྗོད་ཟིན་ཅིང༌། ད་ཆ་རྒྱ་ནག་གཞུང་གིས་བོད་སྐོར་སྲིད་བྱུས་ལ་སྒྱུར་བཅོས་ངེས་བརྟན་ཞིག་མ་བྱུང་བར་རང་ཡུལ་དུ་ཕྱིར་ལོག་མི་བྱེད་པར་རྒྱ་གར་དུ་སྡོད་རྒྱུའི་ཐག་གཅོད་གསར་པ་ཞིག་མི་བྱེད་ཐབས་མེད་བྱུང༌། དེ་ནི་མཧཱ་ཏ་མ་གྷན་དྷི་དང་ཉེ་བར་གནས་པའི་སྣང་བ་བྱུང་བ་དང༌། ཤ་ཚ་ཤེས་ཡོན་ཅན་གྱི་མི་སྣ་མང་པོ་ཐུག་འཕྲད་བྱུང་བ་དེས་ཤུགས་རྐྱེན་ཐེབས་པ་ཡིན་སྲིད། ཕྱི་རྒྱལ་མི་སྣ་ཐོག་མར་ཐུག་འཕྲད་བྱུང་བ་ཚོ་བོད་པ་མིན་ཡང་བོད་དུ་དངོས་འབྲེལ་གྱི་ཤ་ཞེན་བྱེད་མཁན་ཤ་སྟག་འདུག ཁོང་ཚོས་ངའི་ཡུལ་ནང་དུ་མི་མང་ལ་གྲོགས་ཕན་ལམ་སེང་བྱེད་ཐབས་མེད་པ་དང༌། རྒྱ་དམར་གྱི་དྲག་སྤྱོད་འཕྲལ་འགོག་མི་ཐུབ་ཅིང༌། ད་བར་བོད་ནང་གི་ཞི་བའི་ཐབས་ཤེས་ཇི་བྱས་འབྲས་མེད་དུ་འགྱུར་གྱི་ཡོད་རུང༌། རྒྱ་གར་ནས་མ་མཐའ་ཡང་ཁོ་བོ་ཅག་གི་མི་མང་གི་འདོད་ཚུལ་རྣམས་འཛམ་གླིང་དུ་གསལ་པོར་བརྗོད་དེ་རྒྱབ་སྐྱོར་ཐོབ་ཐབས་བྱེད་ཐུབ་རྒྱུ་དང༌། དེས་རྒྱ་ནག་གི་སྲིད་བྱུས་གདུག་རྩུབ་ཅན་དེར་འགྱུར་བ་ཡོང་སྲིད་ཀྱི་རེད་སྙམ་པ་བྱུང་།

དེའི་སྐོར་སྲིད་བློན་ནེ་རུར་ནང་མོལ་ཞིབ་གླེང་ཞིག་བྱུང་ན་གང་ཅིར་དགེ་མཚན་ཆེ་སྟབས་ཁོང་གི་བོད་སྐད་སྒྱུར་པ་པོ་མ་གཏོགས་གཞན་དག་མེད་པར་ཁེ་གཙང་ལྷོད་མཇལ་ཐོག ཐོག་མར། རྒྱ་གར་དུ་སངས་རྒྱས་ཀྱི་རྗེས་དྲན་ལ་ཡོང་ཐུབ་པར་དགའ་སྤྲོ་བྱུང་ཚུལ་སྐོར་ཞུས་རྗེས། བར་ལམ་བོད་ཤར་ཕྱོགས་ནང་འུ་ཐུག་གི་གནས་ཚུལ་ཇི་བྱུང་དང༌། ད་དུང་ས་གནས་གཞན་དག་ཏུ་ཁྱབ་འཕེལ་ཇི་ཡོང་བློ་གཡེང་ཆེ་ཚུལ། རྒྱ་མིས་ང་ཚོའི་ཆོས་དང༌། རིག་གཞུང་དངོས་སུ་སྟོར་རྐྱེན་དང༌། ལོ་རྒྱུས་ཐོག་ཡོད་པའི་འཕགས་བོད་འབྲེལ་བའི་འབྲེལ་མཚམས་གཅོད་རྩིས་ཡོད་ལུགས་སྐོར་བཅས་ཞིབ་ཞུས་ཐོག ་བོད་མི་ཚོས་རེ་བའི་ལྷག་མ་རྒྱ་གར་གཞུང་དང་མི་མང་ཐོག་བྱེད་ཚུལ། ང་ཚོར་ཞི་བའི་ཐོག་ནས་རང་དབང་མ་ཐོབ་བར་རྒྱ་གར་དུ་སྡོད་འདོད་ཡོད་པའི་གནས་ལུགས་བཅས་ཁུངས་གསལ་གླེང་མོལ་ཞུས་པ་ཡིན་་

ཁོང་ནས་དེ་རྣམས་བཟོད་སྲན་ངང་རིང་གིས་གསན་སོང་བའི་མཐར་གསུང་ལན་དུ། འཕགས་བོད་གནའ་རབས་ཆོས་རིག་གི་འབྲེལ་བ་ཆེ་བས་བོད་དུ་གནས་ཚུལ་ཐབས་རྡུགས་ཇི་བྱུང་ལ་བློ་ཕམ་གདུང་སེམས་ཆེ་ན་ཡང༌། ད་ལྟའི་ཆར་བོད་ཕན་བྱེད་ཐབས་ཤིན་ཏུ་དབེན་པ་དང༌། བོད་ཡུལ་གྱི་རང་དབང་རང་བཙན་སྐོར་རྒྱལ་སྤྱིའི་ཁྲིམས་ལུགས་དང་འབྲེལ་བའི་ཁས་ལེན་སུས་ཀྱང་བྱས་ཡོད་པ་མ་རེད་ཅེས་དང༌། ཕྲན་གྱི་བསམ་ཚུལ་བཞིན། རྒྱ་ནག་དང་དྲག་འཐབ་བྱེད་རྒྱུར་དགེ་མཚན་མེད་པ་དང༌། གལ་སྲིད་བོད་མིས་དྲག་འཐབ་བྱས་ན་རྒྱ་མིས་དཔུང་སྣོན་བཏང་སྟེ་དཀའ་ཚེགས་མེད་པར་ཡུལ་ཁམས་བསྟོར་བཅོམ་གཏོང་རྒྱུར་བརྟེན། ཁྱེད་རང་བོད་དུ་ཕྱིར་ཕེབས་ཐོག་སྔར་བཞིན་ཞི་བའི་ལམ་ནས་ཐབས་ཤེས་ཀྱིས་གྲོས་མཐུན་དོན་ཚན་བཅུ་བདུན་ནས་རང་ཁེ་ཅི་ལོན་གྱི་ལག་ལེན་འཁེལ་ཐབས་བྱ་དགོས་ཞེས་སློབ་སྟོན་གནང་བྱུང༌།

དེའི་ལན་དུ། ཕྲན་ནས་དེ་སྐོར་ལག་ལེན་འཁེལ་ཐབས་ལན་དགུ་ཆད་མཐུད་ཀྱི་འབད་བརྩོན་མ་བྱས་པ་མེད་ཀྱང༌། རྒྱ་མིའི་ངོས་ནས་ཕྱོགས་གཅིག་འདོད་པས་བརྩི་སྲུང་ཇི་བཞིན་མ་བྱུང་ཞིང༌། ཁོང་ཚོའི་བསམ་ཚུལ་ལ་འགྱུར་བ་ཡོང་རེ་ཡང་མ་མཐོང་ཚུལ་བརྗོད་པར། སང་ཉིན་ཀྲོའུ་ཨན་ལན་རྒྱ་གར་དུ་འབྱོར་རྒྱུར་འཕྲོས་མོལ་བྱས་འཐུས་གསུངས་ཏེ་མཇལ་འཕྲད་གྲོལ་བ་ཡིན། དེའི་ཕྱི་ཉིན་ཁོ་བོ་ལྡི་ལི་གསར་པའི་པ་ལམ་གནམ་གྲུ་བབས་ཚིགས་སར་ཀྲོའུ་ཨན་ལན་ཕེབས་བསུར་བསྐྱོད་ཅིང༌། དེ་ནུབ་ཁོང་དང་མཉམ་དུ་གླེང་མོལ་ཡུན་རིང་བྱུང་བར། ང་ཚོའི་ཤར་ཕྱོགས་ས་ཁུལ་གྱི་གནས་ཚུལ་ཇེ་སྡུག་ཏུ་འགྲོ་ཚུལ་དང༌། ས་གནས་དེའི་གནས་ཚུལ་དང༌། མི་མང་གི་རེ་འདོད་དང་མ་བསྟུན་པར་རྒྱ་རིགས་ལས་བྱེད་པས་བཙན་དབང་གིས་བསྒྱུར་བཅོས་བྱས་ལུགས་སྐོར་བརྗོད་པར། ཁོང་ནས་བློ་ཕམ་གྱི་རྣམ་པས་བརྗོད་དོན། ས་གནས་དེ་ཁུལ་རྒྱ་མིའི་འགོ་བྱེད་ཚོས་ནོར་འཁྲུལ་བྱུང་ཚུལ་དང༌། ཁོ་བོས་གང་བཤད་པ་རྣམས་མའོ་ཙེ་ཏུང་ལ་ཞིབ་གསོལ་ཞུས་འཐུས་ཟེར་བ་ཙམ་ལས་ཡར་རྒྱས་སུ་གཏོང་ཐབས་ཁས་ལེན་འདི་ཡིན་མ་བྱུང༌།

ཉིན་ཤས་རྗེས་ཀྲོའུ་ཨན་ལན་ནས། རྒྱ་ནག་གཞུང་ཚབ་ཁང་དུ་གཅེན་པོ་ཐུབ་བསྟན་ནོར་བུ་དང༌། རྒྱལ་ལོ་དོན་གྲུབ་གཉིས་དགོང་མོའི་གསོལ་སྟོན་ཞིག་ཏུ་མགྲོན་འབོད་ཐོག ཁོང་གཉིས་དང༌། ཀྲོའུ་ཨན་ལན་མཉམ་དུ་གླེང་མོལ་བྱུང་དོན་ཕྲན་བུ་ངོ་དཀར་ཞིང༌། གསལ་ཁ་དོད་པ་བྱུང་འདུག ་གཅེན་པོ་གཉིས་ང་ཚོའི་གཞུང་གི་ལས་བྱེད་པ་མིན་སྟབས་བོད་ནང་གླེང་རྙོག་ཇི་བྱུང་ལ་མཛེས་ཟོན་མེད་པར་གནད་དོན་གསལ་པོ་བཤད་དེ རྗེས་སུ་སྐབས་དེར་གླེང་མོལ་ཇི་བྱུང་ཕྲན་ལ་བརྗོད་གསལ། དུས་རབས་མང་པོའི་རིང་བོད་ནས་རྒྱ་ནག་ལ་གལ་ཆེའི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཏུ་བརྩི་འཇོག་བྱས་ན་ཡང༌། ད་ཆ་བོད་ནང་རྒྱ་མི་ཚོས་བོད་མི་རྣམས་དགྲའི་གཙོ་བོར་ངོས་འཛིན་བྱེད་ལུགས། ཁོང་ཚོས་བོད་ནང་ཕུང་དཀྲོལ་བཟོ་ཆེད་བོད་མི་ཐ་ཆད་དག་ལ་བེད་སྤྱོད་ཀྱིས་བོད་རྒྱའི་འབྲེལ་ལམ་ཡར་རྒྱས་གཏོང་ཐུབ་མཁན་གྱི་བོད་མི་ཚོར་བདག་སྤྲོད་མ་བྱས་ཤིང༌། གཞུང་གི་སྲིད་དབང་སྟོར་རྐྱེན་བཟོ་ཆེད་ཏཱ་ལའི་བླ་མ་སྐུ་གོང་མ་དང༌། པཎ་ཆེན་སྐུ་གོང་མ་མི་མཐུན་པ་བྱུང་བ་དེ་དག་ཡང་བསྐྱར་གླེང་སློང་གིས་པཎ་ཆེན་བླ་མར་སྲིད་དོན་གྱི་རྒྱབ་སྐྱོར་བྱས་ལུགས། བོད་དང༌། ལྷག་པར་ལྷ་སའི་ནང་དགོས་གལ་མེད་པའི་དམག་འབོར་ཆེན་པོ་ཉར་གསོག་གིས་བོད་ཀྱི་དཔལ་འབྱོར་ལ་གནོད་སྐྱོན་དང༌། དངོས་རིན་འཕར་ཚད་མཐོ་བས་བོད་མི་བཀྲེས་ལྟོགས་ཀྱི་ནང་མུ་གེའི་གནས་སུ་གྱར་བ། རྒྱ་ནག་གིས་བོད་དབང་བསྒྱུར་བྱེད་པ་དེར་མི་འདོད་པ་བྱེད་མཁན་ནི་བོད་ཀྱི་དབང་འཛིན་གྲལ་རིམ་པ་རྣམས་མིན་པར་བོད་མི་མང་དཀྱུས་མ་རྣམས་ཡིན་ཚུལ། རྒྱ་མིའི་དམག་དཔུང་བོད་ནས་ཕྱིར་འཐེན་དགོས་ལུགས་དང༌། ཕན་ཚུན་འདྲ་མཉམ་ཐོག་ནས་གྲོས་མཐུན་གསར་པ་ཞིག་ལ་མིང་རྟགས་འགོད་དགོས་ཚུལ་ཟེར་མཁན་ཡང་མི་མང་ཚོ་ཡིན་ལུགས། འོན་ཀྱང་ལྷ་སའི་ནང་གི་རྒྱ་མི་ཚོས་མི་མང་གི་བསམ་ཚུལ་དྭང་ལེན་བྱེད་ཀྱི་མེད་པ་སོགས་སྐྱོན་བརྗོད་གསལ་པོ་བྱས་འདུག གླེང་མོལ་དེ་ལྟར་བྱེད་སྐབས་ཀྲོའུ་ཨན་ལན་དགའ་མོས་མ་བྱུང་ཡང༌། རྣམ་འགྱུར་མཁས་པོའི་ཐོག་ནས་གཅེན་པོ་ཟུང་ལ་བརྗོད་གསལ། ཏཱ་ལའི་བླ་མའི་དབང་ཆ་སྟོར་རྐྱེན་དང༌། བོད་ནང་ཕུང་དཀྲོལ་བཟོ་ཆེད་བོད་མིའི་འདོད་པར་མེད་པའི་མི་རིགས་སམ། ཡང་ན་པཎ་ཆེན་བླ་མར་རྒྱ་ནག་གཞུང་གིས་བེད་སྤྱོད་བྱེད་འདོད་མེད། བོད་ཀྱི་ལས་དོན་ནང་ཐེ་བྱུས་བྱེད་འདོད་དང༌། བོད་ཀྱི་དཔལ་འབྱོར་ཐོག་གནོན་ལྗིད་འགེལ་འདོད་མེད་ཅེས་དང༌། གཅིག་བྱས་ན་ས་གནས་ཀྱི་ལས་བྱེད་པས་གནས་ཚུལ་མ་རྟོགས་པའི་རྐྱེན་གྱིས་དཀའ་ངལ་འགའ་ཤས་བྱུང་ཡོད་སྲིད་ཅིང༌། ལྷ་སའི་ནང་གི་བཟའ་བཅའི་རིགས་ལེགས་བཅོས་བྱེད་རྒྱུ་དང༌། བོད་མིས་བོད་ཀྱི་ལས་དོན་རང་འགོ་ཐོན་འཕྲལ་རྒྱ་མིའི་དཔུང་དམག་རིམ་བཞིན་ཕྱིར་འཐེན་བྱས་འཐུས། གནས་ཚུལ་རྣམས་མའོ་ཙེ་ཏུང་ལ་སྙན་སེང་གིས་རྙོག་ཁྲ་འབྱུང་གཞི་རྣམས་ལ་རྟོག་ཞིབ་བྱེད་རྒྱུ་ཡིན་ཞེས་དང༌། ད་དུང་ཁོང་ནས་བརྗོད་གསལ། ངས་ཁས་ལེན་བྱས་པ་རྣམས་ཁ་ཚིག་ཙམ་མིན་པར་ལག་ལེན་དུ་འགེལ་གྱི་ཡིན། ཁྱེད་ཚོ་རྒྱ་གར་དུ་བཞུགས་འདོད་ཡོད་ཚེ་བཞུགས་ན་འགྲིགས། ང་ཚོས་ལག་ལེན་ཇི་བྱས་ལ་གཟིགས་དགོས། གལ་ཏེ་ང་ཚོས་ལག་ལེན་ཇི་བཞིན་མ་བྱས་ན་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཇི་བྱེད་ཁྱེད་ཚོར་རང་དབང་ཡོད་ཅེས་བརྗོད་འདུག་ཅིང༌། མཇུག་མཐར་ཁོང་གིས་བརྗོད་དོན་ངས་ཀྱང་ཁྱེད་ཚོར་རེ་འདུན་ཞུ་རྒྱུ་གཅིག་ཡོད། ངས་གོ་ཐོས་སུ་ཏཱ་ལའི་བླ་མ་རྒྱ་གར་དུ་བཞུགས་རྩིས་ཡོད་ཚོད་ལ་ཁྱེད་ཚོས་བོད་དུ་ཕྱིར་ཕེབས་དགོས་པའི་བསྐུལ་མ་ཞུ་དགོས། གལ་སྲིད་ཏཱ་ལའི་བླ་མ་བོད་དུ་མ་ཕེབས་ན། ཏཱ་ལའི་བླ་མ་དང༌། ཏཱ་ལའི་བླ་མའི་མི་མང་ལ་གནོད་སྐྱོན་ཡོང་གི་རེད་ཅེས་བརྗོད་འདུག

ཀྲོའུ་ཨེན་ལན་ཐུག་འཕྲད་རྗེས་ངས་རྒྱ་གར་ནང་ཁུལ་ནང་གལ་དུ་ཡོད་པའི་ཆུ་ཤུགས་གློག་འདོན་ཁང་སོགས་བཟོ་ལས་ཀྱི་འཆར་གཞི་ཆེན་པོ་དེ་ཚོར་བལྟ་སྐོར་དུ་ཕྱིན་ཏེ། གུང་བྲན་རིང་ལུགས་དང༌། རང་དབང་དམངས་གཙོའི་རིང་ལུགས་འོག་ལས་དོན་བྱེད་སྟངས་མི་འདྲ་བའི་ཁྱད་པར་ཆེན་པོ་དེ་དག་ཐོག་མར་མཐོང་བྱུང༌། དེ་གཉིས་ཀྱི་ཁྱད་པར་ནི་ལས་ཀ་བཙན་བསྐུལ་བྱེད་པ་དང༌། རང་མོས་དྭང་བླངས་ཀྱིས་བྱེད་པ་དེ་རེད། ཁོ་བོའི་འགྲིམས་འགྲུལ་འཆར་གཞི་གཙོ་བོ་རྒྱ་གར་ནང་ལོ་རྒྱུས་ཐོག་ཡོད་པའི་ཆོས་ཕྱོགས་ཀྱི་གནས་ཆེན་ཁག་ལ་གནས་བསྐོར་བྱེད་རྒྱུ་དེ་ཡིན་ཅིང༌། དེ་ལ། སན་ཅི། ཨ་ཇན་ཏ། ཝཱ་ར་ཎཱ་སི། རྡོ་རྗེ་གདན་སོགས་བྱིན་རླབས་གཟི་འོད་ཆེས་ཆེར་འབར་བའི་གནས་མཆོག་རྣམས་ཞིབ་མཇལ་ཐོག སྤྱི་བྱེའི་བསོད་ནམས་ཀྱི་དངོས་པོ་འདུ་བྱ་བའི་སླད་དུ་ཕྱག་མཆོད་ཀྱི་ལས་འཚམས་པ་རེ་བྱས་ཏེ་རིམ་བསྐྱོད་བྱས། གནའ་རབས་རྒྱ་གར་གྱི་བཟོ་བཀོད་རིག་རྩལ་རྣམས་ཡིད་འཕྲོག་པ་འདུག་ཀྱང༌། ཕ་མེས་ཀྱི་ཁྱད་ནོར་དེ་དག་ལ་སྔ་དུས་ལས་རིགས་འདྲ་མིན་ནང་ཁུལ་འཁོན་འཁྲུག་གིས་ཉམས་ཆག་གང་འཚམས་བྱུང་འདུག་ཀྱང༌། རྒྱ་གར་རང་དབང་ཐོབ་རྗེས་རྩ་ཁྲིམས་ནང་ཆོས་ལུགས་ཚང་མར་རང་དབང་གཏན་འབེབས་བྱས་པ་དེས་གོང་གི་གནས་ཚུལ་ཞི་བདེའི་ཕྱོགས་སུ་འགྱུར་བ་བྱུང་འདུག

ཝཱ་ར་ཎཱ་སི་དང༌། རྡོ་རྗེ་གདན་སོ་སོར་བོད་མི་གནས་བསྐོར་བ་སྟོང་ཕྲག་མང་པོ་ངོས་ཐུག་འཕྲད་ཆེད་སྒུག་སྡོད་བྱས་འདུག་པར་འདོད་ཆོས་སྙིང་པོ་བསྡུས་པ་རེ་འཆད་སྤེལ་བྱས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་དྲི་མ་མེད་པ་ཞི་བསིལ་གཏན་བདེའི་གོ་འཕང་ཡངས་པོར་བགྲོད་པའི་ལམ་བཟང་འདི་ལ་ཞུགས་དགོས་ཚུལ་ནན་བརྗོད་བྱས།

གནས་ཆེན་སྤྱི་དང༌། ཁྱད་པར་རྡོ་རྗེ་གདན་དུ་ཕྱིན་པ་དེས་བློ་སྐྱེད་ཆེན་པོ་བྱུང༌། ནང་པ་ཚང་མས་རྡོ་རྗེ་གདན་ནི་ཆོས་དང༌། ཤེས་རིག་གང་གི་ཆ་ནས་ཆེས་ཤིན་ཏུ་རྩ་ཆེར་འཛིན་པ་ཡིན། གནས་མཆོག་འདི་མཇལ་འདོད་ཕྲན་ཆུང་ངུའི་དུས་ནས་ཡོད། དེ་ཡང༌། བཟང་པོའི་ཐུགས་བསྐྱེད་དུས་སུ་སྨིན་པས་འགྲོ་ཀུན་བྱང་ཆུབ་ཆེན་པོའི་རྒྱལ་སར་འགོད་པའི་ཐུགས་བསྐྱེད་ཅིང༌། བརྩོན་པ་ཆེན་པོས་རང་གཞན་གྱི་རྒྱུད་སྨིན་པར་བྱེད་པའི་གྲངས་མེད་གསུམ་གྱི་ཚོགས་གཉིས་ཀྱི་སྤྱོད་པར་རིམ་གྱིས་བསླབས་ནས་རང་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཐུགས་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པའི་མཁྱེན་པའི་སྟོབས་ཀྱིས་གདུལ་བྱའི་བློ་དང་འཚམས་པའི་ཐེག་པ་གསུམ་གྱི་ཆོས་ཀྱི་ཚུལ་ཀུན་ནས་གསལ་བར་སྟོན་ཏེ་འགྲོ་ཀུན་རང་གིས་རྙེད་པའི་གོ་འཕང་མཆོག་ལ་རིམ་གྱིས་འགོད་པར་མཛད་པའི་སྟོན་པ་མཆོག་དེའི་སྣང་བརྙན་གང་གི་མདུན་དྲུང་དུ་སྒོ་གསུམ་གུས་པས་བཏུད་ཏེ་གནས་པའི་སྐབས་དེར་སྟོན་པའི་ཡོན་ཏན་དང༌། གསུང་གི་བཀའ་དྲིན་ལྷག་པར་དྲན་པའི་དད་གུས་ཀྱིས་ལུས་ཀྱི་སྤུ་ལོང་གཡོ་བ་དང༌། སྟོན་པ་སངས་རྒྱས་ཀྱི་བྱིན་རླབས་ཀྱིས་ཚིམས་པའི་སྣང་བ་བྱུང༌།

སཱ་ར་ནཱ་ཐར་འབྱོར་སྐབས་ནིའུ་ལྡི་ལིའི་རྒྱ་མིའི་གཞུང་ཚབ་ཁང་ནས་བང་མི་ཞིག་བཏང་འབྱོར་བྱུང་བ་དེའི་གདོང་ལྷ་སྡོད་རྒྱ་ནག་སྐུ་ཚབ་དམག་དཔོན་ཀྲང་ཅིང་ཨུ་ནས་བཏང་བའི་རླུང་འཕྲིན་ཞིག་འཁྱེར་འདུག་པའི་ནང་བོད་ནང་གནས་ཚུལ་ཛ་དྲག་ཆེ་ཞིང༌། སོ་ཉུལ་བ་དང་མཉམ་ལས་བྱེད་མཁན་ཚོས་ངོ་ལོག་གི་འཆར་གཞི་རྒྱ་ཆེན་པོ་ཞིག་གདིང་གི་འདུག་པས་ངེད་འཕྲལ་དུ་ཕྱིར་ལོག་དགོས་ཚུལ་གསལ་འདུག རྡོར་གདན་དུ་འབྱོར་སྐབས་མཉམ་ཡོད་རྒྱ་མིའི་ལས་བྱེད་པ་ཞིག་ནས་ཀྲོའུ་ཨན་ལན་ལྡི་ལིར་འབྱོར་རྒྱུར་ངེད་འཕྲད་འདོད་ཆེན་པོ་ཡོད་ལུགས་བརྗོད་འདུག ་དེར་བརྟེན་ཉིན་ཤས་རྗེས་མི་མཐུན་པ་དང༌། ཡིད་ཆེས་མེད་པ། བཀའ་རྙོག་ཅན་གྱི་སྲིད་དོན་བཅས་ཀྱི་འདམ་རྫབ་ནང་རང་ཉིད་མི་འདོད་བཞིན་དུ་དྲུད་འཐེན་བྱེད་དགོས་པ་བྱུང༌།

ནིའུ་ལྡི་ལིར་འབྱོར་སྐབས་གནས་ཁང་དུ་བསྐྱོད་ལོང་ཙམ་མེད་པར་མེ་འཁོར་ནས་བབས་མ་ཐག་ཀྲོའུ་ཨན་ལན་ཡོད་སའི་རྒྱ་ནག་གཞུང་ཚབ་ཁང་དུ་ཐད་བསྐྱོད་བྱེད་དགོས་བྱུང་སྟེ། དེ་སྐབས་ཀྲོའུ་ཨན་ལན་ནས་ཕྲན་ལ་བོད་ནང་གནས་ཚུལ་ཇེ་སྡུག་ཏུ་སོང་འདུག་པས་འཕྲལ་དུ་ཕྱིར་ལོག་བྱས་ན་ལེགས། གལ་སྲིད་ཟིང་ལངས་བྱུང་ན་འཕྲལ་མར་དྲག་གནོན་བྱེད་རྒྱུ་ཡིན། རྒྱ་གར་ནང་གི་བོད་མི་ཚོས་རྙོག་སློང་བྱེད་རྩིས་ཡོད་འདུག་གཤིས། ཁྱེད་རང་དོན་གནད་ལམ་ཕྱོགས་གང་དུ་འགྲོ་མ་ནོར་བར་ཟབ་ཟབ་ཀྱིས་སྔོན་ཚུད་སེམས་ཐག་གཅོད་དགོས་ཟེར་བར། ཕྲན་ནས་རྒྱ་མི་བོད་དུ་འབྱོར་ནས་དཀའ་ངལ་བྱུང་ཚུལ་ཁ་སྔོན་བརྗོད་པ་རྣམས་བསྐྱར་བརྗོད་ཀྱིས་ངས་ཐག་གཅོད་ཇི་བྱེད་ད་ལྟ་ལམ་སེང་བརྗོད་སྟབས་བདེ་མིན་ཞེས་དང༌། ཡང༌། ད་ཕན་ང་ཚོར་མ་འགྲིགས་པ་ཇི་བྱུང་བརྗེད་དུ་འཇུག་རྒྱུར། ད་ཕྱིན་ང་ཚོར་མི་མང་གི་བློ་དང་མ་འཚམས་པའི་དཀའ་ངལ་འབྱུང་གཞིའི་རིགས་མཚམས་འཇོག་བྱ་དགོས་ཞེས་བརྗོད་ལན་དུ ཁོང་ནས་གསུངས་དོན་སྙིང་པོར། བོད་ནང་བཅོས་བསྒྱུར་བྱེད་རྒྱུ་རྣམས་བོད་མིའི་བསམ་འདོད་དང་བསྟུན་ནས་མ་གཏོགས་མི་བྱེད་པ་མའོ་ཙེ་ཏུང་གིས་བཀའ་གསལ་པོར་བྱུང་ཚུལ་ཟེར་ཞིང༌། ཁོང་གིས་བརྗོད་ཕྱོགས་ལ་གཞིགས་ན་བོད་མིས་རྒྱ་མིར་དགའ་བསུ་མི་ཞུ་བའི་གནས་ཚུལ་ད་དུང་ཤེས་ཀྱི་མེད་པའི་ཟོལ་དུ་འདུག ཁོང་ནས་བརྗོད་གསལ། ཀ་སྦུག་ཁུལ་ནས་ཁོ་བོར་གདན་ཞུ་ཕུལ་ཡོད་ཚོད་ལ་ཁུལ་དེར་བོད་མིས་རྙོག་སློང་བྱེད་རྒྱུར་བརྟེན་མ་བསྐྱོད་ན་ལེགས་ཚུལ་ཟེར་ཞིང༌། ངས་དེ་སྐོར་བསམ་གཞིགས་བྱས་འཐུས་ཙམ་ལས་མ་བརྗོད། ཀ་སྦུག་ནི་རྒྱ་གར་བྱང་བརྒྱུད་བོད་ཀྱི་ས་མཚམས་ཡིན། ཁུལ་དེར་བོད་མི་གང་འཚམས་ཡོད་པ་དང༌། འགའ་ཤས་རྒྱ་མིའི་དབང་བསྒྱུར་འོག་ནས་བྲོས་བྱོལ་ཡོང་བ་རེད། མཐར་ཁོང་ནས་ཕྲན་ལ་སློབ་སྟོན་ལྟ་བུར་བརྗོད་གསལ། རྒྱ་གར་གྱི་དཔོན་རིགས་འགའ་ཤས་ཧ་ཅང་ཡག་པོ་ཡོད་ཀྱང༌། འགའ་ཤས་ཡ་མཚན་ཅན་ཡོད་སྟབས་ཤིན་ཏུ་བརྟན་པོ་བྱེད་དགོས་སོགས་བརྗོད་དེ་གླེང་མོལ་ཐག་གཅོད་དཀའ་བ་བྱུང་ཞིང༌། དེ་མུར་ཕྱིར་ལོག་ཡོང་བ་ཡིན། དེའི་ཕྱི་ཉིན་སྔ་དྲོ་རྒྱ་ནག་སྲིད་བློན་དང་ལྷན་ཕེབས་སྲིད་བློན་གཞོན་པ་དམག་དཔོན་ཧོ་ལུང་ཟེར་བ་ཕྲན་སར་ཡོང་སྟེ་ངེད་བོད་ལ་འཕྲལ་དུ་ཕྱིར་ལོག་དགོས་ལུགས་ཀྲོའུ་ཨན་ལན་གྱི་སློབ་སྟོན་དེ་ཡང་བསྐྱར་བྱས་བྱུང་ཞིང༌། ད་དུང་ཁོང་གིས། སེངྒེ་གངས་ལ་གནས་ན་སེངྒེ་དང༌། སེངྒེ་ཀླུང་དུ་བབས་ན་སྒོ་ཁྱིར་བེད་སྤྱོད་བྱེད། ཅེས་པའི་རྒྱ་མིའི་གཏམ་དཔེ་ཞིག་བཤད་བྱུང་བ་ཡང་དྲན་གྱི་འདུག སྐབས་དེར་ངས་གླེང་རྩོད་བྱེད་འདོད་མ་བྱུང༌། དེ་སྐབས་ངས་ནེ་རུའི་སློབ་སྟོན་དང༌། ཀྲོའུ་ཨན་ལན་ནས་ངོས་དང༌། ངོས་ཀྱི་གཅེན་པོ་ཟུང་ལ་ཁས་ལེན་བྱས་པ་རྣམས་ལ་བསམ་གཞིགས་བྱས་ཟིན་ཏེ། ཁོ་བོ་བོད་དུ་ཕྱིར་ལོག་བྱེད་རྒྱུ་ལམ་གཏན་འཁེལ་ཟིན་སྐབས་དེ་དོན་ཁས་ལེན་གནང་བ་རྣམས་སོར་གནས་ཡོང་རེ་ཡོད་ལུགས་བརྗོད་པ་ཡིན།

ནིའུ་ལྡི་ལི་ནས་མ་ཐོན་གོང་ནེ་རུ་དང་མཐའ་མའི་མཇལ་འཕྲད་བྱུང༌། ཀྲོའུ་ཨན་ལན་དང༌། ངེད་ཐུག་འཕྲད་བྱས་པའི་སྐོར་ནེ་རུས་ཕྱི་ལོ་ ༡༩༥༩ ལོ་གྲོས་ཚོགས་འོག་མར་གསུངས་དོན་ལྟར་བརྗོད་ན་འདི་ལྟར།

ལོ་གཉིས་གསུམ་གོང་སྲིད་བློན་ཀྲོའུ་ཨན་ལན་འདིར་ཕེབས་སྐབས་བོད་སྐོར་གོ་བསྡུར་དུས་ཡུན་རིང་པོ་ཞིག་བྱས་པ་ཡིན། གོ་བསྡུར་དེ་ནི་ཐད་ཀ་དང༌། ཆ་ཚང་བ་ཞིག་བྱུང༌། ཁོང་ནས་གསུངས་གསལ། བོད་ནི་དུས་ཡུན་རིང་པོའི་སྔོན་ནས་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ཡང༌། རྒྱ་ནག་གི་ཞིང་ཆེན་ལྟ་བུར་ངོས་འཛིན་བྱེད་ཀྱི་མེད། མི་རིགས་ཀྱང་རྒྱ་ནག་གི་ཆ་ཤས་ཡིན་པའི་ས་གནས་རང་སྐྱོང་ཁག་ཏུ་ཡོད་པ་ཇི་བཞིན་རྒྱའི་མི་རིགས་དང་ཐ་དད་རེད། དེར་བརྟེན་བོད་འདི་ནང་གི་རང་དབང་ཡོད་པའི་ས་ཁུལ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་དང༌། ད་དུང་ཁོང་གིས་གསུངས་གསལ། རྒྱ་ནག་གིས་བོད་ཐོག་དམར་པོའི་རིང་ལུགས་ནན་སྤེལ་བྱེད་ཀྱི་ཡོད་པའི་བསམ་ཚུལ་ཡོད་མཁན་ཚོ་ནི་སྙིང་པོ་ཡོད་པ་མ་རེད། རྗེས་ལུས་ཐེབས་པའི་ཡུལ་ལུང་ནང་དམར་པོའི་རིང་ལུགས་ནན་སྤེལ་དེ་ལྟར་བྱེད་མི་ཐུབ། ཁོང་ཚོར་དེ་འདྲའི་འདོད་པ་ཡང་ཡོད་པ་མ་རེད། འོན་ཀྱང་རིམ་བཞིན་བསྒྱུར་བཅོས་བྱེད་འདོད་ཡོད་པ་རེད་ཅེས་དང༌། ཁོ་བོ་ཐུག་འཕྲད་བྱུང་སྐོར་ནེ་རུས་གསུངས་གསལ། སྐབས་དེར་ཏཱ་ལའི་བླ་མ་ཡང་འདིར་ཡོད། ཁོང་དང་མཉམ་དུ་གླེང་མོལ་ཡུན་རིང་བྱུང༌། སྲིད་བློན་ཀྲོའུ་ཨན་ལན་གྱི་མཛའ་གྲོགས་ཀྱི་རྣམ་འགྱུར་དང༌། བོད་ཀྱི་ནང་རང་དབང་ལ་བརྩི་འཇོག་བྱེད་རྒྱུའི་ཁས་ལེན་བྱས་པའི་སྐོར་ཁོང་ལ་ཞུས་པ་ཡིན། ཁས་ལེན་དེ་ཚོར་ཡིད་ཆེས་གནང་དགོས་ཤིང༌། ནང་གི་རང་དབང་དེ་རྣམས་འཛིན་སྐྱོང་ཐུབ་པ་དང༌། བསྒྱུར་བཅོས་གང་འཚམས་བྱེད་ཆེད་ལས་དོན་མཉམ་དུ་གནང་དགོས་ཚུལ་སློབ་སྟོན་ཕུལ་བ་ཡིན། ཁོང་གི་ཡུལ་དེར་ཁོང་རང་ཕྱོགས་ནས་གཟིགས་ན། ཆོས་ཕྱོགས་ནས་ཡར་རྒྱས་ཕྱིན་ཡོད་ཀྱང༌། སྤྱི་ཚོགས་དང༌། དཔལ་འབྱོར་གྱི་ཆ་ནས་རྗེས་ལུས་ཡིན་སྟབས་བསྒྱུར་བཅོས་བྱེད་དགོས་པར་ཏཱ་ལའི་བླ་མས་མོས་མཐུན་གནང་སོང་ཞེས་གསུངས་འདུག

ནེ་རུ་མཇལ་འཕྲད་མཐའ་མའི་སྐབས། ངས་བོད་དུ་ཕྱིར་ལོག་བྱེད་རྒྱུའི་སེམས་ཐག་གཅོད་པར་རྒྱུ་མཚན་གཙོ་བོ་གཉིས་ཡོད་པ་ནི། ཁྱེད་རང་གིས་ཕྲན་ལ་སློབ་སྟོན་གནང་བ་དང༌། ཀྲོའུ་ཨན་ལན་གྱིས་ང་དང༌། ངའི་གཅེན་པོ་ཟུང་ལ་ཁས་ལེན་བྱས་ཡོད་པ་བཅས་ཀྱིས་ཡིན་ཞེས་ནེ་རུར་ཞུས་པ་དྲན་གྱི་འདུག

སྐུ་ཞབས་ནེ་རུའི་རྣམ་འགྱུར་དེས་ཕྲན་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང༌། མཧཱ་ཏ་མ་གྷན་དྷིའི་སྙིང་རྗེ་དང༌། ཞི་བའི་རས་གཟན་དེ་དག་ཁོང་གི་ཕྲག་སྟེང་བབས་ཡོད་ཀྱང༌། ཁོང་ལ་ཆོས་དད་ཀྱི་རྣམ་པ་ཆེར་མ་མངོན། འོན་ཀྱང༌། རྒྱལ་སྤྱིའི་སྲིད་དོན་ལ་མཁྱེན་རླབས་ཆེ་ཞིང༌། ལག་ལེན་ཐོག་སྲིད་དོན་མཁས་པའི་ཕུལ་གྱུར་ཞིག་ཏུ་མཐོང་བ་མ་ཟད། ཁོང་རང་གི་ཡུལ་ལ་བརྩེ་ཞེན་ཆེན་པོ་དང༌། མི་མང་ལ་ཡིད་ཆེས་ཆེན་པོའི་རྣམ་པ་བསྟན་གྱི་འདུག ཁོང་ཚོ་ཡར་རྒྱས་དང་གོང་འཕེལ་དུ་འགྲོ་ཆེད་ཞི་བའི་བགྲོད་ལམ་འཛིན་རྒྱུར་འགྱུར་བ་མེད་པ་ཞིག་རེད། མཇལ་ཕྲད་དེ་སྐབས་ང་ཀ་སྦུག་ཁུལ་འགྲོ་འདོད་ཡོད་པའི་སྐོར་གླེང་མོལ་བྱུང་བ་དྲན་གྱི་འདུག ཀྲོའུ་ཨན་ལན་ནས་སློབ་སྟོན་ཇི་གནང་ཕལ་ཆེ་བ་ནེ་རུས་མཁྱེན་གྱི་ཡོད་པ་རེད། ཁུལ་དེའི་མི་ཚོས་རྙོག་སློང་བྱེད་པ་དང༌། ང་བོད་དུ་མི་ལོག་པའི་འབོད་བསྐུལ་བྱེད་སྲིད་ཀྱི་རེད་དགོངས་པ་རྒྱ་གར་སྲིད་བློན་གྱི་ཐུགས་ལ་འཁོར་འདུག ཁོང་ནས། རྒྱ་གར་ནི་རང་དབང་གི་ཡུལ་ཡིན་པར་བརྟེན། ཀ་སྦུག་གི་མི་ཚོས་བསམ་ཚུལ་བརྗོད་རྒྱུར་སུས་ཀྱང་འགོག་མི་ཐུབ་ཅེས་དང༌། གལ་སྲིད་ཁྱེད་ཀ་སྦུག་ཏུ་ཕེབས་འདོད་ཡོད་ན་རྒྱ་གར་གཞུང་ནས་སྐུ་སྲུང་གྲ་སྒྲིག་བལྟ་རྟོག་འཐུས་ཚང་བྱེད་ཀྱི་རེད་ཅེས་གསུང་གི་འདུག ཀྲོའུ་ཨན་ལན་གྱིས་སློབ་སྟོན་བྱས་ཡོད་ཀྱང༌། ཀ་སྦུག་ཏུ་འགྲོ་རྒྱུར་ཐག་གཅོད་བྱས་པ་ཡིན། དེ་དག་སྲིད་དོན་ཁོ་ན་མ་ཡིན་པར། ཁོ་བོའི་ཡུལ་གྱི་མི་མང་ཚོའི་སར་འགྲོ་དགོས་པར་ཆོས་ཕྱོགས་ཀྱི་ལས་འགན་ཞིག་ཕྲན་ལ་ཡོད་པས། དེའི་ཐོག་ཀྲོའུ་ཨན་ལན་ནས་སློབ་སྟོན་བྱེད་མི་ཐུབ་པར་བརྟེན། ཁུལ་དེར་ངོ་བསྐྱོད་ཀྱིས་ས་ཁུལ་དེའི་བོད་མི་ཚོ་ཐུག་འཕྲད་བྱས་པ་མ་ཟད། ལྷ་ས་ནས་ངའི་གཞུང་གིས་བཏང་བའི་ཕེབས་བསུའི་མི་སྣ་ཚོ་ཡང་ཀ་སྦུག་ཏུ་ཐུག་བྱུང༌། ཁོང་ཚོའི་བསམ་པར་ཁོ་བོ་རྒྱ་གར་དུ་བསྡད་ན་ལེགས་པའི་དགོངས་འཆར་འདུག་དོན་སླར་སྐྱོད་སྡོད་སྐོར་གླེང་མོལ་མང་ཙམ་བྱུང༌། གང་ལྟར་བོད་ནང་གི་གནས་ཚུལ་ཉེན་ཁ་ཆེ་ཞིང༌། འུ་ཐུག་ཏུ་གྱར་ཡོད་པ་དེ་ལྟར་ཡང༌། རྒྱ་ནག་གཞུང་གིས་ཁས་ལེན་བྱས་པ་རྣམས་ལག་ལེན་དུ་འགེལ་བའི་གོ་སྐབས་ད་དུང་ཐེངས་གཅིག་སྤྲོད་རྒྱུ་དང༌། ཞི་བའི་ལམ་ནས་བོད་ཀྱི་རང་དབང་སྒྲུབ་པའི་ཐབས་ཤེས་ད་དུང་ལན་གཅིག་བྱེད་རྒྱུར་སེམས་ཐག་གཙང་བཅད་བྱས་པ་ཡིན།

རྙོག་འཛིངས་ཆེན་པོའི་དཀའ་ངལ་དེ་དག་གིས་སྲིད་དོན་སྐོར་ཡིད་ཐང་ཆད་ཅིང༌། ལྡི་ལིར་སྡོད་ཡུན་གྱི་དུས་སྐབས་ཕལ་ཆེར་སྲིད་དོན་སྐོར་ལ་རྫོགས་ཏེ་ངའི་གནས་བསྐོར་གྱི་དུས་ཡུན་མང་ཆེ་ཆུད་ཟོས་སུ་ཐལ་སོང༌། ད་ཆ་དཀའ་རྙོག་ཆེ་ལ་འབྲས་བུས་སྟོངས་པའི་སྲིད་དོན་ལ་ཞེན་ལོག་སྐྱེས་ཤིང༌། གལ་སྲིད་བོད་ནང་ངའི་མི་མང་ཚོའི་ལས་འགན་མེད་ན་སྲིད་དོན་ནས་དགོངས་ཞུ་དགའ་པོའི་ངང་བྱེད་འདོད་བྱུང༌། ཀ་སྦུག་ཏུ་སྒོམ་སྒྲུབ་དང༌། ངེད་ཀྱི་དོན་དུ་འཛོམས་པའི་མི་མང་ཚོར་སྟོན་པ་སངས་རྒྱས་ཀྱི་ཆོས་འཆད་སྤེལ་ཐུབ་པར་དགའ་བོ་བྱུང༌།

རི་རྩེར་གངས་བབས་ཆེ་བས་རྣ་ཐོད་ལ་བརྒྱུད་བོད་ཀྱི་བགྲོད་ལམ་མ་ཕྱེ་བར་ཟླ་གཅིག་མིན་ཙམ་འབྲས་ལྗོངས་སྒང་ཏོག་ཏུ་རྒྱ་གར་དབུས་གཞུང་དང༌། འབྲས་གཞུང་གི་སྣེ་ལེན་ཟབ་རྒྱས་འོག་སྒུག་སྡོད་བྱེད་དགོས་བྱུང༌།། །།