ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།

༄༅། །ཕྲན་རང་ཡུལ་དུ་ཕྱིར་ལོག་ཁར། སྐྱེས་ཡུལ་གྲོང་གསེབ་སྟག་འཚེར་དུ་ཡང་བསྐྱར་འགྲོ་རྒྱུའི་གོ་སྐབས་བྱུང༌། ངལ་དུབ་ཅན་གྱི་ལམ་འགྲུལ་དེའི་ནང་སྟག་འཚེར་དུ་བསྐྱོད་པའི་དུས་ཡུན་ཐུང་ངུ་དེར་དགའ་སྤྲོ་དང༌། སྙོམ་ཆུང་གི་ཁྱིམ་ཚང་དུ་སྐྱེས་པ་དེར་རང་བཞིན་དགའ་སྒོམ་དྲིན་དྲན་བྱེད་འོས་པ་ཡིན། རང་ལོ་བཞི་སོན་དུས་བཞག་པའི་ས་ཆ་དེ་ཡིད་ལ་ལྷང་ལྷང་དྲན་སྐབས་ཧ་ཅང་དགའ་བོ་བྱུང་ཡང༌། མི་སུ་ཞིག་ལ་གླེང་མོལ་བྱས་སྐབས་ཁོང་ཚོའི་ད་ལྟའི་སྡུག་བསྔལ་གྱི་གནས་སྟངས་དེ་གློ་བུར་དྲན་གསོས་ཀྱིན་འདུག ་མི་དེ་ཚོར་སྐྱིད་པོ་ཡོད་མེད་དྲིས་པར། གུང་བྲན་ཏང་དང༌། རླབས་ཆེན་གཙོ་འཛིན་མའོ་ཙེ་ཏུང་གི་འགོ་འཁྲིད་འོག་ཤིན་ཏུ་སྐྱིད་ཅིང༌། འཚོ་བ་བཟང་པོ་ཡོད་ཅེས་ཟེར་བ་དང་དུས་མཉམ་དུ་མིག་མཆི་མའི་རྒྱུན་གྱིས་གང་སོང་བས་ཁོ་བོ་ཡང་རང་དབང་སྤུ་རྩེ་ཙམ་བྲལ་བའི་བརྗོད་ཚུལ་ཁོ་ན་མ་གཏོགས་བརྗོད་མ་ནུས་པ་མཐོང་སྟེ་ཡིད་སྐྱོ་བ་དང་དངངས་སྐྲག་ཏུ་གྱུར།
འོན་ཀྱང༌། དེ་ཁུལ་དགོན་པ་ཞིག་ནང་བླ་མ་འགའ་ཤས་དང་འཕྲོས་མོལ་ལྷོད་པོ་བྱུང༌། ཁོང་ཚོས་གླེང་མོལ་བྱེད་རྒྱུར་བློས་འགེལ་བྱེད་ཀྱི་འདུག་ཅིང༌། ཁོང་ཚོ་སེམས་འཁུར་ཆེན་པོ་འདུག ་རྒྱ་མིས་ཁུལ་དེར་ཞིང་ལས་མཉམ་འབྲེལ་གྱི་ལས་འགོ་བཙུགས་ཟིན་འདུག་ན་ཡང༌། སོ་ནམ་པ་ཚོས་དེ་ལ་བློ་བབས་གཏན་ནས་བྱེད་ཀྱི་མི་འདུག ་རྒྱ་མིའི་འཆར་དོན་རྣམས་སྒྲུབ་ཆེད་སོ་ནམ་པ་ཚོར་བཙན་གནོན་ཇེ་སྡུག་ཏུ་གཏོང་རྒྱུ་ཡིན་པ་བླ་དཔོན་ཚོས་དེ་སྐབས་ནས་ཤེས་ཀྱི་འདུག གྲྭ་རིགས་མིན་པའི་མི་མང་གི་འགོ་བྱེད་འགའ་ཤས་དང་ཡང་གླེང་མོལ་བྱུང་བར་ཁོང་ཚོས་གུང་བྲན་གྱི་བཅོས་བསྒྱུར་གཞན་དག་སྐོར་ཡང་བརྗོད་དེ། ད་ཆ་འགལ་བ་ཇེ་ཆེ་དང༌། བཙན་ཤུགས་ཇེ་སྡུག་ཏུ་འགྲོ་ཚུལ་ཟེར། སྐབས་དེར་རྒྱ་མིའི་དཔོན་རིགས་ཚོ་དང་ཐུགས་འཕྲད་སྐབས་བཅོས་བསྒྱུར་ངེས་པར་བྱེད་དགོས་ན་ཡང༌། རྒྱ་ནག་ཏུ་ཇི་བྱས་ལྟར་ལག་ལེན་འཁེལ་ཐབས་མེད་ཅིང༌། དེ་ཡང་བཙན་ཤུགས་ཀྱིས་མིན་པར་དལ་བུས་རིམ་བཞིན་བྱེད་དགོས་པ་མ་ཟད། ས་གནས་དེ་གའི་གནས་ཚུལ་དང༌། མི་ཚོའི་བསམ་ཚུལ་གཤིས་ལུགས་ལ་ཡང་གོ་བསྟུན་བྱེད་དགོས་བརྗོད་པ་ཡིན། འོན་ཀྱང༌། པི་ཅིང་ནས་ཐག་རིང་གི་ས་གནས་དེར་ཡོད་པའི་རྒྱ་དམར་དེ་ཚོ་སྤྱོད་གཤིས་ངན་ཞིང༌། སེམས་འཁུར་ཆུང་བར་བརྟེན་ཕྲན་བློ་ཕམ་གྱི་གནས་སུ་གྱར། ཁོང་ཚོ་ནི་མི་མང་གི་བསམ་ཚུལ་ལ་བརྩི་འཇོག་མེད་པ་ཤ་སྟག་རེད། ད་དུང་རྒྱ་དཔོན་གཅིག་ནས་བརྗོད་གསལ། མི་མང་གི་འདོད་བབས་ཡོད་མེད་གང་ལྟར་ཡང༌། བཅོ་བསྒྱུར་ལག་ལེན་བྱེད་ཆེད་རྫོང་ཁུལ་འདིར་དམག་མི་མང་དུ་གཏོང་གི་ཡོད་ཚུལ་ཟེར་འདུག ས་ཁུལ་དེར་ཡོད་པའི་བོད་མི་ཚོར་མ་འོངས་པར་སྡུག་བསྔལ་མུན་ནག་ཅན་ཡོང་རྒྱུ་ཤིན་ཏུ་གསལ་པོ་འདུག

ཁོང་ཚོའི་སྤྱོད་གཤིས་ནི་བོད་མི་རང་དུ་བསྡད་འདུག ། ཁུལ་དེར་ཉིན་གཉིས་གསུམ་ཞིག་རིང་རྒྱ་མིའི་སྣེ་ལེན་ཁང་དང༌། དགོན་ཁག་ཚོར་ཕན་ཚུན་བསྐྱོད་སྡོད་སྐབས་བོད་མི་སྟོང་ཕྲག་བརྒྱ་ལས་མི་ཉུང་བ་མཇལ་ཁ་ཞུ་ཆེད་དུ་སླེབས་བྱུང༌།

ང་པི་ཅིང་དུ་སྡོད་རིང་བོད་ཤར་ཕྱོགས་ས་གནས་ཁག་གི་འཐུས་མི་མང་པོ་ཡོང་སྟེ་ཕྲན་ཕྱིར་ལོག་སྐབས་ལམ་ཞོར་ཁམས་ཕྱོགས་དགོན་ཡུལ་མང་པོར་བསྐྱོད་འཁོད་ཡོང་བ་ནན་ཏན་བསྐུལ་བ་ལྟར་བྱེད་འཆར་ཡང༌། ས་འགུལ་གྱིས་རྐྱེན་པས་སྔོན་ཡོད་འཁོར་ལམ་སྐྱོན་ཤོར་ཡུན་འགོར་བྱུང་སྟབས་ཁོང་ཚོའི་འདོད་མོས་ཀྱི་ས་གནས་ཚོར་འགྲོ་ཁོམ་མ་བྱུང༌། མོ་ཌོར་བགྲོད་ལམ་ཡོད་པའི་དགོན་ཁག་ཚོར་ངོ་བསྐྱོད་བྱས་ཤིང༌། དེ་མིན་དགོན་ཁག་ཚོར་ངོ་ཚབ་ཏུ་ཡོངས་འཛིན་སྐུ་གཞོན་ཁྲི་བྱང་རིན་པོ་ཆེ་དང༌། ཀརྨ་པ་རིན་པོ་ཆེ། སྨིན་གླིང་གཅུང་སྤྲུལ་སྐུ་བཅས་བླ་མ་ཆེ་ཁག་གསུམ་ཕེབས་དགོས་ཞུས་དོན་བཞིན་ངོ་ཕེབས་བསྐྱངས་ཤིང༌། ཀརྨ་པ་ནི། གོང་འཁོད་སྐུ་ཕྲེང་བཞི་པ་ངའི་སྐྱེ་ཡུལ་གྲོང་གསེབ་ཁུལ་དགོན་གནས་ཕྱག་འདེབས་གནང་མཁན་དེའི་ཡང་སྤྲུལ་རེད།

ཁུལ་དེའི་ས་མཚམས་ཉེ་སྐོར་ས་ཕྱོགས་གང་སར་མི་ཚང་མ་སེམས་སྡུག་གི་རྣམ་འགྱུར་སྟོན་ཞིང༌། བོད་མི་ཚོས་རྒྱ་མིར་ཞེན་ལོག་གི་བསམ་བློ་སྐྱེ་ཤུགས་ཇེ་ཆེར་འགྲོ་བཞིན་འདུག རྒྱ་མིའི་ཕྱོགས་ནས་གནས་ཚུལ་མ་རྟོགས་པ་དང༌། འཇིགས་སྣང་དབང་གིས་སྙིང་རྗེ་མེད་པའི་བཙན་གནོན་བྱེད་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་པར་བརྟེན་རྒྱ་རིགས་ཚོར་བྱ་སྤྱོད་བྱམས་ཡངས་གང་ཆེ་ཡོང་བའི་འབོད་བསྐུལ་གང་ཐུབ་བྱས་པ་ཡིན་ཞིང༌། བོད་མི་ཚོར་ཡང་མཛའ་མཐུན་ཞི་འཇམ་གྱི་ངང་ནས་དཀའ་ངལ་སེལ་བ་དང༌། རྒྱ་རིགས་ཀྱི་ལས་དོན་ལེགས་ཆ་རྣམས་དང་ལེན་བྱེད་དགོས་ཞེས་ཚོགས་འཛོམས་སར་སློབ་སྟོན་གསེལ་དཀྲོལ་བྱས། དེས་དྲག་ཚུལ་ཞི་འཇམ་དུ་འགྱུར་བའི་རེ་བ་བྱུང༌། ལོ་དུས་དེ་ཚོའི་ནང་རྒྱ་དམར་དང་བོད་མིའི་དབར་འཁོན་འགྲས་ཀྱི་བསམ་ཚུལ་ཇེ་ཐུར་སོང་སྟེ་ངའི་རེ་བ་འབྲས་མེད་དུ་གྱུར་པ་རེད།

དེ་ནས་འབྲི་ཆུ་བརྒལ་ཏེ་རྒྱ་མིས་ཐོག་མར་བཙན་འཛུལ་བྱེད་ས་ཆབ་མདོའི་ས་ཁུལ་དུ་འབྱོར་ཞིང༌། སྡེ་དགེ་འབྲི་ཆུ་ནི ཕྱི་ལོ་ ༡༩༣༢ ཚུན་གྱི་བོད་དང༌། རྒྱ་ནག་གི་ས་མཚམས་རེད། ཆབ་མདོ་གྲོང་ཁྱེར་རྒྱ་མིའི་དཔོན་རིགས་སྡོད་ས་དེར་ཉིན་ཤས་དང༌། ཉིན་ཤས་ཆབ་མདོ་དགོན་དུ་བསྡད་པ་ཡིན། ས་གནས་འདི་རྒྱ་མིས་བཅིངས་བཀྲོལ་ལྷན་ཚོགས་འཛུགས་ཡུལ་དང༌། རྗེས་སུ་འབྲེལ་བ་བྱེད་ཡུལ་དེ་ཡིན། ལྷན་ཚོགས་དེར་འཐུས་མི་བོད་མི་འགའ་ཤས་འདུག་ཀྱང༌། རྩ་བའི་དབང་ཆ་རྒྱ་མིའི་དཔོན་རིགས་ཚོས་བཟུང་འདུག ས་གནས་དེའི་ཁྲིམས་གཅོད་ནི་རྒྱ་མིའི་དམག་ཁུལ་ཁང་ནས་བྱེད་པ་རེད། ཁུལ་འདིར་ཡང་བོད་མི་ཚོ་རྒྱ་མིར་མི་འདོད་པའི་སེམས་ཀྱི་ཆུ་འཁོལ་བཞིན་འདུག་ཅིང༌། བོད་མི་འགའ་ཞིག་གིས་སོ་ནམ་པའི་ས་ཞིང་རྒྱ་མིས་འཕྲོགས་པ་དང༌། ཁས་ལེན་ལ་སོར་གནས་མེད་པ་སོགས་རྒྱ་མིས་བཙན་གནོན་དང༌། མི་དྲང་བ་བྱས་ཚུལ་ཕྲན་ལ་བརྗོད་ཀྱི་འདུག འདིར་ཡང་དྲག་ཟིང་ལངས་རྒྱུའི་ཉེན་ཁ་ཆེན་པོ་འདུག ས་ཁུལ་འདི་ཚོར་ཁམས་རིགས་ཚོ་གནས་སྡོད་བྱེད་པ་རེད། ཕྲན་ནས་གོང་བརྗོད་ལྟར་ཁམས་རིགས་ཚོས་རང་གི་དངོས་པོའི་ནང་ནས་དགའ་གཅེས་ཆེ་ཤོས་བྱེད་ས་ནི་མེ་མདའ་ཡིན་ཞིང༌། རྒྱ་མིས་གོ་ལག་ཇི་ཡོད་བསྡུ་རྒྱུའི་གནས་ཚུལ་དེ་ཁོང་ཚོས་གོ་ཐོས་བྱུང་སྟེ། ཁོང་ཚོའི་ལག་ཆ་སུ་ལ་ཡང་སྤྲོད་འདོད་མེད་པ་ཀུན་ཤེས་མ་ཟད། གོ་ལག་མ་སྤྲད་གོང་བེད་སྤྱོད་བྱེད་ཀྱི་རེད།

ཁུལ་འདིར་བོད་མི་ཁྲི་ཚོ་མང་པོ་མཇལ་ཕྱག་ཏུ་འབྱོར་ཞིང༌། ཚོགས་པར་ཆོས་འབྲེལ་གྱི་མཇུག་ཏུ་ཁྱེད་ཚོ་རང་ཡུལ་གྱི་དོན་དུ་སེམས་ཤུགས་ཆེན་པོ་ཡོད་པར་དགའ་བོ་བྱུང་ཞེས་དང༌། དེ་སྔ་བོད་དབུས་གཞུང་གི་ལས་བྱེད་པ་དོན་མ་གོ་རེ་ཟུང་གིས་ལས་དོན་བྱེད་སྟངས་ཐོག་ནོར་འཁྲུལ་བྱུང་ཡོད་ཅིང༌། དེས་ཀྱང་གང་ཅིའི་དཀའ་སྡུག་མྱོང་བའི་ཆ་རྐྱེན་དུ་གྱུར་ཡོད་སྲིད་ཀྱང༌། ད་ཆ་བོད་རིགས་ཡོངས་རྫོགས་ཆིག་སྒྲིལ་བྱེད་དགོས། བོད་རང་སྐྱོང་ལྗོངས་གྲྭ་སྒྲིག་ལྷན་ཚོགས་བཙུགས་རྗེས་ས་ཁུལ་འདི་དག་ཡང་བསྐྱར་ང་ཚོའི་ཡུལ་གྱི་ཆ་ཤས་སུ་འགྱུར་གྱི་རེད་ཅེས་བརྗོད་པ་ཡིན།

ངས་ས་མཚམས་བརྒྱུད་ལམ་ཞུགས་སྐབས་བློ་ཕམ་དུ་གནས་པ་དང༌། རེ་བའི་འོད་ཟེར་འཕྲོ་བའི་མཐོང་སྣང་གཉིས་བྱུང་བ་དེས་རྒྱ་ནག་ནང་གི་གནས་ཚུལ་ཡང་དྲན་གསོ་བྱུང༌། དང་པོ་ནི། རྒྱ་ནག་ནང་ཁུལ་གྱི་དགོན་པ་ཚོའི་གནས་ཚུལ་དེ་རེད། རྒྱ་ནག་ནང་ཁུལ་གྱི་ལྷ་ཁང་དང༌། དགོན་ཁག་ལོ་རྒྱུས་ཐོག་སྙན་གྲགས་ཡོད་པ་ཚོ་ཡང་བདག་གཅེས་མེད་པར་ཁང་སྟོང་གོག་པོ་ཞིག་ཏུ་བཞག་པ་དང༌། དེ་ཚོའི་ནང་དགེ་འདུན་ཉུང་ཤས་ཡོད་པ་ཚོ་ནི་བགྲེས་སོང་ཤ་སྟག་རེད། ད་དུང་ཁོང་ཚོར་དྭོགས་པ་ཆེན་པོ་བྱེད་ཀྱི་ཡོད་སྟབས་མཆོད་འབུལ་བྱེད་མཁན་ཡང་རེ་ཟུང་ལས་ཡོང་ནུས་ཀྱི་མི་འདུག ཁོང་ཚོར་ཆོས་ཀྱི་སློབ་སྦྱོང་གང་ཡང་མི་འདུག་ཀྱང༌། ནང་སོག་ཁུལ་ད་དུང་བླ་མ་མཁས་པ་ཡོད་ཚུལ་ཟེར་གྱི་འདུག ཕྲན་པི་ཅིང་དུ་སྡོད་སྐབས་ནང་སོག་གི་མི་བརྒྱ་ཕྲག་འགའ་ཤས་མཇལ་ཕྱག་ཏུ་སླེབས་བྱུང་ཡང༌། མི་གཞོན་ཚོ་དགོན་པར་ཞུགས་རྒྱུར་འགོག་རྐྱེན་བྱེད་ཀྱི་ཡོད་འདུག་ཅིང༌། ཆོས་ལུགས་ཚོགས་ཁག་ནང་གུང་བྲན་གྱི་སློབ་སྦྱོང་ཤུགས་ཆེ་བྱས་ཏེ་ཁོང་ཚོ་ཡང་སྲིད་དོན་དྲིལ་བསྒྲགས་སུ་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་གིས་ཁོང་ཚོར་ཆོས་དད་རང་དབང་ཡོད་ལུགས་ཟེར་ཡང༌། རྗེས་སུ་ཆོས་ཀྱི་གཞི་རྩ་འཛུགས་པའི་འཆར་གཞི་གང་ཡང་མེད་པ་གསལ་པོར་མཐོང་ཐུབ། ཁོང་ཚོ་ལྟོགས་སྦྱོང་སྡུག་ཤིར་བཏང་སྟེ་དགོན་གནས་སྟོངས་རྐྱེན་བཟོ་རྒྱུ་རེད།

རྒྱ་མིའི་ལག་འོག་ཏུ་ཡོད་པའི་བོད་ཀྱི་དགོན་ཁག་དང༌། གྲྭ་པ་ཚོར་ཡང་གནས་ཚུལ་དེ་ལྟར་ཐོག་ཏུ་འབབ་ཉེར་ཡོད་པ་མཐོང་གི་ཡོད། འོན་ཀྱང་མཐོང་སྣང་གཞན་ཞིག་ལ་དེ་ལ་བསྒྱུར་བཅོས་ཡོང་བའི་རེ་བ་ཡང་ཕྲན་བུ་བྱུང༌། བོད་མི་རྒན་གཞོན་སུ་ཡིན་ཡང་རང་གཤིས་འགྱུར་མེད་བརྟན་པོ་ཡོད་སྟབས་རྒྱ་མིའི་སློབ་སྦྱོང་སྤྲད་དེ་བེད་སྤྱོད་བྱེད་སྟབས་ལས་སླ་པོ་ཞིག་མིན་པའི་རྟགས་མཚན་གསལ་པོ་བྱུང༌། དཔེར་ན། པི་ཅིང་མི་རིགས་སློབ་གྲྭར་སོག་པོ་དང༌། ཤར་ཏུར་ཀི་སི་ཏན། ཀོ་རི་ཡ་སོགས་ཀྱི་སློབ་ཕྲུག་དང་མཉམ་དུ་བོད་ཕྲུག་མང་པོ་སློབ་སྦྱོང་དུ་འཁྲིད་བསྐྱོད་ཐོག ཁོང་ཚོ་རང་གི་ཆོས་དང་ཤེས་རིག་གི་བསམ་ཚུལ་དང་ངང་གིས་ཁ་ཕྲལ་ཏེ་རྒྱ་མིས་གཅིག་དབང་འཛིན་པའི་བསམ་བློ་གསར་པ་དེ་དག་གཅིག་གྱུར་ཡོང་བའི་མཛུབ་སྟོན་སློབ་སྦྱོང་ལ་ནུས་ཤུགས་གང་ཡོད་བཏོན་འདུག་ཀྱང༌། བོད་ཕྲུག་ཚོའི་བསམ་བློར་དམར་པོའི་དབང་བསྒྱུར་བྱེད་མ་ཐུབ་པ་མཐོང་སྟེ་དགའ་པོ་བྱུང༌། རང་རིགས་རྣམས་ཀྱིས་རང་གི་གཤིས་ལུགས་རྣམས་རྩ་ཆེར་བཟུང་ཁར། རང་ཡུལ་གྱི་བརྩེ་ཞེན་ཡང་ཇེ་མཐོ་ཇེ་མཐོར་སོང་སྟེ། མཐར་རྒྱ་དམར་ཡང་འུ་ཐུག་གིས་ཤུགས་ཆེའི་ངན་གཡོའི་སློབ་གསོ་བར་མཚམས་བཞག་པ་དང༌། འཚོ་བའང་བཀྲེན་དུ་བཏང་སྟེ་རྗེས་སུ་ཁོང་ཚོ་རང་ཁྱིམ་དུ་ལོག་ནས། འགའ་ཤས་ལྷ་སར་རྒྱ་མིའི་བཙན་གནོན་ལ་ངོ་རྒོལ་སྐབས་རང་སྲོག་དོར་བ་དང༌། རང་ལོ་ཉི་ཤུ་སྐོར་གྱི་གཞོན་ནུ་བློ་གསར་སྙིང་སྟོབས་ཅན་འགའ་ཤས་རྒྱ་གར་དུ་བཙན་བྱོལ་དུ་ཡང་འབྱོར་ཡོད། རྒྱ་དམར་ནས་པི་ཅིང་མི་རིགས་སློབ་གྲྭའི་ནང་བོད་ཕྲུག་གི་ཀླད་པ་བསྒྱུར་བརྗེས་གཏོང་དཀའི་གནས་སུ་གྱར་མཚམས་སླར་ཡང་ཞན་ཡང་ས་གནས་སོགས་སུ་ཕྱོགས་གཅིག་ཏུ་སློབ་གསོའི་ཐབས་བཙན་དང་འབྲེལ་སློབ་གྲྭ་གཞན་དག་འགའ་ཤས་བཙུགས་ཏེ་འབད་རྩོལ་ཡོད་དགུ་བྱས་ཀྱང་གྲུབ་འབྲས་འདོད་ཁེངས་བྱུང་ཡོད་པ་མ་རེད། བོད་ཕྲུག་ཚོས་དངོས་གཙོར་སྨྲ་བ་དེར་ཡིད་ཆེས་མ་བྱས་པར་རང་ཉིད་བོད་མི་ཡིན་པ་དང༌། སངས་རྒྱས་ཀྱི་ཆོས་ལུགས་དེར་སྙིང་ནས་གཅེས་འཛིན་བྱེད་བཞིན་འདུག སོག་པོ་དང༌། ཤར་ཏུར་ཀི་སི་ཐན་གྱི་ཕྲུག་གུ་ཚོས་ཀྱང་དེ་བཞིན་དུ་རང་གི་གཤིས་ལུགས་གཅེས་སྲུང་བྱེད་ཀྱི་ཡོད་པའི་ཡིད་ཆེས་ཡོད། བཅོས་པར་དཀའ་བའི་རྒྱུ་མཚན་ཚད་མ་འདི་དག་ལ་བརྟེན་ནས་ལོ་རྗེས་མ་ཚོའི་ནང་རྒྱ་མིས་བོད་ཕྲུག་སྐྱེས་ནས་བདུན་ཕྲག་འགའ་ཤས་ལས་མ་སོང་བ་རྒྱ་ནག་ཏུ་འཁྲིད་དེ་བོད་མི་གུང་བྲན་ཞིག་ཡོང་བའི་རེ་ཐབས་བྱེད་ཀྱི་ཡོད་ཀྱང༌། ད་ལྟའི་ཆར་རྒྱ་དམར་གྱིས་ཐབས་ཤེས་ཇི་ལྟར་བྱས་ཀྱང་ཁུངས་ལྡན་གྱི་གངས་ཅན་པ་དག་རྩ་མེད་ནམ་ཡང་བཟོ་མི་ཐུབ་པའི་བློ་སྤོབས་སྐྱེས་བཞིན་ཡོད།

རྒྱ་ནག་ནས་བོད་བར་དམག་ལམ་གསར་པ་བཟོས་པ་དེའི་ལམ་འགྲུལ་ལ་ཉེན་ཁ་ཆེན་པོ་འདུག་སྟེ། ཆར་ཆུ་རྒྱས་ཆེ་བ་དང༌། ལམ་དུ་ས་རུད་དང༌། རྦབ་རྡོ་ཡང་ཡང་འདྲིལ་ཡོང་གི་འདུག ་ནུབ་ཅིག་དྲག་ཆར་བབས་ཆེ་ཞིང་མུན་པ་ནག་པའི་ཁར། ཟམ་པ་ཞིག་ཆུས་འཁྱེར་ཏེ་འགྲུལ་རོགས་ཚོ་རང་སར་འགག་སྡོད་བྱེད་སྐབས་རིའི་ལོགས་ནས་བྲག་རྡོ་ཆེན་པོ་རྦབ་འདྲིལ་ཡོང་བ་དེ་ད་དུང་གསལ་པོ་དྲན་གྱི་འདུག ་སྐབས་དེར་རྒྱ་རིགས་ཚོ་ནི་སྐད་ཅོར་གྱིས་འཚབ་འཚུབ་ཏུ་ཕར་ཚུར་རྒྱུགས་ཀྱི་འདུག བོད་མི་རྣམས་ནི་འཇིབས་འཁོར་རས་ཐོག་ཅན་ནང་ཁ་འདོན་འཕྲིན་བཅོལ་འདྲ་བྱས་ཏེ་བསྡད་པ་ཡིན། དེ་ཉིན་ཡང་བསྐྱར་ང་ཚོ་ཉེན་ཁ་དེ་བས་ཆེ་བ་ཞིག་བྱུང་བ་ནས་ཐར་ཙམ་བྱུང༌། དེ་ནི་ཟམ་པ་ཕྱོགས་གཅིག་སྐྱོན་ཤོར་ཡོད་པ་ཞིག་ཏུ་འབྱོར་སྐབས། ཟམ་པ་དེ་ལ་རྒྱ་མིས་བཟོ་བཅོས་བྱེད་བཞིན་འདུག་ཅིང༌། ང་ཚོ་མི་ཧྲེང་རྣམས་སྔོན་དུ་རྐང་བགྲོད་བྱས་རྗེས་མོ་ཌོར་དང༌། དངོས་ཆས་འོར་ན་ལེགས་ཚུལ་སློབ་སྟོན་བྱས་བྱུང་སྟབས་ང་ཚོས་དེ་ལྟར་བྱས་ཏེ་འཇིབས་དང༌། མོ་ཌོར་ཆེ་བ་ཡོང་སར་བལྟ་བཞིན་བསྡད་པར། ཁ་ཤས་ཚུར་བགྲོད་ཐུབ་སོང༌། འཇིབས་གཅིག་ཟམ་ཐོག་ཏུ་བགྲོད་མུས་སུ་ཚག་སྒྲ་ཆེན་པོ་དང་བཅས་ཟམ་པའི་རྐེད་པ་ཆག་སྟེ་ཆུར་ལྷུངས་སོང༌། འཇིབས་དེའི་ཁ་ལོ་པས་དངངས་འཚབ་ཀྱིས་རྒྱབ་བཤིགས་བྱས་ཏེ་རང་ཉིད་སྐྱོབ་སྲུང་ཐུབ་སོང་ཡང༌། འཇིབས་དང༌། འཁོར་ལོ་ཆེ་བ་ངོ་གྲངས་ཕྱེད་ལྷག་ཙམ་ནང་གྱོན་མལ་ཉེར་མཁོ་ཚོ་དང་བཅས་ཆུ་ཕར་ཕྱོགས་སུ་ལུས་པ་རེད། ཚུར་ཕྱོགས་སུ་ཐོན་པའི་མོ་ཌོར་ཚོའི་ནང་འཚང་འཛུལ་གྱིས་རྒྱ་མིའི་མགྲོན་ཁང་ཞིག་ཏུ་གྲང་ཞིང་མཐུན་རྐྱེན་མ་ཚང་བའི་ནང་དེ་ནུབ་བསྡད་པ་ཡིན།

མཐར་ཕྲན་རང་གནས་ལྷ་སར་འབྱོར་ཞིང༌། ནོར་གླིང་དུ་ཡང་བསྐྱར་ཕྱིར་ལོག་འབྱོར་པར་དགའ་སྤྲོ་ཆེན་པོ་བྱུང༌། ལྕགས་རིའི་ཕྱི་ལོགས་ཉེ་སྐོར་དུ་རྒྱ་མིའི་དམག་སྒར་ཚོས་ད་དུང་ང་ཚོར་འཇིགས་སྣང་བསྐུལ་ཏེ་བསྡད་འདུག་ཀྱང༌། ནང་དུ་དབེན་ཞིང༌། ཉམས་དགའ་བས་ཆོས་སྤྱོད་རྣམས་སྔར་བཞིན་མུ་མཐུད་བྱེད་པར་དཀྲོག་རྐྱེན་བཟོ་མཁན་མ་མཆིས།

ངའི་བཀའ་བློན་ཚོས་རྒྱ་མིར་མཛའ་མཐུན་གྱི་འབྲེལ་བ་སྔར་བཞིན་བྱེད་པ་དང༌། ལྷ་སའི་མི་མང་གིས་རྒྱ་མིར་མི་འདོད་པའི་རྣམ་འགྱུར་སྟོན་ཚུལ་ཡང་ཕྲན་བུ་དྲག་ཏུ་ཕྱིན་འདུག་ཅིང༌། གྲོང་ཁྱེར་དེ་ཡང་ཞི་འཇམ་དུ་གནས་འདུག ཤར་ཕྱོགས་ས་མཚམས་ཉེ་སྐོར་དུ་བསྒྱུར་བཅོས་ཚབས་ཆེན་བྱུང་བའི་གནས་ཚུལ་ཁོང་ཚོས་གསལ་རྗེན་ཤེས་མེད་པ་དང༌། ཕྲན་ནས་མཐོང་བའི་གནས་ཚུལ་སྡུག་པོ་ཞེན་ལོག་སྐྱེ་བ་དེ་བཞིན་བོད་དབུས་ཕྱོགས་ས་ཁུལ་དུ་སྐབས་དེར་ལག་ལེན་ཆ་ཚང་བྱས་ཡོད་པ་མ་རེད། དེར་བརྟེན་རང་སྐྱོང་ལྗོངས་གྲྭ་སྒྲིག་ལྷན་ཚོགས་ནས་གནས་ཚུལ་སྡུག་ཤོས་དེ་ལྟར་མི་འབྱུང་བའི་ཐབས་ཤེས་བྱེད་པའི་དུས་ཚོད་ཅིག་ཡོད་དུ་རེ་བར་མཐོང་བྱུང༌།

རྒྱ་ནག་གཞུང་ནས་དམག་དཔོན་དྲིན་ཡི་བོད་དུ་རང་སྐྱོང་ལྗོངས་གྲྭ་སྒྲིག་ལྷན་ཚོགས་ལ་རྟེན་འབྲེལ་ཞུ་མཁན་ཚོགས་པའི་འགོ་འཁྲིད་དུ་གཏོང་གི་ཡོད་པ་དང༌། ཁོང་ནི་སྲིད་བློན་གཞོན་པ་ཞིག་སྟེ། ཁོང་ལྷ་སར་ཕེབས་འབྱོར་ཉིན་སྐྱིད་ཚལ་ཀླུ་སྡིང་དུ་ཕྲན་ནས་ཕེབས་བསུ་སྣེ་ལེན་བྱེད་དགོས་པ་རྒྱ་མི་ཚོའི་འདོད་པར་ཡོད་ཀྱང༌། ངའི་བཀའ་བློན་ཚོའི་འདོད་བབས་མ་བྱུང་ཞིང༌། འོན་ཀྱང་གནས་ཚུལ་འདིར་ངའི་གོ་བབས་ལ་བལྟ་བའི་དུས་སྐབས་མིན་པར། ངས་སྣེ་ལེན་བྱས་པར་དམག་དཔོན་དྲིན་ཡི་དགའ་བོ་ཡོང་བ་དང༌། རང་སྐྱོང་ལྗོངས་གྲྭ་སྒྲིག་ལྷན་ཚོགས་འགོ་འཛུགས་ལེགས་པོ་ཡོང་བར་ཕན་ཁྱད་བྱུང་ན་འགལ་བ་མི་འདུག་སྙམ་སྟེ་ཕེབས་བསུར་ཕྱིན་པ་ཡིན།

རང་སྐྱོང་ལྗོངས་གྲྭ་སྒྲིག་ལྷན་ཚོགས་ཀྱི་རྟེན་འབྲེལ་ནི། ༡༩༥༦ ཟླ་བ་བཞི་པ་ནང་ཡིན་པ་དེའི་ནང་ཕྲན་ཡང་ཡོད། བོད་ནང་ཞི་བའི་བསྒྱུར་བཅོས་དུས་བསྟུན་གྱིས་ཡོང་བའི་རེ་ཡུལ་མཐའ་མ་ནི་གྲྭ་སྒྲིག་ལྷན་ཚོགས་ཀྱི་འཐུས་མི་ལྔ་བཅུ་ང་གཅིག་དེ་རེད། རེ་བ་དེ་དག་རེ་སྟོང་འཆང་བ་ཙམ་རང་མིན་པའི་བསམ་པ་བྱུང་སྟེ། དེ་ཡང་རྩ་ཁྲིམས་དང༌། འཆར་དོན་རྣམས་ཀྱང་ཡིད་དུ་མི་འཐད་པ་ཆེར་མི་འདུག་པའི་ཐོག ང་ཚོས་སྒྲུབ་ཐབས་མེད་པའི་དམར་པོའི་ལུགས་སྲོལ་ཐལ་ཆེ་བ་རྣམས་ཀྱང་བྲིས་མི་འདུག གཞན་ཡང་འཐུས་མིའི་ཁོངས་བོད་མི་འབོར་ཆེ་བ་ཡོད་སྟབས་གཞུང་དེའི་ཆགས་སྟངས་ནི་ང་ཚོའི་སྔོན་གྱི་གཞུང་དང་ཁྱད་པར་ཆེན་པོ་མེད་པའི་ནུས་ཤུགས་ཅན་ཞིག་ཡོང་རྒྱུའི་རྣམ་པ་ལྟ་བུ་འདུག བྱེད་ཐབས་འདིས་བོད་ཀྱི་ལས་བྱེད་པ་ཚོས་རྒྱ་རིགས་ལས་བྱེད་པའི་ས་ནས་ལས་དོན་བྱེད་སྟངས་སློབ་སྦྱོང་ལེན་པའི་གོ་སྐབས་ཤིག་ཡོང་གི་རེད་སྙམ་བྱུང༌། ཁོང་ཚོ་དམར་པོའི་ལུགས་སྲོལ་ཡིན་ཀྱང༌། སྒྲིག་འཛུགས་བྱེད་སྟངས་སོགས་འགའ་ཞིག་ང་ཚོ་ལས་ལེགས་པ་ཡོད།

དེ་ལྟར་ན་ཡང༌། མགྱོགས་མྱུར་རྒྱ་མིའི་སྲིད་དོན་ཚོགས་འདུའི་ནང་བྱུང་བའི་མཐོང་ཚུལ་སྡུག་པོ་དེ་གྲས་ཡང་བསྐྱར་ལག་ལེན་བྱས་ཏེ་རེ་བ་དེ་དག་དེ་འཕྲལ་ཤུལ་མེད་དུ་གྱུར། ངས་དོན་གནད་གཙོ་ཆེ་ཤོས་ཤིག་ལ་བསམ་བློ་བཏང་མི་འདུག འཐུས་མི་ཉི་ཤུ་བོད་མི་ཡིན་ན་ཡང༌། དེ་རྣམས་ཆབ་མདོ་བཅིངས་བཀྲོལ་ལྷན་ཚོགས་དང༌། བཀྲས་ལྷུན་ནང་སྒང་ལྷན་ཚོགས་ཁོངས་ནས་ཡིན་ཏེ། གཉིས་ཀ་རྒྱ་མིས་བརྒྱུད་བསྐུལ་བཙན་འདེད་འོག་རྒྱ་མིས་ཇི་བརྗོད་ལ་རྒྱབ་སྐྱོར་མི་བྱེད་མཐུ་མེད་རེད། འོན་ཀྱང་ཆབ་མདོའི་འཐུས་མི་འགའ་ཤས་ནང་སྒང་ལྷན་ཚོགས་ཀྱི་ཁོངས་དེ་ཚོ་ལས་བྱེད་སྟངས་ཕྲན་བུ་དྲག་གི་རེད། རྒྱ་རིགས་འཐུས་མི་ལྔའི་ཐོག བོད་མི་ཉི་ཤུ་ཐམ་པའི་རྒྱབ་སྐྱོར་ཁ་ལོ་བསྒྱུར་བ་དེས་ལྷན་ཚོགས་དེར་བོད་མིའི་སྐུ་ཚབ་ཡིན་པའི་མཐོང་སྣང་ཙམ་ལས། དོན་གྱི་དབང་ནུས་ཚང་མ་རྒྱ་མིས་བཟུང་ཡོད་པ། དཔེར་ན། གཞི་རྩའི་སྲིད་བྱུས་ཚང་མ་རྒྱ་དམར་བོད་ལས་དོན་ལྷན་ཚོགས་ཁང་དུ་གྲགས་པ་ནས་བཀོད་བྱུས་བྱེད་ཀྱི་ཡོད་ཅིང༌། ཚོགས་པ་དེར་བོད་མི་ཡོད་པ་མ་རེད། དོན་གནད་ཆུང་ངུའི་རིགས་ལ་ང་ཚོས་གྲོས་བསྡུར་བསྒྱུར་བཅོས་འདྲ་བྱེད་ཐུབ་ཀྱང༌། དོན་གལ་ཆེན་པོའི་རིགས་ལ་གང་ཡང་བྱེད་མི་ཐུབ། སྐབས་རེ་ཁོང་ཚོས་བཀོད་བྱུས་བྱེད་སྟངས་ཚོ་མཐོང་དུས་བགད་མོ་ཤོར་རྒྱུ་རེད། གོང་གསལ་ཚོགས་པ་ནས་ཐག་གཅོད་ཟིན་པའི་དོན་གནད་ཅིག་རང་སྐྱོང་ལྗོངས་གྲྭ་སྒྲིག་ལྷན་ཚོགས་སུ་གོ་བསྡུར་གྱི་ཚུལ་ཙམ་བྱས་ཏེ་གཏན་འབེབས་བྱེད་དགོས་ཤིང༌། ཚོགས་འདུ་དེ་ཚོར་ཕལ་ཆེ་བར་ཁ་སྐྱེངས་པོ་ཡོང་གི་ཡོད། ཕྲན་ལ་བོད་ཀྱི་དབང་ཆ་ཡོད་པའི་རྣམ་པ་ཙམ་འདོན་པའི་ཆེད་དུ་གཙོ་འཛིན་གྱི་མིང་ཞིག་བཏགས་ཡོད་ཀྱང༌། ཐག་གཅོད་བྱེད་ཐུབ་པ་ཤིན་ཏུ་དཀའ་བ་ཞིག་རེད།

རང་སྐྱོང་ལྗོངས་གྲྭ་སྒྲིག་ལྷན་ཚོགས་དེས་ལས་ཁུངས་ཁག་འགོ་འཛུགས་བྱས་ཏེ་འཚབ་འཚུབ་ཀྱི་ལས་འགོ་བཙུགས་འཕྲལ་མི་མང་ནས་གནས་ཚུལ་ཤེས་རྟོགས་བྱུང་སྟེ་རྒྱ་མིས་སྔོན་བྱས་ལས་ཀར་མི་འདོད་པའི་རྣམ་འགྱུར་དེ་ཇེ་གསལ་དུ་ཕྱིན་ཞིང༌། འདི་ནི་ཆོས་ཉིད་རང་རེད། ངན་གཡོའི་ཐབས་བརྒྱ་བྱུས་སྟོང་གི་གྲྭ་སྒྲིག་ལྷན་ཚོགས་གསར་པ་དེར་རྒྱབ་ལྟོས་བྱེད་ཆེད་ལྷ་སར་མི་མང་གི་ཚོགས་འདུ་ཚོགསཏེ། ཁོང་ཚོའི་གྲོས་ཆོད་ཡི་གེ་རྒྱ་མིའི་འགོ་བྱེད་ཚོར་སྤྲད་པ་དེའི་ནང༌། བོད་ནང་སྔར་ནས་རང་གི་ཆབ་སྲིད་སྐྱོང་ཚུལ་ཞིག་ཡོད་པར་བརྟེན་མི་དམངས་ཀྱི་བློ་དང་མི་འཚམས་པའི་གྲྭ་སྒྲིག་ལྷན་ཚོགས་དགོས་གནད་མེད་པས་ཕྱིར་བསྡུ་བྱེད་འོས་ལུགས་མཐུན་གྱིས་བརྗོད་ཡོད་ཀྱང༌། རྒྱ་མིས་དེ་ལ་ལུགས་མཐུན་ལན་འདེབས་མི་བྱེད་པ་སྨོས་ཅི། བཀའ་བློན་རྣམས་འབོད་འགུགས་བྱས་ཤིང༌། དེས་ཀྱང་མ་ཆོག་པར་མི་མང་ཚོགས་འདུ་མེད་པ་བཟོ་དགོས་ཕྲན་སར་བརྗོད་བྱུང༌། བོད་གཞུང་ནས་མི་འདོད་བཞིན་དུ་རྩ་ཚིག་གསར་པ་ཞིག་བཟོས་པ་ལ་ཕྲན་ནས་ལག་རྟགས་མི་འགོད་ཐབས་མེད་བྱུང་ཞིང༌། དེ་ལྟར་མི་མང་ཚོགས་འདུ་བཙན་ཤུགས་ཀྱིས་བསྟོར་བཤིག་བཏང་ན་ཡང༌། མི་མང་གི་བསམ་བློ་གཏོར་བཤིག་མི་ཐུབ་པ་ཀུན་གསལ་ཐོག ཁོང་ཚོས་བྱེད་ཐབས་གཞན་ཞིག་ཐོག་འགྲོ་རྒྱུ་གདོན་མི་ཟ་བ་རེད། གནས་ཚུལ་དེ་དག་ ༡༩༥༩ ལོའི་སྨོན་ལམ་སྐབས་འགོ་འཛུགས་བྱས་ཤིང༌། མི་མང་ཕལ་པ་ཚོས་རྒྱ་མིར་མི་དགའ་བའི་རྣམ་འགྱུར་དེ་ཇེ་ཆེར་རྒྱ་ཁྱབ་ཏུ་འཕེལ་ཏེ། ཁོང་ཚོའི་སྲིད་དོན་འགོ་འཁྲིད་འདེམས་སྒྲུག་བྱས་པའི་མི་འགའ་ཞིག་ཡོད་ཅིང༌། དེ་ཚོ་གཞུང་གི་ལས་བྱེད་པ་མིན་སྟབས་གོ་མིང་སོགས་གང་ཡང་མེད་པའི་མི་ཕལ་པ་ཤ་སྟག་རེད། ཁོང་ཚོ་སྲིད་དོན་འགོ་འཁྲིད་ཡིན་ལུགས་བརྗོད་པ་འདི་དག་ནུབ་ཕྱོགས་པའི་སྲིད་དོན་ཤོག་ཁའི་གནས་ཚུལ་དང་ཐ་དད་རེད། ཁོང་ཚོས་ངོ་རྒོལ་བྱེད་དོན་རྒྱ་མི་གུང་བྲན་ཡིན་པའི་རྒྱུ་མཚན་གྱིས་ལྟ་བའི་ཐོག་ནས་མ་ཡིན་པར། འཛམ་གླིང་དུ་ཡོད་པའི་སྲིད་དོན་སྣ་ཚོགས་ཀྱི་ལྟ་ཚུལ་ཡང་མེད། ཁོང་ཚོ་ནི་སྡུག་བསྔལ་དང་དཀའ་སྦྱོང་བཙན་གནོན་གྱི་འོག་ཏུ་སྨྲ་བརྗོད་ཀྱི་རང་དབང་མི་ལྡན་པའི་མིའི་ནང་ནས་སྙིང་སྟོབས་བསྐྱེད་དེ་རང་འདོད་ཀྱི་སྨྲ་བརྗོད་བྱེད་ཐུབ་མཁན་གྲས་ཡིན་པར་བརྟེན་ཁོང་ཚོ་ནུས་ཤུགས་ལྡན་པའི་གནས་སྟངས་སུ་གྱུར་པ་རེད།

མི་དེ་ཚོས་ལྷ་སའི་མི་མང་གི་འགོ་འཁྲིད་བྱས་ཏེ། གསལ་པོར་བརྗོད་ན་སྐྱེ་བོ་ཕལ་མོ་ཆེའི་གཤིས་ལུགས་ལྟར་ཁོང་ཚོ་དང་མི་མང་བཅས་པར་ཁོང་ཁྲོའི་རང་གཤིས་འགོག་མེད་ཕར་རྒོལ་བྱེད་འདོད་སྐྱེས་ཤིང༌། དེ་སྐོར་བཀའ་ཤག་ནས་ངའི་མཐོང་ཚུལ་ལྟར་རྒྱ་མིའི་དྲག་ཤུགས་ལ་ཕར་རྒོལ་བྱེད་རྒྱུར་དོན་འབྲས་མེད་པ་མཐོང་སྟེ་སྐབས་རེ་མི་མང་ཚོ་དང་རྩོད་གླེང་བྱེད་དགོས་པའང་ཡོང་གི་ཡོད་པ་དང༌། ཁོང་ཚོའི་བྱ་སྤྱོད་དེ་དག་རྩ་བ་རང་གི་བསྟན་སྲིད་ལ་ཤ་ཞེན་བྱས་པ་ཞིག་ཡིན་ཀྱང༌། དངོས་དོན་དུ་དོན་མེད་རང་ཤི་རྒྱག་མཁན་ལྟ་བུ་ཞིག་ཏུ་འགྱུར་གྱི་ཡོད་སྟབས་དེ་ལ་བཀའ་ཤག་ནས་འགོག་ཐབས་མི་བྱེད་མཐུ་མེད་ཡོང་གི་ཡོད་པ་དང༌། ཕྱོགས་གཅིག་ནས་ཁོང་ཚོའི་རང་བཞིན་གྱི་མཐོང་སྣང་དུ་བཀའ་ཤག་ནས་བཙན་འཛུལ་མཁན་གྱི་ཕྱོགས་སུ་བློ་བསྟུན་བྱེད་དྲགས་པ་ལྟ་བུ་མཐོང་གི་ཡོད་པ་རེད། མི་མང་ཚོའི་དོན་དུ་ཐེངས་གཅིག་ངས་ཀྱང་ཁོང་ཚོས་དྲག་རྒོལ་བྱེད་རྒྱུའི་བསམ་ཚུལ་དེ་དག་ནོར་འཁྲུལ་རེད་ཅེས་བརྗོད་པ་ཡིན། དེ་ལ་ཁོང་ཚོ་འདོད་བབས་བྱུང་མེད་ཤག་ཀྱང༌། དུས་མཐའ་སྡུག་པོ་འདི་འདྲ་མ་བྱུང་བར་ཁོང་ཚོས་ཕྲན་ལ་གུས་བརྩི་ཆེན་པོའི་ངང་བསྡད་པ་རེད། དེ་རྣམས་ཕྲན་རང་ངོས་ཀྱི་གཤིས་ཡོན་ལ་རང་བསྟོད་བྱས་པ་མིན་ཅིང༌། ཕྲན་ཏཱ་ལའི་བླ་མར་ངོས་བཟུང་གིས་ཁོང་ཚོས་གུས་བརྩི་དེ་ལྟར་བོད་མི་ཚང་མས་བྱེད་ལུགས་ལྟར་བྱས་པ་ཞིག་ཡིན་པ་མ་ཟད། ཁོང་ཚོས་འཐབ་འཛིངས་བྱེད་པའི་དགོས་དོན་ཡང་གཅིག་ཕྲན་ལ་ཐུག་ཡོད་པ་རེད།

ཁོ་བོ་རང་གི་ཕྱོགས་ནས། ཁོང་ཚོའི་བྱ་སྤྱོད་ལ་རྒྱབ་འགལ་བྱེད་བཞིན་དུ་ཡང་བསྔགས་འོས་སུ་མཐོང་སྟེ། ཚོང་ར་དུས་སྐབས་སྡུག་པོ་འདི་ལྟར་བྱུང་དུས་གནས་ཚུལ་དེ་ལྟ་བུ་དངོས་སུ་ཐོན་པ་དེར་དགའ་པོ་བྱུང༌། འགོ་འཁྲིད་དེ་གྲས་ང་ཚོར་དུས་རྟག་ཏུ་དགོས་པ་ཞིག་རེད།

འགོ་འཁྲིད་དེ་ཚོའི་བྱེད་ཚུལ་དེས་སྨོན་ལམ་གྱི་དུས་སྐབས་དེ་རྣམ་ཀུན་དང་མི་འདྲ་བའི་ཡ་མཚན་ཞིག་བྱུང་བ་དང༌། སྨོན་ལམ་སྐབས་སྲིད་དོན་གྱི་འབོད་སྒྲ་སྒྲོག་ཐེངས་དང་པོ་བྱུང་ཞིང༌། གནས་ཚུལ་དེ་ལྷ་ཁུལ་མི་ཚང་མས་མི་ཤེས་པ་མེད་པ་ལྟ་བུར་གྱུར། གྲྭ་པ་འདུས་ཚོགས་ཆེ་བའི་སྨོན་ལམ་སྔར་རྒྱུན་བཞིན་ཚོགས་སྐབས་གྲོང་ཁྱེར་ནང་ཁུལ་གང་སར་སྦྱར་ཡིག་མང་པོ་ཐོན་པ་དང༌། ཡི་གེ་དེ་ཚོའི་ནང༌། རྒྱ་མི་ཕྱིར་ལོག་བྱེད་དགོས། བོད་ནི་བོད་མིའི་ཡིན། ཞེས་བྲིས་ཡོད་པ་རེད། དེས་རྒྱ་མིའི་འགོ་བྱེད་ཚོར་འཆར་ཅན་གྱི་ཚིག་ཟ་སྐྱེ་ཡོང་གི་ཡོད་པ་དང༌། དེ་རིགས་ནམ་བྱུང་སྐབས་བཀའ་ཤག་སྐད་འབོད་ཀྱིས་ཁ་གཡོག་རྣམས་བཀའ་ཤག་ཏུ་འགེལ་གྱི་ཡོད། སྐབས་དེར་རྒྱ་མིས་མི་མང་འགོ་འཁྲིད་གཙོ་བོ་གསུམ་གྱི་མིང་འབོད་བྱས་ཏེ་དེ་གསུམ་གྲྭ་སྒྲིག་ལྷན་ཚོགས་འཛུགས་རྒྱུར་ངོ་རྒོལ་བྱེད་མཁན་དང༌། སྦྱར་ཡིག་འགྲེམས་མཁན་བཅས་ཀྱི་ནང་ཡོད་སྟབས་བཀའ་ཤག་ནས་ཁོང་གསུམ་འཛིན་བཟུང་བྱ་དགོས་བརྗོད་ཅིང༌། ཁོང་ཚོས་ང་ཚོའི་ཁྲིམས་འགལ་གང་ཡང་བྱས་མེད་ཀྱང༌། བོད་མིས་འཛིན་བཟུང་མ་བྱས་ན་རྒྱ་མིས་འཛིན་བཟུང་ཁྲིམས་གཅོད་བྱ་རྒྱུ་ཡིན་ལུགས་བརྗོད་སྟབས་ཁོང་ཚོའི་དཀའ་སྡུག་ཆེ་ཤོས་དེ་ལས་སྐྱོབ་ཆེད་རང་ཕྱོགས་ནས་བཟང་བཙོན་དུ་བཙོན་འཇུག་བྱ་དགོས་བྱུང་ཞིང༌། གཅིག་བཙོན་ཁང་ནང་འདས་གྲོངས་སུ་གྱུར། གཞན་དག་གཉིས་ཚུལ་མཐུན་བྱེད་རྒྱུའི་འགན་ལེན་གདན་ས་གསུམ་གྱིས་བྱས་ཏེ་རང་མིན་གུ་ཡངས་བཏང་་ཞིང༌། གཅིག་ནི་དེང་སང་རྒྱ་གར་དུ་ཡོད་མུས་ དུས་སྐབས་དེའི་ཚེ་རྒྱ་མིའི་དྲག་ཤུགས་ཀྱིས་བཟུང་བའི་བོད་ཤར་ཕྱོགས་ཀྱི་ས་ཁུལ་ནང་གནས་ཚུལ་ཇེ་སྡུག་ཇེ་ཞན་དུ་གྱུར་བཞིན་ཡོད་པའི་གནས་ཚུལ་ཅི་རིགས་དེ་ཕྱོགས་ནས་གསར་འགྱུར་ནམ་འབྱོར་སྐབས་ཐོན་གྱི་ཡོད་པ་རེད། ལྷ་སར་ཆོ་འཕྲུལ་སྨོན་ལམ་གྱི་དུས་ཆེན་སྐབས་ལི་ཐང་དུ་དྲག་པོའི་འཐབ་འཛིངས་བྱུང་འདུག འོན་ཀྱང་འབྲི་ཆུ་ནུབ་བརྒྱུད་ཁོངས་ལྷིངས་འཇགས་གནས་མུར། གྲྭ་སྒྲིག་ལྷན་ཁང་རྟེན་འབྲེལ་ཟིན་འཕྲལ་ཆབ་མདོར་ཆབ་མདའི་དམག་དཔོན་དེས་བོད་ཀྱི་མི་དྲག་སུམ་བརྒྱ་ལྔ་བཅུ་ཙམ་ཞིག་ཚོགས་འདུར་འབོད་འགུགས་ཀྱིས་བརྗོད་གསལ། ད་ལྟ་བོད་དུ་གུང་བྲན་གྱི་བཅོས་བསྒྱུར་དུས་སྐབས་སུ་མ་བབས་པས་རིམ་བཞིན་བྱ་དགོས་ཤིང༌། བོད་མི་མང་གི་བློ་མོས་མ་བྱུང་བར་བྱེད་མི་རུང་ཞེས་ཕྲན་ནས་བརྗོད་ལུགས་དང༌། པཎ་ཆེན་བླ་མས་བཅོས་བསྒྱུར་འཕྲལ་དུ་བྱེད་དགོས་གསུང་ཚུལ་ཁོང་ཚོར་བརྗོད་ཅིང༌། ཚོགས་འདུ་དེས་དེ་གཉིས་ལ་གོ་བསྡུར་བྱས་ཏེ་ཆབ་མདོ་ས་ཁུལ་དུ་ལག་ལེན་ཇི་བྱེད་འདེམས་ཀ་བྱེད་དགོས་པ་རེད།

ཉིན་མང་གོ་བསྡུར་བྱས་རྗེས་མི་བརྒྱ་སྐོར་ཞིག་ནས་ཕྲན་དང༌། བོད་མི་བྱིངས་ཀྱིས་བཅོས་བསྒྱུར་ནམ་བྱས་མཚམས་བྱེད་རྒྱུ་དང༌། བཞི་བཅུ་སྐོར་ནས་བཅོས་བསྒྱུར་འཕྲལ་དུ་དགོས་ཚུལ་བརྗོད་ཅིང༌། བཅོས་བསྒྱུར་དལ་བུས་བྱེད་དང༌། འཕྲལ་དུ་བྱེད་ཀྱི་འདེམས་ཀ་ལས་སྤྲད་མེད་ཀྱང༌། མི་ཉིས་བརྒྱ་སོར་ནས་བཅོས་བསྒྱུར་ནམ་ཡང་མ་དགོས་ཞེས་བརྗོད་པ་རེད། དམག་དཔོན་དེས་ཁོང་ཚོ་ཚང་མར་ཐུགས་རྗེ་ཆེ་ཞེས་དང༌། བཅོས་བསྒྱུར་དུས་བབས་སུ་བྱེད་རྒྱུ་བརྗོད་དེ་ཁོང་ཚོར་པར་དེབ། སྣག་སྨྱུག ཤོག་བུ། ཁྲུས་ཆས་སོགས་ཀྱི་ཕྱག་རྟགས་རེ་ཕུལ་ཏེ་ཚོགས་འདུ་གྲོལ་འདུག

ཟླ་གཅིག་ཙམ་གྱི་རྗེས། འཛོ་མདའ་རྫོང་དུ་དེ་ཁུལ་གྱི་བོད་མི་འགོ་བྱེད་ཚོ་འབོད་འགུགས་བྱས་ཏེ། ཁོང་ཚོ་རྒྱ་མིའི་དམག་མིས་བསྐོར་བསྲུངས་ཀྱིས་དམངས་གཙོའི་བཅོས་བསྒྱུར་འཕྲལ་དུ་འགོ་འཛུགས་དགོས་རྒྱུར་མོས་མཐུན་དགོས་རྒྱུ་བརྗོད་འདུག་པ་དེ་ལ་བོད་མི་ཚོས། འབྲི་ཆུ་ཤར་བརྒྱུད་དུ་དམངས་གཙོའི་བཅོས་བསྒྱུར་གྱིས་དཀའ་སྡུག་ཇི་བྱུང་དངོས་མཐོང་བྱུང་སྟབས་ང་ཚོར་དེ་འདྲའི་བཅོས་བསྒྱུར་ནམ་ཡང་མ་དགོས་ཞེས་དང་ལེན་མ་བྱས་སྟབས་རྒྱ་མིས་མཐའ་ནན་གྱིས་བདུན་གཉིས་ཙམ་རིང་དམག་སྒར་དེ་ནང་བཀག་ཅིང༌། དེ་མཚམས་སུ་བོད་མི་འགོ་བྱེད་ཚོས་ངག་ཐོག་ནས་ཁས་ལེན་མི་བྱ་མཐུ་མེད་དུ་གྱུར་ཏེ་ཁས་ལེན་བྱས་པར་བརྟེན་རྒྱ་མིས་ཁོང་ཚོར་བརྗོད་གསལ་ད་ཆ་ཁྱོད་ཚོ་རང་རང་ས་གནས་སོ་སོར་བཅོས་བསྒྱུར་དྲིལ་བསྒྲགས་བྱེད་པར་གཏོང་རྒྱུ་ཡང༌། སྔ་འཕྲོས་ཁྱོད་རང་ཚོས་དེ་སོར་སློབ་སྦྱོང་ཕྲན་བུ་བྱེད་དགོས་ཞེས་བརྗོད་འདུག

ཁོང་ཚོས་བཅོས་བསྒྱུར་ཁས་ལེན་བྱས་སྟབས་རྒྱ་མིའི་དམག་མི་བསྐོར་སྲུང་པ་ཚོ་ཕྲན་བུ་ལྷིང་འཇགས་བྱུང་ཞིང༌། སློབ་སྦྱོང་འགོ་འཛུགས་ཀྱི་སྔ་ནུབ་བོད་མི་འགོ་བྱེད་ཉིས་བརྒྱ་ལྷག་ཙམ་དམག་སྒར་ནང་ནས་བྲོས་བསྐྱོད་རི་འཛེགས་བྱས་པ་རེད།

བློ་སྣ་ཐུང་ཐུང་གི་རྩུབ་སྤྱོད་མི་འདོད་དབང་མེད་དུ་བྱས་མཚམས་ས་གནས་ཀྱི་འགོ་བྱེད་དེ་ཚོ་རྒྱ་མིས་འཇབ་དམག་གི་གྲལ་དུ་བཅུག་ཅིང༌། ཁྲིམས་འགལ་བྱེད་མཁན་ཚོ་རང་ཁྱིམ་དུ་ཕྱིར་ལོག་བྱས་ན་འཛིན་བཟུང་བྱེད་རྒྱུ་བྱས་པའི་གནས་ཚུལ་འདི་ཁོང་ཚོས་ཀྱང་ཤེས། རྒྱུ་རྐྱེན་དེ་དག་ལ་བརྟེན་ནས་ངོ་རྒོལ་བྱེད་རྒྱུའི་བསམ་སྦྱོར་ཡོད་པ་དེ་ཇེ་ཆེར་ཕྱིན་འདུག རང་ཉིད་སྲུང་སྐྱོབ་བྱེད་རྒྱུའི་གོ་ལག་ནི་རྒྱ་མིའི་ས་ནས་འཕྲོག་བཅོམ་ཇི་ཐུབ་ལ་རག་ལུས་པར་བརྟེན་རང་འདོད་ཡིན་མིན་ལ་མ་ལྟོས་པར་དྲག་པོའི་འཐབ་འཛིངས་བྱེད་དགོས་བྱུང༌། བོད་ཤར་ཕྱོགས་ཀྱི་ཁམས་རིགས་མང་ཆེ་བ་བཟོད་སྲན་ཆེ་ཞིང༌། སེམས་ཐག་ཆོད་པོའི་ཐོག གངས་བྲག་དང༌། ནགས་ཚལ་གྱིས་ཁེངས་པའི་རི་བརྒྱུད་ཚོའི་གནས་ལུགས་ཀྱང་གསལ་ཤེས་ཡོད་སྟབས། འཇབ་དམག་གི་ལས་ཀར་དངོས་སུ་ཞུགས་ཏེ། ༡༩༥༦ གི་ལོ་སྟོད་ནས་བཟུང༌། ཁོང་ཚོས་རྒྱ་མིའི་འགྲུལ་ལམ་དང༌། བབས་ཚིགས་ཁག་ལ་རྒོལ་བཅོམ་བྱས་པའི་ལོ་རྒྱུས་གོ་ཐོས་བྱུང༌།

ཁོ་བོའི་མཐོང་སྣང་ལ་ཁོང་ཚོ་ནི་འུ་ཐུག་བཟོད་བྲལ་གྱི་གནས་ཚུལ་འོག ་ཕུ་ཐག་རིང་པོའི་གནད་དོན་ལ་བསམ་བློ་ཆེར་མེད་པ་ལྟ་བུ་ཞིག་ཡིན་ཅིང༌། ཕན་ཚུན་དབར་ཤར་བགྲོད་མི་ཐུབ་པའི་རི་བརྒྱུད་དེ་ཚོའི་ནང་ཁོང་ཚོ་ལོ་མང་སྡོད་ཐུབ་རེ་ཙམ་མ་ཟད། རྒྱ་མིས་ཁོང་ཚོ་འདོན་མི་ཐུབ་ལ་ཁོང་ཚོས་ཀྱང་རྒྱ་དམག་བསྟོར་བཅོམ་ཐུབ་པ་དཀའ། འོན་ཀྱང༌། དེ་ལྟར་ཡུན་རིང་གནས་ན་ངལ་སྡུག་མྱོང་མཁན་ནི་བོད་མི་ཚོ་དང༌། དེའི་ནང་ནས་ཀྱང་རྒན་བྱིས་དང༌། བུད་མེད་རྣམས་རེད།

གང་ཅིའི་གནས་སྟངས་ལོ་ཤས་གོང་ལས་ཆེས་སྡུག་ཏུ་ཕྱིན་ཡོད་པ་དེར་ཕྲན་ནི་ཧ་ཅང་བློ་ཕམ་བྱུང་ཞིང༌། མི་དགའ་མི་འདོད་པའི་དབང་བསྒྱུར་བྱེད་པ་དེ་དག་སྲིད་ཚབ་ཟུང་དགོངས་ཞུ་བྱེད་བཅུག་པ་ནས་མཚམས་ཆོད་ཟིན་པར་བསམ་གྱི་ཡོད་ཀྱང༌། དེའི་ཚུལ་ལྷག་དང་བཅས་པ་ཞིག་ཡང་བསྐྱར་འགོ་ཚུགས་ཤིང༌། དེ་བར་རྙོག་གླེང་རྣམས་ཞི་བའི་ལམ་ནས་འགྲིགས་པའི་འབད་བརྩོན་ཇི་བྱས་ལ་གྲུབ་འབྲས་གང་ཡང་མ་བྱུང་ཞིང༌། མིང་ཙམ་གྱི་རང་སྐྱོང་གྲྭ་སྒྲིག་ལྷན་ཚོགས་དེ་ཡང་དབང་གཞུ་མངོན་པར་བཀྲ་བ་ཞིག་དང་མཚུངས་ཤིང༌། ཤར་ཕྱོགས་ས་ཁུལ་ཀླ་ཀློའི་སྤྱོད་ཚུལ་ཐབས་རྡུགས་ཤིག་ཏུ་གྱུར་ཟིན་པ་དང༌། བོད་དབུས་ཁུལ་དུ་ཡང་ཕལ་ཆེ་བ་དྲག་པོའི་ངོ་རྒོལ་བྱེད་རྒྱུར་སེམས་ཐག་གཅོད་མཁན་ཇེ་མང་དུ་གྱུར། ཕྲན་རང་ཉིད་ནི་དྲག་རྒོལ་བྱེད་རྒྱུར་འདོད་པ་མེད་པ་དང༌། དེས་ཕུགས་ཕན་མི་ཐུབ་ཀྱང༌། ཏཱ་ལའི་བླ་མའི་ཆོས་སྲིད་ཟུང་འབྲེལ་གྱི་འགོ་འཁྲིད་འོག་བོད་དུ་ལོ་སུམ་བརྒྱ་ལྷག་ཙམ་རིང་བདེ་སྐྱིད་ཀྱི་འཚོ་བར་སྤྱད་པ་དེ་དག་ད་ཆ་འཕོ་འགྱུར་ཡོང་ཉེན་ཆེ་བས། མི་མང་གིས་དྲག་རྒོལ་བྱེད་པ་དེར་ངས་ཆོས་སྲིད་གཉིས་ཕྱོགས་ནས་འགོག་ཐབས་བཀོད་འཁྲིད་བྱས་དང་བྱེད་མུས་དེ་ལྟར་ཡང༌། རྒྱ་མིས་ཁོ་བོའི་སྲིད་དོན་བཀོད་འཁྲིད་ཀྱི་ནུས་ཤུགས་ཆུང་དུ་གཏོང་ཐབས་ངོ་ལོག་གཉིས་ནས་བྱེད་ཀྱི་ཡོད་པ་དང༌།དུས་མཚུངས་པས། མི་མང་གིས་དྲག་རྒོལ་བྱེད་པར་འགོག་རྐྱེན་ཇི་ཙམ་བྱས་པ་དེས་མི་མང་གིས་ཕྲན་ལ་གུས་བརྩི་བྱེད་པ་མེད་པ་བཟོ་རྒྱུའི་རྒྱ་མིའི་ལས་དོན་གྱི་གྲོགས་ཕན་དུ་འགྲོ་བའང་ཡོང་ཉེན་ཡོད། འོན་ཏེ། མི་མང་ནས་ཕྲན་ལ་སྲིད་ཀྱི་འགྲོ་འཁྲིད་དུ་གུས་བརྩི་མེད་ན་ཡང༌། གལ་ཆེའི་ཆོས་ཀྱི་འགོ་འཁྲིད་ཡིན་པའི་དད་གུས་ནི་བརླག་ཐབས་མེད། སྲིད་ཕྱོགས་ཀྱི་འགོ་འཁྲིད་མི་གཞན་ལ་ཚབ་བསྐོས་པའམ། སྲིད་དོན་བཞག་རུང་འགྲིགས་ཀྱང༌། ཏཱ་ལའི་བླ་མས་ཆོས་ཀྱི་འགོ་འཁྲིད་བྱེད་པ་དེ་ཞོག་རྒྱུའི་མནོ་བསམ་འཁོར་མི་ཐུབ་པ་ཞིག་རེད།

དེར་བརྟེན་བོད་བསྟན་འགྲོའི་ཁེ་ཕན་ཆེ་ཤོས་ཤིག་འབྱུང་བ་དང༌། ཆོས་ཕྱོགས་ཀྱི་བཀོད་འཁྲིད་གནས་སྟངས་ལ་སྐྱོན་གནོད་མི་འབྱུང་ཆེད་སྲིད་དོན་གྱི་ནང་ནས་ཐོན་ན་སྙམ་པ་བྱུང་ཡང༌། ཕྱོགས་གཅིག་ནས་བསམ་ན། གལ་ཏེ་སྲིད་དོན་ནས་ཐོན་པ་ཡིན་ན་སྐབས་དེར་ཚ་གས་སུ་འགྲོ་རྒྱུ་གདོན་མི་ཟ་བས། དེ་ལ་ནི་འདོད་པ་མི་འདུག དེའི་ཕྱིར་ཁོ་བོ་བོད་དུ་སྡོད་རིང་སྲིད་དོན་ནང་ནས་ཐར་ཐབས་མ་བྱུང༌། དེ་ལྟའི་བློ་སེམས་བག་ཕེབས་མེད་པའི་དུས་སྐབས་སྡུག་ཤོས་ཤིག་གི་སྐབས་སུ་རྒྱ་གར་ནས་གདན་ཞུའི་མགྲོན་འབོད་ཅིག་འབྱོར་བྱུང༌།། །།