ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།

༄༅། །ངོས་རྒྱ་ནག་ཏུ་འགྲོ་རྒྱུར་ལྷ་སའི་མི་མང་རྣམས་འདོད་བབས་མེད་ཅིང༌། གལ་ཏེ་རྒྱ་ནག་ཏུ་ཕྱིན་ན་ཕྱིར་ལོག་བྱེད་ཨེ་ཐུབ་སྙམ་པའི་འཇིགས་སྣང་ཡོད་པ་དེ་ལྟར་ཡང༌། རང་ལ་བཙོན་ཉར་བྱས་དྭོགས་འཇིགས་སྣང་མ་བྱུང་ཞིང༌། འགྲོ་དགོས་པ་རང་གི་ལས་འགན་དུ་མཐོང་ནས་སེམས་ཐག་བཅད་དེ། ནོར་གླིང་དུ་ཆོས་ཕྱོགས་ཀྱི་མཛད་སྒོ་མི་འབོར་ཆེན་པོ་འཛོམས་པའི་སྐབས་ཤིག་ཏུ་ཕྲན་ནས་ལོ་གཅིག་ནང་ཕྱིར་ལོག་བྱ་རྒྱུའི་ཁས་ལེན་བྱས་པ་ཡིན།
སྐབས་འདིར་པི་ཅིང་དུ། རྒྱ་ནག་གི་རྩ་ཁྲིམས་གཏན་འབེབས་བྱེད་རྒྱུའི་ཚོགས་འདུ་ཆེན་པོ་ཞིག་ཚོགས་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་དེའི་ནང་བོད་ལ་འཐུས་མི་བཅུའི་སྡོད་ས་སྤྲད་ཡོད་པ་རེད། སྐབས་དེར་རྒྱ་རིགས་ཀྱི་འཐུས་མི་རྣམས་འདེམས་བསྒྲུགས་བྱས་ཏེ་བསྐོས་ལུགས་དང༌། བོད་ཀྱི་འཐུས་མི་རྣམས་ཕྲན་ནས་བསྐོ་གཞག་བྱེད་དགོས་བརྗོད་འདུག རྒྱ་ནག་གཞུང་གིས་བསམ་འཆར་བཏོན་གསལ་ལ་འཐུས་མི་དེ་རྣམས་ཀྱི་འགོ་འཁྲིད་ཕྲན་ནས་བྱེད་དགོས་པ་རེད། མི་མང་པོའི་བསམ་པར་ཚོགས་འདུའི་འཐུས་མི་བྱ་རྒྱུ་ཏཱ་ལའི་བླ་མའི་གོ་གནས་དང་མི་མཐུན་པར་བསམ་གྱི་ཡོད་འདུག་ཀྱང༌། ཁོ་བོའི་བསམ་པར་དེ་ལྟར་མ་བྱས་ན་ཁེ་ཕན་ཐོབ་རྒྱུ་གང་ཡང་མེད་པ་མ་ཟད། ད་ལྟ་ང་ཚོར་ཡོད་ལུགས་ཀྱི་ནང་གི་རང་དབང་དེ་ཡང་བརླག་ཉེན་འབྱུང་ཞིང༌། དེ་ལ་མོས་མཐུན་བྱས་ན་རྒྱ་མིས་ཁས་ལེན་བྱས་པ་རྣམས་ལག་ལེན་བྱེད་འཇུག་རྒྱུར་ཕན་ཐོགས་ཡོང་སྲིད་སྙམ་པ་བྱུང༌།

རྒྱུ་མཚན་དེ་དག་ལ་བརྟེན་ནས། ༡༩༥༤ ལོ་ཕྲན་ལྷ་ས་ནས་ཐོན་རྒྱུའི་སྐྱིད་ཆུའི་ཁར་ཆོས་ཀྱི་མཛད་སྒོའི་སར་ལྷ་སའི་མི་མང་ཁོ་བོ་དགའ་སྐྱེལ་ཆེད་དུ་འཛོམས་སྐབས་ཁོང་ཚོ་སྐྱོ་བའི་རྣམ་འགྱུར་གསལ་པོར་སྟོན་སྟབས་ཕྲན་ཕྱི་རྒྱལ་དུ་ཕྱོགས་ཐོན་ཐོག་མའི་སྐབས་དེར་དགའ་སྐྱིད་དུ་ལྟ་བའི་གོ་སྐབས་མ་བྱུང༌།

ཕྲན་མོ་ཌོར་ནང་ཐག་རིང་གི་འགྲུལ་ལམ་དུ་ཞུགས། ལྷ་སའི་ནང་རྒྱ་མིའི་མོ་ཌོར་རེ་ཟུང་འབྱོར་ཡོད་པ་དམག་མིའི་ཁོངས་ཡིན་ཞིང༌། བོད་ཀྱི་ཤར་དང༌། ནུབ་བྱང་ལ་དམག་སྲིད་ཀྱི་འགྲུལ་ལམ་བཟོ་བཞིན་དུ་ཡོད། དེ་འདྲའི་ལམ་བཟོ་དེ་ནི་ང་ཚོར་བཙན་གནོན་དང༌། འདོད་བློར་མི་འབབ་པའི་རྩ་བ་ཞིག་ཡིན། ལམ་བཟོར་ལས་གླ་ཆུང་ཞིང༌། སུས་ཀྱང་རྒྱ་མིའི་བསྐུལ་འདེད་དང་ལེན་མ་བྱས་སྟབས་ང་ཚོའི་གཞུང་ནས་བོད་མི་མང་པོ་བཙན་བཀས་གཏོང་དགོས་བྱུང་བ་མ་ཟད། མི་མང་གི་ས་ཆ་མང་པོ་ཚབ་སྐྱིན་མེད་པར་ལེན་དགོས་ཀྱང་བྱུང༌། ས་ཞིང་འདེབས་ལས་བྱེད་མུས་ཀྱི་ས་ཆ་བླངས་རིགས་ལ་ང་ཚོའི་གཞུང་ནས་སྐྱིན་ཚབ་སྤྲོད་དགོས་བརྗོད་ཀྱང༌། དེ་གའི་ཉེ་སྐོར་སོ་ནམ་བྱེད་རུང་གི་ས་ཞིང་གཤིན་པོ་ཐོབ་པ་དཀའ། ང་ཚོའི་ཡུལ་ལུང་ཡར་རྒྱས་འགྲོ་དགོས་ན་འཁོར་ལམ་ངེས་པར་དགོས་ཀྱང༌། རྒྱ་མིའི་ལམ་བཟོ་བྱེད་སྟངས་དེ་ཁྲིམས་ལུགས་དང་འགལ་བ་མ་ཟད། ང་ཚོའི་མི་མང་ཚོར་གནོད་སྐྱོན་བཏང་བ་ཞིག་ཀྱང་ཡིན།

ལྷ་ས་ནས་མལ་ལེ་དགུ་བཅུ་ཙམ་གྱི་སར་མོ་ཌོར་ནང་བསྐྱོད་ཅིང༌། དེ་ནས་ལམ་བཟོ་ཕྱེད་ཙམ་ལས་མ་ཟིན་སྟབས་དེ་སྔའི་བོད་མིས་བློ་མོས་ཀྱི་བགྲོད་ཚུལ་ལྟར་རྟ་ཐོག་ཏུ་བསྐྱོད་པ་ཡིན། ཆར་ཞོད་ཤིན་ཏུ་ཆེ་བས་ལམ་བགྲོད་དཀའ་ཞིང༌། ས་གནས་འགའ་ཤས་སུ་རྟ་བཞོན་མ་ཐུབ་པར་འདག་འདམ་ནང་རྐང་བགྲོད་བྱེད་དགོས་པ་བྱུང༌། རི་ལྡེབས་འགྲོ་ལམ་འགར་རི་སྟེང་ནས་བྲག་རྡོ་ཆེན་པོ་རྦབ་ལྷུང་གིས་ཕུ་ཁྲུ་བརྒྱ་ཙམ་གྱི་གཡང་གཟར་འོག་ཆུ་ནང་དུ་ལྷུང་གི་འདུག ཕྱེད་ཙམ་བཟོས་ཟིན་པའི་བགྲོད་ལམ་དེ་ནི་ཉེན་ཁ་ཤིན་ཏུ་ཆེ་ཞིང༌། ང་ཚོ་འགྲུལ་བསྐྱོད་སྐབས་མི་གསུམ་དང༌། རྟ་དྲེལ་མང་པོ་ཤི་གོད་བྱུང་སོང༌།

དེ་ནས་ཉིན་བཅུ་ཙམ་གྱི་རིང་འཇིབ་ནང་བསྐྱོད་དེ་བགྲོད་ལམ་རྩུབ་པོ་འདུག ་ཉིན་རྗེས་མ་དྲུག་གི་རིང་ང་ཚོའི་བགྲོད་ལམ་འཁེལ་སའི་ཡུལ་མི་རྣམས་བོད་མི་ཤ་སྟག་ཡིན་ཀྱང༌། ངའི་སྐྱེས་ཡུལ་ལྟར་ལོ་མང་སྔོན་ནས་རྒྱ་མིས་བཟུང་སྟེ་དབང་བསྒྱུར་བྱས་པ་ཞིག་རེད། ཡུལ་མི་རྣམས་བོད་རིགས་ཡིན་པར་བརྟེན་ཕྲན་སྡོད་ཞག་གང་དུ་འཁེལ་ཡང་ཁོང་ཚོར་མཇལ་ཁ་གཏོང་དགོས་པ་བྱུང་ཞིང༌། ཕྲན་རྒྱ་ནག་ནས་ཕྱིར་འཁོར་སྐབས་ཁོང་ཚོས་ང་མཉམ་དུ་ཉིན་ཤས་སྡོད་དགོས་པའི་བརྗོད་ནན་ཆེན་པོ་བྱེད་ཀྱི་འདུག

དར་རྩེ་མདོའི་ས་ཁུལ་དུ་བོད་ཀྱི་ལོ་རྒྱུས་སུ་གྲགས་པའི་ལ་ཞིག་བརྒལ་བགྲོད་བྱས་ཤིང༌། དེ་ནི་སྔར་གྱི་རྒྱ་བོད་ས་མཚམས་ལྟ་བུ་ཡིན། རི་དེའི་ཕར་ཕྱོགས་སུ་འབྱོར་སྐབས་ང་ཚོ་ཕྱི་རྒྱལ་གྱི་ཡུལ་ཞིག་ཏུ་འབྱོར་པའི་སྣང་བ་ཤར་གྱི་འདུག ། ཡུལ་མི་དེ་རྣམས་རྒྱ་མི་ཡིན་ཞིང༌། ཁོང་ཚོའི་ཁང་པ། གྱོན་ཆས། རྣམ་འགྱུར་སོགས་གང་ཅི་ནས་བོད་པ་དང་རྣམ་པ་ཐ་དད་རེད། ལམ་ཁར་རྒྱ་མིའི་ཇ་ཁང་སོགས་མཐོང་བས་རྒྱ་ནག་ཏུ་འབྱོར་བའི་རྟགས་མཚན་གསལ་བོ་འདུག རྒྱ་ནག་གི་གྲོང་ཁྱེར་དྲིན་དུ་བར་མོ་ཌོར་དང༌། དེ་ནས་ཤིའི་རྔན་བར་གནམ་གྲུ དེ་ནས་དམིགས་བསལ་གྱི་མེ་འཁོར་ཐོག་པི་ཅིང་དུ་ཤར་བསྐྱོད་བྱས། ལོ་ཤས་གོང་ནས་ངས་འཕྲུལ་འཁོར་གྱི་རིགས་ལ་དོ་སྣང་དགའ་མོས་ཆེ་བབས་ལ་གཞིགས་ན། མེ་འཁོར་དང༌། གནམ་གྲུར་དངོས་སུ་ཞུགས་སྐབས་རྨི་ལམ་བཟང་པོ་རྨིས་འདྲའི་དགའ་ཉམས་ཤིག་ཡོང་དགོས་ཀྱང༌། དེའི་ཚེ་ངའི་བསམ་བློར་སྲིད་དོན་གྱི་རྙོག་ཁྲ་དང༌། རང་གི་ལས་འཁུར་ལྕི་བས་ནོན་ཏེ་ཚོར་བ་གསར་པ་དེ་ཚོར་དགའ་སྐྱིད་དུ་སྤྱོད་པའི་སྣང་བ་གང་ཡང་མ་བྱུང༌།

ཤིའི་རྔན་དུ་པཎ་ཆེན་རིན་པོ་ཆེ་དང༌། ང་ཚོ་ལྷན་དུ་བྱུང༌། པཎ་ཆེན་རིན་པོ་ཆེ་ཁོ་བོ་ལས་སྐུ་ན་ཆུང་ཡང༌། མི་ཚོས་ང་ལས་བགྲེས་པ་ཡོད་ཚུལ་གླེང་གི་ཡོད་འདུག སྐབས་དེར་ངོས་རང་ལོ་བཅུ་དགུ་དང༌། ཁོང་དགུང་ལོ་བཅུ་དྲུག་རེད། ཁོང་ནི་དཀའ་ངལ་ཆེན་པོའི་དུས་སྐབས་ནང་འཚར་ལོང་གནང་བ་རེད།

པཎ་ཆེན་ཐམས་ཅད་མཁྱེན་པ་རིམ་བྱོན་རྣམས་ཏཱ་ལའི་བླ་མ་རྣམས་ལྟར་བླ་སྤྲུལ་ཆེ་ཁག་ཡིན་ཞིང༌། གཉིས་ཀའི་ཡང་སྲིད་ཐོག་མ་ཡེ་ཤུའི་དུས་རབས་བཅུ་བཞི་པའི་ནང་དུ་བྱུང༌། ཆོས་ཕྱོགས་ནས་ཁོང་གི་གོང་དུ་ཏཱ་ལའི་བླ་མ་ལས་མེད་ཅིང༌། པཎ་ཆེན་རིམ་པ་ནས་སྲིད་ཀྱི་དབང་ཆ་བཞེས་པ་མེད། བོད་ཀྱི་ལོ་རྒྱུས་ནང༌། ཆོས་ལུགས་ཀྱི་འགོ་འཁྲིད་པ་དག་འབྲེལ་ལམ་ལེགས་པོ་ཡོད་པ་བཞིན་ཏཱ་ལའི་བླ་མ་དང༌། པཎ་ཆེན་རིན་པོ་ཆེ་ཡང་འབྲེལ་བ་ཡག་པོ་བྱུང་སྟེ། སྐྱེས་རབས་ཕལ་ཆེ་བར་སྐུ་ན་ཆུང་བ་དེས་རྒན་པའི་སློབ་མ་གནང་ཞིང༌། ཕྱི་ལོ་ ༡༩༡༠ ནང་རྒྱ་མིས་བོད་དུ་བཙན་འཛུལ་གྱིས་རྗེ་སྐུ་ཕྲེང་བཅུ་གསུམ་པ་རྒྱ་གར་དུ་ཕེབས་དགོས་བྱུང་སྐབས་ཏཱ་ལའི་བླ་མ་མ་བཞུགས་པའི་གོ་སྐབས་དེ་བཟུང་སྟེ་བླ་འོག་ཞབས་འབྲིང་འགས་གཞུང་ཁྲལ་སྐོར་དང༌། སྲིད་དོན་གྱི་གཡོ་འཕྲུལ་འགའ་ཤས་རྙོག་གླེང་བྱུང་བར་བརྟེན་ྋརྒྱལ་དབང་གོང་མ་དང༌། པཎ་ཆེན་སྐུ་གོང་མ་རྣམ་གཉིས་ཐུགས་སྣང་མི་མཐུན་པའི་སྣང་ཚུལ་བྱུང་ཞིང༌། རྒྱ་མིས་བོད་ཁ་བྲལ་སིལ་བུར་བཏང་ནས་གོང་བུའི་སྟོབས་ཤུགས་ཉམས་དམས་སུ་བཏང་ན་བཙན་འཛུལ་བྱེད་བདེ་ཡོང་བའི་དམིགས་ཡུལ་སྒྲུབ་ཆེད་མི་མཐུན་པའི་གནས་ཚུལ་དེ་དག་གཞི་རྒྱ་ཇེ་ཆེར་གཏོང་ཐབས་ངོ་ལོག་གཉིས་བརྒྱུད་་བྱས་ན་ཡང༌། གོང་བརྗོད་ལྟར་ཁོང་ཚོའི་དམིགས་ཡུལ་མ་འགྲུབ་པར་བོད་མི་ཚོས་རྒྱ་མི་རྣམས་མཐར་སྐྲོད་བཏང་མོད། བླ་མ་གཉིས་ཀྱི་མི་མཐུན་པའི་གནས་ཚུལ་མུ་མཐུད་བསྡད་ཅིང༌། ལོ་ཤས་རྗེས་པཎ་ཆེན་རིན་པོ་ཆེ་རྒྱ་མིའི་དབང་འོག་ས་མཚམས་ས་ཁུལ་ཞིག་ཏུ་བྱོལ་ཕེབས་སྐུ་ཚེའི་རིང་བཞུགས་ཏེ་ཕྱི་ལོ་ ༡༩༣༧ ལོ་སྐུ་ངལ་ཆེན་པོའི་ངང་གཟུགས་སྐུ་ཞི་དབྱིངས་སུ་གཤེགས་འདུག

གནས་ཚུལ་འདི་འདྲར་བརྟེན་ཁོང་གི་ཡང་སྲིད་འཚོལ་རྒྱུའི་གོང་རྣམ་ཀུན་དང་མི་འདྲ་བའི་དུས་ཡུན་རིང་པོ་ཞིག་འགོར་ཞིང༌། ཕྱི་ལོ་ ༡༩༥༠ ལོར་བོད་ཀྱི་ནང་ནས་ཡང་སྲིད་འོས་སྤྲུལ་གཉིས་བྱུང་བའི་ཐོག རྒྱ་མིའི་དབང་ཁོངས་ས་ཆ་ནས་འོས་སྤྲུལ་གཅིག་བྱུང༌། ཕྱི་ལོ་ ༡༩༥༡ ལོ་པི་ཅིང་དུ་གྲོས་མཐུན་འཇོག་སྐབས། ང་ཚོའི་སྐུ་ཚབ་གཙོ་བོ་ང་ཕོད་ནས་གློག་འཕྲིན་ཞིག་བཏང་འབྱོར་དུ་རྒྱ་མིའི་འོས་སྤྲུལ་དེར་ཁས་ལེན་མ་བྱས་ན་གྲོས་མོལ་ལ་སྐྱོན་གནོད་ཡོང་གི་ཡོད་ཚུལ་འཁོད་འདུག གཞུང་དང༌། དགོན་ཁག་གི་འགོ་འཁྲིད་ཚོས་སྔར་ལམ་བརྟག་དཔྱད་དགོས་ཚུལ་བརྗོད་ཀྱི་ཡོད་ཀྱང༌། སྐབས་དེར་དེ་ལྟར་ཡོང་ཐབས་མེད་སྟབས་རིམ་བཞིན་ད་ལྟའི་མཆོག་སྤྲུལ་རིན་པོ་ཆེ་འདི་དག་ངོ་མར་གྱུར། དེ་དུས་ཁོང་དགུང་ལོ་བཅུ་གཅིག་བཅུ་གཉིས་ཙམ་སོན་ཡོད་འདུག

ཁོང་གི་སྐུ་ཡོན་གསན་བཞེས་གནང་ཕྱོགས་ནི་རྒྱ་མིའི་དབང་ནུས་ཀྱི་འོག་ཏུ་ཚུད་པ་ཡིན་ཞིང༌། ཐོག་མར་ཅང་ཀེ་ཤའི་གཞུང་དང༌། དེ་རྗེས་དམར་པོའི་འོག་ཏུ་ཚུད་པ་མ་ཟད། རྒྱ་མིས་ཁོང་སྲིད་དོན་ཐོག་རང་དགར་བེད་སྤྱོད་བྱེད་ཀྱི་ཡོད་པ་དང༌། ཁོང་དགུང་ན་ཆུང་བ་སོགས་ཀྱིས་ངོ་རྒོལ་གནང་མི་ཐུབ་པ་རྒྱ་མིས་སེམས་ཀྱི་ཡོད་ཚོད་རེད། དཔེར་ན། དམར་པོའི་གཞུང་ནས་རྒྱ་ནག་དབང་བསྒྱུར་སྐབས་ཁོང་གི་མཚན་ཐོག་ནས་བཀྲ་ཤིས་བདེ་ལེགས་ཀྱི་ཏར་བཏང་འབྱོར་སྤེལ་འགྲེམས་བྱས་ཤིང༌། སྐབས་དེར་ཁོང་དགུང་ལོ་བཅུ་ཡིན་པ་དང༌། ཡང་སྲིད་ངོ་མར་ཁས་ལེན་ཡང་བྱས་མེད་ཀྱང༌། མི་མང་པོའི་བསམ་པར་ཏར་གྱི་འབྱུང་ཁུངས་ནི་བོད་གཞུང་གནད་ཡོད་ས་ནས་བྱུང་བར་བསམས་ཏེ་མགོ་འཁོར་བྱུང་ཡོད་འདུག

༡༩༥༣ ལོ་ཁོང་དགུང་ལོ་བཅུ་བཞིར་ཕེབས་དུས་ལྷ་སར་ཕྲན་ཐུག་འཕྲད་དུ་ཕེབས་སྐབས་མཆོག་སྤྲུལ་རིན་པོ་ཆེ་ཐེངས་གཅིག་མཇལ་ཞིང༌། སྐབས་དེར་བཀྲིས་ལྷུན་དགོན་པའི་ལས་བྱེད་ཙམ་མ་ཟད། རྒྱ་མིའི་དཔོན་རིགས་ཀྱང་མཉམ་དུ་ཡོད། ཁོང་གོ་གནས་དང༌། དགུང་ལོ་ཕྲན་ལས་ཆུང་བར་བརྟེན་རྣམ་ཀུན་གྱི་ལུགས་སྲོལ་ལྟར་གྱི་མཛད་སྒོར་ཕེབས་ཀྱང༌། ལམ་སྲོལ་དེ་ཚོར་རྒྱ་མི་དང༌། ལས་བྱེད་འགའ་ཤས་མི་དགའ་བའི་རྣམ་འགྱུར་བྱུང་ཡོད། ཁོང་རྣམས་ཀྱི་རེ་འདོད་ལ་པཎ་ཆེན་རིན་པོ་ཆེ་ཕྲན་དང་འདྲ་མཉམ་གྱི་བཞུགས་ཁྲི་སོགས་དགོས་འདོད་ཡོད་པར་བརྟེན་ཐོག་མའི་མཇལ་འཕྲད་དེ་བདེ་ལྷོད་བག་ཕེབས་ཤིག་རང་མ་བྱུང་ཞིང༌། དེ་ཉིན་མཛད་སྒོ་ཟིན་ནས་སྤྲོས་མེད་དུ་ངེད་གཉིས་མཇལ་འཕྲད་ཀྱིས་གསོལ་ཚིགས་ལྷན་དུ་བྱས་པ་ཡིན། སྐབས་དེར་ངོས་གཉིས་ཞིབ་ལྷོད་གང་ལེགས་བྱུང་ཞིང༌། ཕྲན་གྱི་གནས་སྟངས་དང༌། ནང་པའི་ཆོས་ལུགས་སུ་བསླབ་པ་རྒན་པ་ལ་བརྩི་འཇོག་བྱེད་དགོས་པ་ལྟར། མཆོག་སྤྲུལ་རིན་པོ་ཆེས་གོ་བབས་ཀྱི་བརྩི་འཇོག་དངོས་འབྲེལ་བཅོས་མེད་རང་གནང་གི་འདུག་པ་མ་ཟད། མཛད་སྤྱོད་གང་ཅི་བོད་མི་དངོས་གནས་དྭང་བ་འདྲེན་པ་ཞིག་བྱུང༌། ཁོ་བོའི་བསམ་པར་གཞན་གྱིས་བཅོས་པ་མ་ཡིན་པའི་རང་བཞིན་གྱི་དགོངས་པ་བཞེས་ཚུལ་ལེགས་པོ་འདུག་པ་དང༌། དམ་པ་རང་ཉིད་བཅོས་མེད་རང་བབས་སུ་བཞག་ན་རྒྱ་མིས་བོད་དུ་བྱེད་སྟངས་ལ་ངོ་རྒོལ་དང༌། བོད་ལ་རྒྱབ་སྐྱོར་ངེས་པར་གནང་གི་རེད་བསམ་བྱུང༌།

ལྷ་སར་གཟིགས་བསྐོར་གྲུབ་རྗེས་ཕྱིར་ཕེབས་ཁར་ལུགས་མཐུན་མཛད་སྒོ་དང་འབྲེལ་བའི་ཐོན་མཇལ་གནང་རྒྱུ་གྲ་འགྲིགས་མ་བྱུང་ཡང༌། སྐུ་སྒེར་ནས་ནོར་གླིང་དུ་ངའི་སར་མཇལ་བཅར་དུ་ཕེབས་གནང་བྱུང༌། སྐབས་དེར་ཁོང་གི་རྣམ་འགྱུར་ཕྲན་བུ་འགྱུར་ཡོད་པ་དོ་སྣང་བྱུང་སྟེ། བློ་སྤོབས་མཐོ་ཙམ་གནང་དགོས་ཞུ་མཁན་བྱུང་བའི་རྣམ་པ་ཞིག་གསལ་པོར་འདུག ཕྲན་ནས་མཆོག་སྤྲུལ་རིན་པོ་ཆེར་སྙན་བསྐུལ་གསལ་འདེབས་ཞུས་དོན་དུ་རང་རེ་གཉིས་མཚུངས་ཆོས་ཀྱི་སློབ་སྦྱོང་བྱེད་རྒྱུ་གལ་འགངས་ཆེ་ཚུལ་སྐོར་དང༌། སྐུ་གོང་མ་གཉིས་ཐུགས་སྣང་བདེ་མིན་ཇི་ལྟར་ཡང༌། རང་རེ་གཉིས་ཀ་མི་རབས་གསར་པར་བརྟེན་སྔར་གྱི་གནས་ཚུལ་བརྗེས་ཏེ་རང་རེ་ཐུགས་མཐུན་ཡོང་བའི་དགོངས་བཅངས་གནང་གལ་ཤིན་ཏུ་ཆེ་ལུགས་བཅས་ཞུས་པར་ཁོང་ནས་མོས་མཐུན་གང་ལེགས་གནང་བྱུང༌།

སྔར་ཕན་མི་མཐུན་པ་བྱུང་བ་དེར་ད་དུང་ཡང་བློ་ཕམ་ཡོད། རྒྱ་མིས་ཁོང་ལ་སློབ་སྟོན་མུ་མཐུད་བྱེད་ཀྱི་ཡོད་པར་བརྟེན་སྔར་གྱི་མི་མཐུན་པའི་གནས་ཚུལ་བརྗེད་དུ་བཅུག་ཡོད་ཀྱི་རེད་བསམ་པ་མི་འདུག གལ་ཏེ་ཁོང་དང༌། ཁོང་གི་རྗེས་འབྲངས་ནས་དམ་གཙང་གཡོ་ལྷད་མེད་པའི་ཡག་པོ་གནང་ཡོད་ན་བོད་དུ་རྐྱེན་ངན་འདི་ལས་ཉུང་ཙམ་ཡོང་སྲིད། རྒྱ་མིས་མི་རབས་གོང་མའི་དུས་བྱེད་མ་ཐུབ་པ་རྣམས་ང་ཚོའི་མི་རབས་འདིར་བྱེད་རྩིས་ཡོད་ཅིང༌། ད་ལམ་བོད་མི་ཆོས་ཀྱི་འགོ་འཁྲིད་གཅིག་གི་མཚན་ཐོག་ནས་ཁོང་ཚོ་དྲིལ་བསྒྲགས་བྱེད་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད། འོན་ཀྱང་པཎ་ཆེན་རིན་པོ་ཆེ་མཆོག་ལ་ལེ་ཁག་གང་ཡང་མེད། ཐུན་མོང་སྣང་ངོར་བུ་ཕྲུག་སུ་ཞིག་ཡིན་ཀྱང་གཞན་དབང་འོག་འཚར་ལོངས་བྱས་པ་དེས་རང་དབང་གི་བསམ་ཚུལ་དེ་ཉར་མི་ཐུབ། འོན་ཀྱང་ཁོང་རང་ནས་རང་གི་ཆོས་དོར་ཏེ་གུང་བྲན་གྱི་ལྟ་སྤྱོད་དྭང་ལེན་གནང་གི་རེད་བསམ་པ་ནམ་ཡང་མེད། ང་ཚོ་ཤིའི་རྔན་དུ་མཉམ་འཛོམས་བྱུང་སྟེ་ལྷན་དུ་པི་ཅིང་ལ་ཕྱིན་པ་ཡིན། པི་ཅིང་དུ་འབྱོར་སྐབས་གཙོ་འཛིན་གཞོན་པ་ཀྲུ་ཏའི་དང༌། སྲིད་བློན་ཀྲོའུ་ཨན་ལའི། དེ་མིན་པི་ཅིང་གཞུང་གི་དཔོན་རིགས་གཞན་དག་མང་པོ་བཅས་ནས་སྣེ་ལེན་བྱས་བྱུང༌། དགའ་བསུ་བྱེད་མཁན་གཞན་རྣམས་སློབ་ཕྲུག་དང༌། གཞོན་ནུ་ཚོགས་པ། ལས་བྱེད་ཚོགས་ཁག་གི་འཐུས་མི་སོགས་རེད། ཁོང་ཚོས་ལག་བརྡབས་དང༌། དགའ་འབོད་བྱེད་ཀྱི་འདུག ངའི་བསམ་པར། ཁོང་ཚོར་མི་དགའ་བའི་རྣམ་འགྱུར་ཞིག་སྟོན་དགོས་བཀའ་བཀོད་བྱུང་ན་ལམ་སེང་བྱེད་ཀྱི་རེད་བསམ་པ་བྱུང་ཡང༌། སུས་ཀྱང་བཀའ་བཀོད་གཏོང་མཁན་མེད་སྟབས་ཁ་རོག་བསྡད་སོང༌། སྐབས་འདིར་རྒྱ་མིའི་དཔོན་རིགས་ཤིག་བོད་ཀྱི་གྲོང་གསེབ་ཅིག་ཏུ་ཕྱིན་ཏེ་བོད་མི་ཞིག་ལ་གླེང་མོལ་དྲི་ལན་བྱས་ལུགས་གོ་ཐོས་བྱུང་བ་ཞིག་དྲན་གྱི་འདུག དེ་ཡང་གྲོང་གསེབ་པ་ཚོ་ཁོང་ལ་དགའ་བསུ་བྱེད་ཆེད་མཉམ་འཛོམས་ཀྱིས་ཁོང་ལ་ལག་བརྡབས་བྱས་པར་ཁོང་དགའ་བོ་བྱུང་སྟེ་མི་གཅིག་ལ་དྲིས་དོན། གཞུང་གསར་པ་འདིའི་འོག་སྐྱིད་པོ་འདུག་གམ་དྲིས་པར། མི་དེས་སྐྱིད་པོ་འདུག་བརྗོད་པར། ཁོང་ནས་དེ་ནི་ཧ་ཅང་ཡག་པོ་རེད་ཟེར། དེ་ནས་བོད་མི་དེས། སྐྱིད་པོ་འདུག་ཀྱང༌། ཁྲལ་གསར་པ་དེར་དགའ་པོ་མི་འདུག་ཟེར། རྒྱ་མི་དེས་ཁྲལ་གསར་པ་ཇི་ཡིན་དྲིས་པར། བོད་མི་དེས་རྒྱ་མི་ནམ་ཡོང་ལ་ང་ཚོར་ལག་བརྡབས་ཀྱི་ཁྲལ་གསར་ཞིག་འཁྲི་འཁེལ་བྱུང་ཟེར། རྣམ་ཀུན་བོད་ཁྲལ་ལས་རྩོལ་བྱས་ཏེ་འགྲིགས་པར་བརྟེན་ལོ་རྒྱུས་འདིར་བདེན་འབྲེལ་ཕྲན་བུ་ཡོད་འདུག དེ་ནུབ་ཕྲན་དང༌། པཎ་ཆེན་རིན་པོ་ཆེར་ཀྲུ་ཏའི་ནས་གསོལ་སྟོན་གཟབ་རྒྱས་བཤམས་པར་མི་གྲངས་ཉིས་བརྒྱ་སྐོར་འདུག་ཅིང༌། ཚང་མ་རྒྱས་གཤོམས་ཆེ་བས་ཧ་ལས་པ་ཙམ་བྱུང༌། ཅོག་ཙེའི་སྟེང་གི་འཛིན་ཆས་རྣམས་སྤུས་དག་ཤ་སྟག་བསྒྲིགས་འདུག་ཅིང༌། ང་ཚོ་མཉམ་ཡོད་སྐྱ་བོ་རྣམས་ནས་རྒྱ་མིའི་ཆང་རིགས་རྣམས་བྲོ་མྱངས་བྱས། ཀྲུ་ཏའི་ནས་གསུང་བཤད་གནང་བའི་ནང༌། བོད་མི་རྣམས་མེས་པོ་རྒྱལ་ཁབ་ཏུ་ལོག་པ་དང༌། རྒྱ་ནག་གཞུང་ནས་རོགས་རམ་གང་དྲག་བྱེད་རྒྱུ་ཡིན་ཚུལ་བཤད་སོང༌། ཕྲན་ལ་དེ་འདྲའི་གནས་ཚུལ་གསར་པ་ཡིན་སྟབས་དཔོན་རིགས་གཞན་དག་ལ་འབྲེལ་གཏུགས་ཇི་ལྟར་བྱེད་དགོས་པ་གསལ་པོ་ཤེས་ཀྱི་མེད་ཀྱང༌། ཚང་མ་སྤྱོད་ཚུལ་ལེགས་ཤིང༌། ཤེས་ཡོན་ཆེན་པོའི་ཉམས་འགྱུར་སྟོན་གྱི་འདུག་པ་དེར་འདོད་བབས་བྱུང༌།

ཉིན་གཉིས་ཀྱི་རྗེས་མའོ་ཙེ་ཏུང་ཐོག་མར་མཇལ་འཕྲད་བྱུང་བའི་སྐབས་དེ་ལམ་སེང་བརྗེད་མི་ཐུབ་པ་ཞིག་རེད། མཇལ་འཕྲད་ཞུ་ཡུལ་ནི། ཕྱི་རྒྱལ་མི་སྣ་ཆེ་ཁག་ཚོ་རྒྱ་ནག་དམར་པོའི་གཙོ་འཛིན་དང་མཇལ་འཕྲད་བྱེད་ཡུལ་གྱི་ལས་ཁང་དེ་རེད། མའོ་ཙེ་ཏུང་མཉམ་དུ་དཔོན་རིགས་གཞན་དག་མང་པོ་འདུག་པའི་ཁོངས་དེང་སྐབས་ཀྱི་གཙོ་འཛིན་ལིའུ་ཁྲའོ་ཅི་ཡང་འདུག། ཕྲན་དང་མཉམ་དུ་བོད་ཀྱི་དཔོན་རིགས་བཞི་ལྔ་ཞིག་ཡོད།

མའོ་ཙེ་ཏུང་གི་གསུང་མོལ་ནང༌། བོད་མེས་རྒྱལ་ནང་ཕྱིར་ལོག་བྱས་པ་དང༌། ངས་རྒྱ་ནག་གི་ཚོགས་ཆེན་དུ་ཡོང་མོས་བྱས་པ་ལ་དགའ་བོ་བྱུང་ཚུལ་དང༌། རྒྱ་ནག་ནས་བོད་ལ་རང་བཞིན་གྱི་མཐུན་རྐྱེན་རྣམས་བེད་སྤྱོད་ཀྱིས་བོད་ཡར་རྒྱས་གཏོང་རྒྱུ་ཡིན་ཞིང༌། ཀྲང་ཅིང་ཨུ་དང༌། ཕན་མིང་གཉིས་ང་དང༌། བོད་མི་མང་ལ་རོགས་རམ་བྱེད་ཆེད་རྒྱ་ནག་གི་སྐུ་ཚབ་ཏུ་བོད་ལ་བཏང་བ་རེད། ཁོང་ཚོ་བོད་གཞུང་དང༌། མི་མང་ཐོག་དབང་བསྒྱུར་བྱེད་དུ་ཕྱིན་པ་མིན་ཞེས་སོགས་བརྗོད་ཅིང༌། ད་དུང་ཁོང་ནས་ཀྲང་ཕན་གཉིས་ལ་མཛུབ་མོ་བཙུགས་ཏེ་ཁོ་བོར་ཐད་ཀར་དྲི་བ་བྱས་དོན། རྒྱ་ནག་གི་སྐུ་ཚབ་ཚོས་ངའི་འདོད་པར་མི་བབས་པའི་རིགས་བྱས་མ་བྱུང་ངམ་ཟེར།

ངའི་བསམ་པར། དེ་ནི་དཀའ་གནད་ཆེན་པོ་ཞིག་རེད་སྙམ་ཞིང༌། ངས་གྲོགས་པོའི་རྣམ་འགྱུར་བཟང་པོ་ཞིག་སྟོན་མ་ཐུབ་ན་ད་ལྟའི་གནས་ཚུལ་ལས་སྡུག་པ་ངེས་པར་ཡོང་གི་རེད་སྙམ་སྟེ་ཁོང་ལ་ཕྲན་ནས་བཤད་དོན། ཁྱེད་རང་གི་འགྲོ་ཁྲིད་འོག་བོད་མི་རྣམས་ལ་མ་འོངས་པར་རེ་བ་ཆེན་པོ་ཡོད་ཅིང༌། རྒྱ་ནག་སྐུ་ཚབ་ཚོས་འགྲིགས་མིན་བྱུང་སྐབས་ཕན་ཚུན་བསམ་ཚུལ་དྲང་པོར་ཐད་ཀར་བཤད་ཀྱི་ཡོད་ཅེས་ལན་བཏབ་པ་ཡིན།

དེ་རྗེས་ཁོང་དང་མཇལ་འཕྲད་ཐེངས་གཉིས་པའི་སྐབས་ཆུ་ཚོད་གསུམ་ཙམ་འགོར་ཞིང༌། དེ་སྐབས་སྐད་བསྒྱུར་ཕུན་དབང་མ་གཏོགས་སུ་ཡང་མེད། སྐབས་འདིར་ཡང་བོད་དང༌། བོད་ཀྱི་མ་འོངས་པའི་སྐོར་གླེང་མོལ་མང་པོ་བྱུང༌། ང་ཚོའི་གནས་སྟངས་སྐོར་ཁོང་གི་བསམ་བློའི་ནང་ཡོད་པའི་དོགས་གནད་སེལ་ཆེད་ཉེ་ཆར་བོད་ནང་གི་གནས་ཚུལ་རྣམས་ཀྱང་བཤད་པ་ཡིན། ངའི་བསམ་ཚུལ་ངེས་རྙེད་ཡོད་པ་ལ་རྒྱ་མིའི་དབང་ཤུགས་ལ་གང་བྱུང་ངོ་རྒོལ་བྱས་ཏེ་མེད་པ་བཟོ་ཐུབ་མིན་སྟབས་ཁོང་གི་བསམ་བློ་ཞི་འཇམ་བག་ཕེབས་ཤིག་ཡོང་རྒྱུའི་རེ་ཐབས་བྱས་ཏེ། དོན་སྙིང་ང་ཚོའི་རེ་འདོད་ནི་རྒྱ་མིའི་དབང་བསྒྱུར་མེད་པ་བཟོ་རྒྱུ་དང༌། དཀའ་ངལ་ལ་བཟོད་སྒོམ་བྱེད་ཐུབ་པ་དགོས་པ་ཡིན།

ཕྱི་ལོ་ ༡༩༥༣ ནང་བོད་ཀྱི་ཚོང་དོན་སྐུ་ཚབ་རྒྱ་ནག་ཏུ་བསྐྱོད་པ་དག་གིས་ཁོ་བོར་བརྗོད་གསལ། རྒྱ་ནག་དམར་པོའི་འགོ་འཁྲིད་ཚོས་ཕྲན་ལ་དྭོགས་པ་ཆེན་པོ་མེད་དམ་སྙམ་སྟེ། རྒྱུ་མཚན་གང་གིས་ན། གསེར་དངུལ་གང་འཚམས་རྒྱ་གར་ནང་བཞག་པ་གཅིག་དང༌། ང་ཚོའི་ནང་མི་འགའ་ཤས་ཕྱི་རྒྱལ་དུ་ཡོད་མུས་བཅས་ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་དང་འབྲེལ་བ་ཉེ་བོ་བྱེད་ཀྱི་ཡོད་པར་བློ་དྭོགས་ཡོད་ཚུལ་བཤད་བྱུང༌། དེ་ནི་རྩ་བ་ནས་བདེན་པ་མིན་སྟབས་མའོ་ཙེ་ཏུང་ལ་དེ་སྐོར་དྲང་འབྲེལ་གནས་ལུགས་ངོ་ལོག་མེད་པར་བརྗོད་པའི་དུས་སྐབས་དེ་བླངས་པ་ཡིན། རྒྱུ་ནོར་སྐོར་རྒྱ་མིས་དྲི་བ་ཡང་ཡང་བྱས་པར་ངས་བོད་དུ་ཕྱིར་ལེན་བྱེད་རྒྱུ་བསམ་པ་ཡོད་མུས་དང་བཅས་དེ་ལྟར་བྱེད་རྒྱུ་ཡིན་ལུགས་བཤད་ཅིང༌། དེ་ལྟར་ན་ཡང༌། སྟབས་ལེགས་ཤིག་ལ་ལག་ལེན་མ་ཐུབ་པ་རེད།

གསལ་བཤད་བྱས་པར། ཁོང་འདོད་བབས་ཆེན་པོ་བྱུང་བ་ལྟ་བུ་སྣང༌། བར་དེར་རྒྱ་ནག་གཞུང་གིས་གཏན་འབེབས་སུ་བོད་དུ་དམག་སྲིད་ལྷན་ཚོགས་ཤིག་བཙུགས་ཏེ་རྒྱ་ནག་གཞུང་གི་ཐད་ཀའི་ལྟ་རྟོག་བྱེད་འཆར་ཡང༌། ད་ཆ་དེ་ལྟར་མ་དགོས་པའི་བསམ་ཚུལ་ཁོང་གིས་བཤད་བྱུང༌། ཁོ་བོའི་བསམ་པར་གཅིག་བྱས་ན་དེ་ནི་རྒྱལ་ཁ་ཞིག་མིན་ནམ་སྙམ། ཡང་ཁོང་གིས་གོང་གི་ཚོགས་པའི་ཚབ་ཏུ་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ལྷན་ཚོགས་ཤིག་འཛུགས་རྒྱུ་བྱས་ན། ངའི་བསམ་འཆར་ཇི་ཡོད་དྲིས་བྱུང༌། དེ་ནི་ཧ་ཅང་གི་དོན་གལ་ཆེན་པོ་ཞིག་ཡིན་སྟབས་བོད་མི་གཞན་དག་དང༌། པཎ་ཆེན་རིན་པོ་ཆེར་གོ་བསྡུར་མ་བྱས་པར་དགེ་སྐྱོན་བསམ་འཆར་བརྗོད་རྒྱུ་མིན་ཚུལ་བཤད་པ་ཡིན།

པཎ་ཆེན་རིན་པོ་ཆེའི་སྐོར་གླེང་མོལ་བྱུང་སྟབས་ཁོང་ནས་བོད་ས་གནས་གཞུང་དང༌། པཎ་ཆེན་བླ་མའི་དབར་མི་མཐུན་པའི་སྐོར་གླེང་མོལ་བྱེད་ཅིང༌། ས་གནས་གཞུང་ཟེར་བ་དེ་ནི་ནན་གྱིས་ཟེར་གྱི་འདུག ཁོང་ནས་ཕྲན་དང༌། པཎ་ཆེན་བླ་མ་གཉིས་ཀ་པི་ཅིང་དུ་ཡོད་སྐབས་འདི་རང་ལ་ངོས་གཉིས་གཡའ་སེལ་དམ་གཙང་ཞིག་བཟོ་དགོས་ཞེས་བསམ་འཆར་གསུང་གི་འདུག མི་མཐུན་པའི་གནས་ཚུལ་ནི་སྔར་གྱི་གླེང་མོལ་ཡིན་ཞིང༌། ཕྲན་རང་ནས་ཁོང་དང་མི་མཐུན་པ་གང་ཡང་མེད། ད་དུང་མི་མཐུན་པའི་གླེང་ལྷག་ཡོད་ན་དགའ་བོའི་ངང་གཙང་མ་བཟོ་འདོད་ཡོད་ཅེས་དེ་མ་ཐག་ཏུ་བཤད།

རེ་ཞིག་ཅིག་གི་རྗེས་མའོ་ཙེ་ཏུང་ཆུ་ཚོད་གཅིག་ཙམ་ནས་ཕྲན་ཐུག་འཕྲད་དུ་ཕེབས་རྒྱུའི་ལན་ཞིག་འབྱོར་བྱུང༌། ཡུད་ཙམ་ནས་ཁོང་འབྱོར་སྐབས་རང་བཞིན་ཐུག་འཕྲད་དུ་ཕེབས་ཚུལ་གསུངས་ཏེ་སྐབས་ཤིག་ནང་པའི་ཆོས་འདི་ལེགས་པོ་ཡིན་ལུགས་དང༌། སྟོན་པ་སངས་རྒྱས་རྒྱལ་སྲས་ཤིག་ཡིན་མོད། མི་མང་ཡར་རྒྱས་གཏོང་རྒྱུའི་གཞན་ཕན་གྱི་བསམ་བློ་མང་པོ་བཏང་ཚུལ། རྗེ་བཙུན་སྒྲོལ་མ་ནི་བུད་མེད་སེམས་བཟང་ཅན་ཞིག་ཡིན་ཚུལ་སོགས་བརྗོད་འདུག ངང་ཙམ་ནས་ཁོང་ཕྱིར་ཕེབས་གནང་སོང༌། ཁོ་བོ་ནི་ཁོང་གི་བརྗོད་ཚིག་དེ་རྣམས་ཀྱི་དངོས་ཤུགས་ཕྱི་ནང་གི་གནད་དོན་ཇི་ཡིན་བློར་འཆར་དཀའ་བ་བྱུང༌།

ཕྲན་པི་ཅིང་དུ་སྡོད་སྐབས་ཤིག་ལ་ཁོང་ནས་རྒྱ་ནག་དམར་པོའི་འགོ་འཁྲིད་ཆེན་པོའི་ལས་དོན་བྱེད་སྟངས་ཤིག་མཐོང་བྱུང༌། ཁོང་གི་སྡོད་ཡུལ་དུ་ཆེས་མཐོའི་དཔོན་རིགས་ཉི་ཤུ་སྐོར་ཡོད་པའི་ཚོགས་འདུ་ཞིག་ཏུ་བོས་པ་ལྟར་ཕྱིན་ཏེ་ཕྲན་ཁོང་གི་ཉེ་འཁྲིས་སུ་བསྡད་པས་ཁོང་གི་སྐྱེས་སྦྱང་གི་གཤིས་ཀའི་ནུས་ཤུགས་གོ་རྟོགས་ཐུབ་པ་ལྟ་བུ་བྱུང༌། ཚོགས་འདུའི་གྲོས་གཞི་ནི་སོ་ནམ་པ་ཚོའི་འཚོ་བའི་གནང་སྟངས་སྐོར་ཞིག་ཡིན་ཅིང༌། ཁོང་ནི་ནུས་ཤུགས་ཆེན་པོས་གླེང་མོལ་ཐད་ཀར་བྱེད་མཁན་ལྟ་བུ་ཞིག་འདུག ་སོ་ནམ་པ་ཚོའི་སྐོར་ཁོང་འདོད་པ་མི་ཁེངས་པའི་རྣམ་འགྱུར་བསྟན་ཏེ། རང་ཉིད་ཀྱི་སྐྱེས་ཡུལ་ནས་ཞིང་པ་འགས་བཏང་ཡིག་འགའ་ཞིག་འཕྲལ་འབྱོར་ནང༌། དམར་པོའི་འགོ་འཁྲིད་ཚོས་སོ་ནམ་པར་རོགས་རམ་བྱེད་འོས་རྣམས་ཇི་བཞིན་བྱེད་ཀྱི་མེད་པའི་ལོ་རྒྱུས་གསུངས་སོང༌། དེ་ནས་ཁོང་གིས་ཕྲན་ལ་ཕྱོགས་ཏེ། བོད་མི་རྣམས་ནི་སྙིང་རུས་བློ་སྟོབས་ཅན་ཞིག་ཡིན། ལོ་ཉི་ཤུ་ཙམ་གྱི་རྗེས་ལ་བོད་ནུས་ཤུགས་ཆེན་པོ་ཡོང་ངེས་དང༌། ད་ལྟ་རྒྱ་ནག་གིས་བོད་ལ་རོགས་བྱེད་ཀྱི་ཡོད་ཀྱང༌། དེ་མཚམས་བོད་ནས་རྒྱ་ནག་ལ་རོགས་བྱེད་ཐུབ་ཀྱི་རེད་ཅེས་དང༌། རྒྱ་ནག་གི་དམག་དཔོན་ཞུའི་རིང་གོའོ་ཟེར་བས་གཞན་དག་ལ་རྒྱལ་ཁ་ཆེན་པོ་ཐོབ་ཀྱང༌། མཐར་བོད་མི་དང་ཐུག་སྟེ་འདྲ་མཉམ་ཙམ་ལས་མ་བྱུང་ཚུལ་སོགས་བརྗོད་ཀྱི་འདུག ངེད་རང་ཡང་བསྐྱར་ཡ་མཚན་དང་བཅས་དེ་སྐབས་ཀྱི་བརྗོད་དོན་རྣམས་ཕྲན་བུ་གོ་རྟོགས་བདེ་བ་བྱུང༌།

རྒྱ་ནག་ཁུལ་བལྟ་སྐོར་ལམ་ཟིན་མཚམས་མཐའ་མའི་ཐོན་མཇལ་ལྟ་བུའི་མཇལ་འཕྲད་བྱས་རྗེས་ཕྲན་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་འདུར་ཡོད་སྐབས་ཤིག་ལ་སླར་ཡང་ཁོང་ནས་ཐུག་འཕྲད་དུ་ཡོང་དགོས་ལན་འཕྲིན་ཞིག་གློ་བུར་དུ་འབྱོར་བྱུང༌། སྐབས་དེར་ངས་རྒྱ་ནག་ས་ཁུལ་ཁག་ལ་བལྟ་སོར་དུ་ཕྱིན་ཟིན་སྟབས་བཟོ་གྲྭ་ཁག་དང༌། ཡར་རྒྱས་ཀྱི་འཆར་གཞི་རྣམས་ཧ་ལས་པའི་ཡག་པོ་འདུག་ཅེས་དྲང་པོར་བརྗོད་པ་ཡིན། དེ་ནས་ཁོང་གིས་དངོས་འབྲེལ་དམངས་གཙོའི་འགྲོ་ལུགས་སྐོར་འགྲེལ་བཤད་རིང་པོ་ཞིག་བརྒྱབ་སྟེ་ཕྲན་ནས་མི་མང་གི་འགོ་འཁྲིད་བྱེད་དགོས་པ་དང༌། ཁོང་ཚོའི་བསམ་ཚུལ་ཉན་སྟངས་སོགས་སློབ་སྟོན་ཟོལ་མེད་བྱས་བྱུང༌། དེ་ནས་ཁོང་ངའི་ཕྱོགས་སུ་ཅུང་ཟད་ཉེ་བཅར་གྱིས་སྐད་ཤུགས་ཆུང་ངུས་བརྗོད་གསལ། ཁྱེད་རང་གི་མཐོང་ཚུལ་དང་གནས་ཚུལ་ཧ་གོ་སོང༌། འོན་ཏེ། ཆོས་ནི་དུག་རེད། དེ་ལ་སྐྱོན་ཆེན་པོ་གཉིས་ཡོད། མི་རིགས་འཕེལ་རྒྱས་དང་ཡུལ་གྱི་ཡར་རྒྱས་ལ་བཀག་འགོག་བྱེད་ཀྱི་རེད། བོད་དང༌། སོག་པོ་གཉིས་ཀར་ཆོས་ཀྱི་དུག་དེ་འབྱམས་པ་རེད་ཅེས་བརྗོད་འདུག

བརྗོད་བབས་དེར་ཡ་མཚན་དང་བཅས་ཤིན་ཏུ་འདྲོགས་བྱུང༌། དེའི་དགོས་དོན་གང་ཡིན་ནམ། སྐབས་དེར་རྣམ་འགྱུར་སྣང་མེད་དུ་སྡོད་ཁུལ་བྱས་ཀྱང༌། སྟོན་སྟངས་ཇི་འདྲ་ཞིག་བྱུང་ཡོད་མེད་མ་ཤེས། སྐད་ཅིག་དེ་ཉིད་དུ་ཁོང་ང་ཚོའི་ཆོས་ཀྱི་དགྲ་ལས་སྨོན་ཤུགས་ཅན་ཐབས་རྡུགས་ཤིག་ཡིན་པ་གོ་རྟོགས་བྱུང༌། ངེད་རང་སྒེར་ངོས་སུ་ནི་མཛའ་རྩེའི་རྣམ་འགྱུར་བཟང་པོ་སྟོན་ཏེ། ཡ་མཚན་གྱི་གླེང་མོལ་རྣམས་ཟིན་རྗེས་ཁོ་བོ་དང་མཉམ་དུ་མོ་ཌོར་འགྲམ་དུ་ཡོང་སྟེ་འགྲོ་ཁར་གཟུགས་པོར་བཅའ་ག་དགོས་ཚུལ་འཕྲེང་ཉམས་དང་བཅས་བཤད་བྱུང༌།

རྒྱ་ནག་ནས་མ་ཐོན་གོང་མའོ་ཙེ་ཏུང་གི་རྒྱུན་གཤིས་དེ་གཞན་དང་མི་འདྲ་ཙམ་ཡོད་པ་ངེས་རྙེད་བྱུང༌། ཁོང་སྒོས་ཀྱི་མཇལ་འཕྲད་ཙམ་མིན་པར་སྐབས་གཞན་དུ་ཡང་ཐེངས་མང་འཕྲད་བྱུང༌། སྤྱིར་བཏང་མཐོང་སྣང་ལ་སྦྱངས་པའི་ཡོན་ཏན་ཤིན་ཏུ་ཆེ་བའི་རྟགས་མཚན་རིགས་ནི་མི་འདུག་ཅིང༌། གཟུགས་པོ་ཡང་བདེ་ཐང་གི་ཉམས་ཆེར་མེད་པ་རྒྱུན་དུ་ཐང་ཆད་པ་ལྟ་བུར་དབུགས་འབྱུང་རྔུབ་སྐབས་སོར་སོར་གྱི་སྒྲ་བཅས་དྲག་ཏུ་བྱེད་པ་ཞིག་འདུག གྱོན་ཆས་ཀྱི་དབྱིབས་བཀོད་ནི་གཞན་དག་དང་འདྲ་ཡང་ཁ་དོག་ཕྲན་བུ་མི་འདྲ། གྱོན་ཆས་ལའང་དོ་སྣང་ཆེར་མེད་ཚོད། དཔེར་ན། སྐབས་ཤིག་སྟོད་གོས་ཀྱི་ཕུ་ཐུང་གི་རྩེ་རལ་བ་ཞིག་གྱོན་པ་མཐོང་བྱུང༌། དེ་བཞིན་གྱོན་ལྷམ་ཡང་རྩི་འཕྱིད་ནམ་ཡང་མ་བྱུང་བ་ལྟ་བུ་ཞིག་འདུག བྱེད་སྤྱོད་ནི་དལ་བུ་ཡིན་པ་དང༌། ལྷག་པར་གླེང་མོལ་བྱེད་སྟངས་ནི་ཤིན་ཏུ་དལ་བུའི་ཐོག ཚིག་ཉུང་ངུ་དང༌། དོན་གསལ་པོ། འཚམས་པོར་བརྗོད་མཁན་ལྷན་སྐྱེས་ཀྱི་ནུས་པ་ཡོད་པ་ཞིག་རེད། གླེང་མོལ་བྱེད་རིང་ཐ་མག་མང་པོ་འཐེན་གྱི་འདུག གླེང་མོལ་བྱེད་ཚུལ་དེས་མི་གཞན་ལ་སེམས་འགུལ་གཏོང་ཐུབ་པ་དང༌། བྱམས་ཞེན་ཆེ་མདོག་གི་རྣམ་འགྱུར་སྟོན་གྱི་འདུག ཁོང་གིས་གང་བརྗོད་རྣམས་ལ་ཁོང་རང་ནས་ཡིད་ཆེས་ཡོད་པ་དང༌། ཁོང་གི་བསམ་ཚུལ་ནང་གང་ཡོད་རྣམས་ངེས་པར་སྒྲུབ་ཐུབ་ཀྱི་རེད་སྙམ་པའི་ཡིད་ཆེས་བྱེད་ཀྱི་འདུག ཁོང་རྣམ་འགྱུར་དལ་ཞིང་འཇམ་པར་བརྟེན་ངའི་བསམ་པར་ཁོང་ནས་བཙན་ཤུགས་ཀྱིས་བོད་འདི་གུང་བྲན་རིང་ལུགས་སུ་བཅོས་ཀྱི་མ་རེད་བསམ་པ་བྱུང༌། རྗེས་སུ་བོད་ནང་རྒྱ་མིའི་འགོ་འཁྲིད་ཚོས་བཙན་གནོན་གྱི་སྲིད་བྱུས་ལག་ལེན་བྱེད་དུས་སྐབས་དེའི་བསམ་ཚུལ་ནོར་འཁྲུལ་ཡིན་པར་ཤེས་ཀྱང༌། བཙན་གནོན་གྱི་བྱ་སྤྱོད་དེར་མའོ་ཙེ་ཏུང་རང་གི་འདོད་མོས་དང༌། རྒྱབ་སྐྱོར་ཨེ་ཡོད་སྙམ་པའི་དྭོགས་པ་ད་དུང་ཡོད། མི་དེའི་འོག་ལ་གཙོ་གལ་ཆེ་ཤོས་ཀྲོའུ་ཨེན་ལན་རེད། ཀྲོའུ་ཨེན་ལན་ལ་ངའི་མཐོང་ཚུལ་མི་འདྲ་བ་ཞིག་བྱུང༌། ཁོང་ཐོག་མར་མེ་འཁོར་བབས་ཚུགས་སུ་ཕྲན་བསུ་འབྱོར་སྐབས་ནས་ཐུག་འཕྲད་བྱས་ཤིང༌། དེ་རྗེས་རྒྱ་ནག་ཏུ་སྡོད་ཡུན་རིང་ཐེངས་འགའ་ཤས་ཐུག་འཕྲད་གླེང་མོལ་བྱུང༌། སྐབས་ཤིག་ལ་བོད་ཀྱི་མ་འོངས་པའི་སྐོར་ཁོང་ནས་སློབ་སྟོན་མང་པོ་བྱས་བྱུང་བའི་ནང་བོད་ཡུལ་དེ་གང་མགྱོགས་ཡར་རྒྱས་གཏོང་རྒྱུ་གལ་ཆེ་ཡིན་སྐོར་བརྗོད་ཀྱི་འདུག ངས་ཁོང་ལ་ང་ཚོའི་ཡུལ་ལུང་རྗེས་ལུས་ཡིན་པ་ང་ཚོས་ཤེས་ཀྱི་ཡོད། ཆབ་སྲིད་སྐྱོང་ལུགས་དེང་དུས་དང་མཐུན་པ་དང༌། སྤྱི་ཚོགས་ཀྱི་འཚོ་ཐབས་ཡར་རྒྱས་གཏོང་རྒྱུ་སོགས་ད་ཆ་བྱེད་ཐུབ། དེ་སྐོར་ཕྲན་ནས་ཀྱང་འགོ་འཛུགས་བྱས་ཡོད། རང་བྱུང་ས་གཏེར་བེད་སྤྱོད་ཀྱི་ཡར་རྒྱས་གཏོང་བ་ལ་ཐོག་མར་དཔལ་འབྱོར་གྱི་རོགས་རམ་དགོས་ཚུལ་སོགས་བརྗོད་པ་ཡིན།

ཀྲོའུ་ཨེན་ལན་ནས་རྒྱུན་དུ་འཛུམ་གྲོགས་ཀྱི་རྣམ་འགྱུར་བསྟན་གྱི་འདུག་ཀྱང༌། མཐོང་སྣང་ལ་ཁོང་མའོ་ཙེ་ཏུང་ལྟ་བུའི་དྲང་གསལ་ཐད་ཀ་ཞིག་མི་འདུག་ཁོང་ཞེ་ས་དང༌། གུས་པའི་ཚུལ་ཅན། འཇམ་ཞིང༌། བཟང་ངན་གྱི་རྣམ་འགྱུར་མངོན་ཆུང་བ་ཞིག་འདུག ཁོང་ཁྲོའི་རྣམ་འགྱུར་ནམ་ཡང་སྟོན་པ་ཨེ་སྲིད་སྙམ་པ་ཞིག་སྟེ། གཡོ་སྒྱུ་ལ་ཤིན་ཏུ་མཁས་པ་ཞིག་ཡོད་ཀྱང༌། རྗེས་སུ་བར་ལམ་བལ་ཡུལ་དུ་ཚོགས་འདུ་ཞིག་སར་ཁོང་ཁྲོ་ལངས་ཏེ་མདུན་ཅོག་ལ་ཁུ་ཚུར་གཞུས་ལུགས་ཀྱི་ལོ་རྒྱུས་ཤིག་གོ་ཐོས་བྱུང་བར་གཡོ་སྒྱུའི་རྒྱ་རལ་འདུག་སྙམ་པ་བྱུང༌། ངས་ཐོག་མར་འཕྲད་དུས་ཁོང་སྤྱང་གྲུང་ཅན་ཞིག་ཡིན་པ་མ་ཟད། འཆར་དོན་གང་འདྲ་ཞིག་ཡིན་ཀྱང་དགོས་གལ་བྱུང་ན་ལག་ལེན་བྱེད་མཁན་ཞིག་ཡིན་པ་ཤེས་རྟོགས་བྱུང༌། དེར་བརྟེན་རྗེས་སུ་བོད་ནང་བཙན་གནོན་གྱི་འཆར་དོན་དེར་ཁོང་ནས་རྒྱབ་སྐྱོར་བྱས་པ་ལ་མའོ་ཙེ་ཏུང་དང་འདྲ་བའི་ཡ་མཚན་སྐྱེས་དགོས་པ་གང་ཡང་མ་བྱུང༌།

ངོས་པི་ཅིང་དུ་སྡོད་སྐབས་ཕྱི་རྒྱལ་མི་སྣ་ཆེ་ཁག་འགའ་ཤས་ཐུག་འཕྲད་བྱུང་ཡང༌། དུས་ཡུན་ཐུང་ངུ་རེད། གསོལ་ཚིགས་ཤིག་སྐབས་རུ་སུའི་གཞུང་ཚབ་དང་ངོ་འཕྲད་བྱུང་བར་ཁོང་དང་གླེང་མོལ་ཐུང་ཙམ་བྱུང༌། ཁོང་ནས་དུས་ཡུན་རིང་ཙམ་འཕྲད་འདོད་ཡོད་ལུགས་ཟེར་བར་ཕྲན་ནས་ཀྱང་དེ་དོན་ཡོང་གནས་བརྗོད་ཀྱང༌། རྗེས་སུ་ངོ་འཕྲད་ཐུབ་མ་བྱུང་ཞིང༌། དེ་ནི་རྒྱ་མིས་ཕྲན་དང་ཕྱི་རྒྱལ་མི་སྣ་ཐད་ཀར་ཐུག་འཕྲད་ཀྱི་དུས་སྐབས་སྤྲོད་འདོད་མེད་པའི་རྐྱེན་གྱིས་བྱས་པ་འདྲ་སྙམ། ཕྱོགས་མཚུངས་རུ་མ་ནི་ཡའི་བློན་ཆེན་ཞིག་ལ་ཡང་དེ་བཞིན་བྱུང་སོང༌། དེ་ལྟ་མོད་ཀྱང༌། རྒྱ་གར་ནི་བོད་དང་མཛའ་བརྩེའི་ཁྱིམ་མཚེས་ཉེ་ཤོས་ཤིག་ཡིན་སྟབས་དེ་ལ་རྒྱ་མིས་བཀག་འགོག་མ་ཐུབ་པར་རྒྱ་གར་གྱིས་གཞུང་ཚབ་དང་མཇལ་འཕྲད་བྱུང༌། ང་ཚོའི་སྐད་བསྒྱུར་གྱིས་བོད་སྐད་ནས་དབྱིན་སྐད་དུ་བསྒྱུར་བརྗོད་ཐུབ་ཀྱི་ཡོད་ཀྱང༌། རྒྱ་མིའི་སྐད་བསྒྱུར་ཞིག་ཆེད་དུ་བཙུགས་ཏེ། དེས་བོད་སྐད་ནས་རྒྱ་སྐད། དེ་ནས་གཞན་ཞིག་གིས་དབྱིན་བསྒྱུར་བྱས་པ་རེད། མཇལ་འཕྲད་དེར་རྒྱ་མིའི་དཔོན་རིགས་གཞན་དག་རེ་ཟུང་ཞིག་ཀྱང་ཁོང་དང་མཉམ་དུ་ཡོང་སྟབས་མཇལ་འཕྲད་དེ་སྤྱིར་བཏང་ཙམ་སྒམ་པོ་སྒམ་པོ་ཞིག་ལས་བྱུང་མེད་ཅིང༌། འོན་ཏེ་སྒམ་པོ་དེའི་མུས་སུ་ཤིང་ཏོག་སྣ་ཚོགས་སྒྲིག་གཤོམས་ཀྱི་སྡེར་མ་ཡུ་རིང་ཆེ་བ་ཞིག་ཡོད་པ་དེ་ལེན་འཇོག་སྐབས་འགྱུར་ཏེ་རྦབ་འདྲིལ་སོང་བས་ཤིན་ཏུ་སྒམ་པའི་རྒྱ་མིའི་དཔོན་རིགས་དེ་ཚོས་ལག་པ་དང་པུས་མོ་ས་ལ་བཙུགས་ཏེ་ཤིང་ཏོག་བྲེལ་སྒྲུག་བྱས་པ་ཞིག་དྲན་གྱི་འདུག སྐུ་ཞབས་ཁུ་ཤོབ་དང༌། སྐུ་ཞབས་ཤུལ་གྷ་ནི་མ་གཉིས་རྒྱ་ནག་གི་དུས་ཆེན་ལ་པི་ཅིང་དུ་ཕེབས་སྐབས་མཇལ་འཕྲད་བྱུང་ཞིང༌། ངས་གནམ་གྲུའི་ཐང་དུ་བསུ་བསྐྱོད་སྐབས་ངོ་སྤྲོད་བྱུང་བ་དང༌། དེ་ནུབ་དགའ་བསུའི་ཚོགས་འདུའི་སྐབས་མཉམ་དུ་བྱུང་ཡང༌། གླེང་མོལ་དང༌། ལྟ་སྤྱོད་མཐོང་ཚུལ་སྐོར་འབྲེལ་བ་གང་ཡང་མ་བྱུང༌།

པི་ཅིང་དུ་སྐུ་ཞབས་ནེ་རུ་ཐོག་མར་མཇལ་བའི་གོ་སྐབས་བྱུང་ཡང༌། ང་ཚོའི་ཕྱོགས་ནས་མཇལ་འཕྲད་ཀྱི་དུས་སྐབས་བཟང་པོ་ཞིག་ཡིན་ལ། སྐབས་དེར་ངས་གསར་འགོད་མཁན་གྱི་གོ་ནོར་ཐེབས་པའི་ཉེན་ཁ་དང་པོར་ཤེས་བྱུང༌། སྐབས་དེར་རྒྱ་ནག་གི་སྲིད་བྱུས་དང༌། སྐུ་ཞབས་ནེ་རུ་འབྲེལ་བ་ཡོད་ཚུལ་བརྗོད་ལུགས་ཐོན་ཡང༌། དེ་ལྟར་མིན། ངས་ཁོང་གི་སྐོར་གོ་ཐོས་མང་པོ་དང༌། དཔེ་དེབ་ཀློག་མྱོང་སྟབས་ཁོང་མཇལ་འདོད་དང༌། སློབ་སྟོན་ཞུ་འདོད་ཡོད་ཀྱང༌། ང་ཚོ་རྒྱ་ནག་ཏུ་སྡོད་རིང་དེ་ལྟར་བྱུང་ཡོད་པ་མ་རེད། ཆང་རག་གི་གསོལ་སྟོན་ཞིག་ཏུ་ཀྲོའུ་ཨན་ལན་ནས་ཁོང་དང་ངོ་སྤྲོད་བྱས་བྱུང༌། ཡུད་ཙམ་སྨྲ་བ་གང་ཡང་མེད་པར་མིག་ཐུར་རེར་དགོངས་པ་བཞེས་ཏེ་བཞུགས་པར་ཁོ་བོས་ཁོང་ལ་འདི་ལྟར་ཞུས་ཏེ། འཛམ་གླིང་ནང་སྐུ་ཉིད་སྲིད་དོན་ཐོག་སྙན་གྲགས་ཅན་ཞིག་ཡིན་པ་ལུང་ཁུག་བོད་ཀྱི་ནང་དུའང་གོ་ཐོས་བྱུང་ཞིང༌། སྐུ་ཉིད་མཇལ་འདོད་ཆེན་པོ་ཡོད་ཚུལ་བརྗོད་པར། ཁོང་འཛུམ་ཙམ་གནང་རྗེས་ཁྱེད་རང་མཇལ་ཏེ་དགའ་བོ་བྱུང༌། ཞེས་པ་ལས་གསུང་གི་མི་འདུག ་ཁོང་དུས་སྐབས་གཞན་དག་ཏུའང་མཇལ་འཕྲད་བྱུང་ཡང༌། གླེང་མོལ་བྱུང་བ་ནི་གོང་གི་བརྗོད་ཚིག་ཙམ་ཡིན། ཁོང་ནས་བོད་ལ་རོགས་རམ་བྱེད་དགོས་ཨེ་ཡོད་ཙམ་ཡང་གསུང་སྐབས་མ་བྱུང༌། ཡི་གེ་འགའ་ཞིག་ནང་ངས་ཁོང་ལ་ཟུར་དུ་མཇལ་འཕྲད་ཞུས་ཚུལ་གསལ་ཡང་དེ་ལྟར་བྱུང་བ་མེད། སྐབས་དེར་ཁོང་དང་གླེང་མོལ་ཞིབ་ལྷོད་མ་བྱུང་བར་བློ་ཕམ་བྱུང༌། གང་ཡིན་ཟེར་ན། ངས་ཁོང་གི་ས་ནས་རོགས་རམ་དང༌། སློབ་སྟོན་ཞུ་འདོད་ཡོད་ཀྱང༌། རེ་འདོད་དེ་ལོ་གཅིག་ཙམ་གྱི་རྗེ་རྒྱ་གར་དུ་ཡོང་དུས་མ་གཏོགས་འགྲུབ་མ་བྱུང༌།

སྐུ་ཞབས་ནེ་རུ་རྒྱ་ནག་ཏུ་ཡོད་དུས་གསོལ་སྟོན་ཞིག་གི་སྐབས་རྒྱ་གར་གསར་འགྱུར་ཁང་གི་འཐུས་མི་ཞིག་ནས་རྒྱ་མིའི་སྐད་བསྒྱུར་གཅིག་འཁྲིད་ནས་ཕྲན་སར་ཡོང་སྟེ་བརྗོད་གསལ་དུ། ནེ་རུ་རྒྱ་ནག་ཏུ་ཕེབས་པ་དེར་བསམ་ཚུལ་ཇི་ཡོད་དྲིས་ཀྱི་འདུག་པར། ཡུལ་གྲུ་ཆེན་པོ་གཉིས་འབྲེལ་ཐག་ཇེ་ཉེར་ཕྱིན་ཏེ་ཨེ་ཤ་ཡ་དང༌། འཛམ་གླིང་དུ་དཔེ་སྟོན་བཟང་པོ་ཞིག་འཇོག་རེ་ཡོད་ཅེས་བརྗོད་པ་ཡིན། ཡང་དེས་བོད་ནང་བསྒྱུར་བཅོས་བྱེད་འདོད་ཨེ་ཡོད་ཅེས་དྲིས་པར། ངས་བོད་ཀྱི་སྲིད་དབང་བསྒྱུར་ནས་བཟུང་བོད་ཀྱི་སྲིད་དོན་ལམ་ལུགས་དང༌། སྤྱི་ཚོགས་ཀྱི་འཚོ་བའི་ཐོག་གང་ཐུབ་ཀྱི་བསྒྱུར་བཅོས་བྱེད་མུས་ལ་གྲུབ་འབྲས་བཟང་པོ་ཡོང་བའི་རེ་བ་ཡོད་ཅིང༌། གྲུབ་འབྲས་ཇི་བྱུང་རིམ་བཞིན་ཡོངས་གྲགས་ཤེས་རྟོགས་ཡོང་ཤག་རེད། ཅེས་བརྗོད་པའི་སྐབས་དེ་མ་ཐག་ཏུ་རྒྱ་རིགས་ལས་བྱེད་ཅིག་ཡོང་སྟེ་ང་འབོད་འཁྲིད་བྱས་བྱུང༌། སྐབས་དེར་ངས་ཇི་བཤད་རྒྱ་མིའི་སྐད་བསྒྱུར་དེས་བརྗེད་ཐོ་བྲིས་པར་ཡ་མཚན་སྐྱེས་བྱུང༌། ཁོ་པས་ངས་ཇི་བརྗོད་ཐོ་བཀོད་ཀྱིས་འགོ་འཁྲིད་གོང་མར་འབུལ་དགོས་བཀའ་མངགས་ཡོད་ཚུལ་ཟེར་འདུག

རྒྱ་མི་རྣམས་ནས་ཕྲན་ལ་སྣེ་ལེན་མགྲོན་སྟོན་མང་པོ་བྱས་སྟབས་ངས་ཀྱང་བོད་ཀྱི་ལོ་གསར་དང་སྟབས་བསྒྲིགས་ཀྱིས་གསོལ་སྟོན་ཞིག་ཕུལ་ཞིང༌། ཚང་མ་བོད་ཀྱི་ཡུལ་གོམས་གཤིས་ལུགས་དང་མཐུན་པར་བྱས་པ་ཡིན། ང་ཚོའི་མགྲོན་ཤོག་ནང་མཐུན་པ་སྤུན་བཞིའི་འདྲ་རིས་བཀོད་ཡོད། དེའི་ནང་བྱིའུ་དེ་སངས་རྒྱས་བཅོམ་ལྡན་འདས་འཚང་རྒྱ་བའི་སྔ་རོལ་གྱི་སྐུ་སྐྱེ་ཞིག་ཡིན་སྐད། ང་ཚོའི་ཕྱོགས་ནས་བལྟས་ན་བྲིས་ཆ་དེས་མི་རིགས་མཐུན་སྒྲིལ་གྱི་རྟགས་མཚན་མཚོན་པ་དང༌། རྒྱ་མིས་རྒྱུན་དུ་བརྗོད་པའི་མི་རིགས་མཐུན་སྒྲིལ་དང་ཡང་མཐུན་པ་ཡིན། སྐབས་དེར་མའོ་ཙེ་ཏུང་སོགས་རྒྱ་མིའི་དཔོན་རིགས་མང་པོ་ངོ་ཕེབས་བྱུང་ཞིང༌། ཁོང་ཚོའི་སྤྱོད་ཚུལ་བཟང་པོ་དང་ཤེས་ཡོན་གྱི་བརྗིད་ཉམས་བཅས་ལ་དོ་སྣང་ཆེན་པོ་བྱུང༌། གསོལ་སྟོན་དེ་སྐབས་ཆོས་ཀྱི་མཛད་སྒོ་གང་ཡང་མེད་ཀྱང༌། རྟེན་འབྲེལ་གྱི་ཡོ་ཆས་སྒྲིག་གཤོམས་དང༌། བོད་དུ་ལོ་གསར་སྐབས་ཆེད་དུ་བཟོ་བའི་ཁ་ཟས་ཀྱི་རིགས་བསྒྲིགས་བཀོད་བྱས་ཤིང༌། ངེད་ཅག་གི་ལུགས་སྲོལ་ཁ་ཟས་ཀྱི་ཕུད་དཀོན་མཆོག་ལ་འབུལ་བའི་མཚོན་རྟགས་སུ་སྟེང་དུ་ཅུང་ཟད་འཐོར་སྲོལ་ཡོད། ལུགས་སྲོལ་དེ་མའོ་ཙེ་ཏུང་ལ་བརྗོད་སྐབས་ཁོང་ནས་ཕྲན་བུ་སྟེང་དུ་གཏོར་ཞིང༌། དེ་ནས་ཁོང་ནས་རྣམ་འགྱུར་མི་འདྲ་ཙམ་ཞིག་དང་སྦྲགས་ཕྲན་བུ་ས་ལའང་གཏོར་སོང༌།

མང་ཚོགས་ཀྱི་འབྲེལ་བ་དེ་ཚོའི་བར་ལ། རྒྱ་ནག་མི་མང་འཐུས་མིའི་ཚོགས་ཆེན་གྱི་ཚོགས་འདུ་རྒྱུན་རིང་པོ་རྣམས་ཚོགས་ཡོད། དེ་ནི་ཁོ་བོར་སྲིད་དོན་ཚོགས་འདུའི་ཉམས་མྱོང་ཐོག་མ་ཡིན། སྐབས་དེར་འཐུས་མི་མང་པོས་དེ་ཙམ་དོ་འཁུར་ཆེན་པོ་བྱེད་ཀྱི་མེད་པ་ལྟ་བུའི་མཐོང་ཚུལ་བྱུང༌། ངེད་རང་ཡང་ཐག་རིང་གི་འགྲུལ་ལམ་ནས་འབྱོར་འཕྲལ་སོགས་ཀྱིས་ངལ་ཐང་ཆད་དེ་དོ་འཁུར་ཆེན་པོ་མ་ཐུབ་ཐོག ཚོགས་འདུའི་འགྲོ་ལུགས་རྣམས་རྒྱ་མིའི་ལུགས་ལྟར་ཡིན་སྟབས་ཚང་མ་གསལ་བོ་ཡང་ཤེས་ཀྱི་མི་འདུག རྒྱ་མི་ཚོ་ཁོ་བོ་ལས་གྲུང་ཙམ་དགོས་པ་ཡིན་ཡང༌། ངའི་འགྲམ་དུ་ཡོད་པའི་འཐུས་མི་བགྲེས་སོང་དེ་དག་ནི་ང་ལས་ཀྱང་ངལ་ཐང་ཆད་ཚུལ་ཆེ་བ་ལྟ་བུ་སྣང༌། ཁོང་ཚོའི་རྣམ་འགྱུར་ལ་གཞིགས་ན་ཇི་བརྗོད་གནད་དོན་ཤེས་ཀྱི་ཨེ་ཡོད་སྙམ་པ་འདུག་ཁར། ཇ་དུས་ཀྱི་དུས་ཚོད་སླེབས་མིན་ཆུ་ཚོད་ལ་ཡང་ཡང་བལྟ་བ་དང༌། ཇ་ཡུན་རྣམ་ཀུན་ལས་ཐུང་བ་བྱུང་དུས་ལོག་ལབ་ཆུང་ངུ་རེ་ཡང་ཤོད་ཀྱི་འདུག དེ་མིན་ཚོགས་འདུ་གཞན་དག་ཁག་མང་དུ་ཕྱིན་པའི་མཐོང་ཚུལ་ཕལ་ཆེར་གཅིག་པ་རེད། ཁོང་ཚོས་གླེང་མོལ་ཇི་བྱས་ནི་ཚོགས་དོན་དངོས་གཞི་དེ་མིན་པར་དམར་པོའི་ལྟ་སྤྱོད་ལས་གསུམ་ལ་ཟོལ་བསྟོད་བསྔགས་བརྗོད་བྱེད་ཀྱི་འདུག་པ་མ་ཟད། ལར་ནས་ཁོང་ཚོ་སོ་སོའི་བསམ་ཚུལ་ཇི་བརྗོད་ལ་ཕན་ནུས་གང་ཡང་མེད་པ། དཔེར་ན། གལ་ཏེ་འཐུས་མི་འགའ་ཤས་ཀྱི་བསམ་འཆར་འདྲ་མིན་རེ་ཟུང་བྱུང་ཡང་མཇུག་ཏུ་འཐུས་མི་དམར་ཤོག་པ་ཞིག་གིས་བསམ་འཆར་ཟུར་པ་ཞིག་བཤད་དེ། དེ་མ་ཐག་ཚོགས་འདུའི་གཙོ་བཞུགས་དེས་འཇུག་བསྡོམས་མཁས་ཤུགས་གཉིས་ལྡན་གྱི་ཐོག་ནས་རྒྱབ་སྟེ་གྲོས་ཐག་གཅོད་ཀྱི་ཡོད་པ་རེད།

ཚོགས་བགོས་ཀྱི་ཚོགས་ཆུང་ནང་སྐབས་རེ་གོ་བསྡུར་དངོས་འབྲེལ་བྱེད་ཀྱི་འདུག་ཀྱང༌། དམར་པོའི་གཞུང་གི་འདོད་ཚུལ་དེར་འགྱུར་བ་ཡོང་ཐབས་ནམ་ཡང་མེད། མདོར་ན། ཚོགས་འདུ་ཆེ་ཆུང་ཡུན་རིང་ཚོགས་པ་དེ་ཚོར་དོན་ཕན་གྱི་དགེ་སྐྱོན་བཤད་སྦྱངས་ལྡེང་ངེས་བྱེད་པ་ནམ་མཁའི་མེ་ཏོག་གི་མཆེད་ཟླར་གྱུར་པ་མ་ཟད། འཐུས་མི་མང་ཆེས་རྩ་དོན་ལ་བསྒྱུར་བཅོས་གཏོང་འདོད་ཀྱང༌། གཏོང་ཐབས་བྲལ་བ་ཞིག་ཆགས་འདུག ལོ་གཅིག་རྗེས་རྒྱ་གར་གྱི་ཚོགས་འདུའི་ནང་འགྲོ་སྐབས་རྣམ་འགྱུར་མི་འདྲ་བ་ཞིག་མཐོང་བྱུང༌། རྒྱ་ནག་གི་སྲིད་དོན་གོ་བསྡུར་བྱེད་སྟངས་ལ་ཉམས་མྱོང་བྱུང་རྗེས་རྒྱ་གར་གྱི་འཐུས་མི་དཀྱུས་མ་ཞིག་ནས་ཚོགས་འདུའི་ནང་རང་གི་བསམ་ཚུལ་གང་ཡོད་ཐད་ཀར་བརྗོད་པ་དང༌། གཞུང་ལ་སྐྱོན་བརྗོད་དང༌། རྩོད་འཛུགས་བྱེད་སྟངས་དེ་མཐོང་དུས་ངོ་མཚར་དང༌། དགའ་སྣང་སྐྱེ་བ་ཞིག་འདུག ཀྲོའུ་ཨེན་ལའི་ནིའུ་ལྡི་ལིར་ཡོད་སྐབས་གནས་ཚུལ་འདི་འཕྲོས་བཤད་ཀྱི་ཚུལ་དུ་བརྗོད་པ་ཡིན། ཁོང་ནས་དེ་མ་ཐག་གནས་ཚུལ་འདི་དག་ང་པི་ཅིང་ནས་ཐོན་རྗེས་འགྱུར་བ་ཆེན་པོ་བྱུང་ཡོད་ཅེས་ཟེར་འདུག

ཡང་རྒྱ་མིའི་སྲིད་དོན་ཚོགས་འདུ་ཚོགས་སྟངས་སྐོར་བརྗེད་མི་ཐུབ་པ་གཞན་ཞིག་དྲན་གྱི་འདུག ་དེ་ནི་ཁོང་ཚོའི་འགོ་འཁྲིད་ཚོའི་གསུང་བཤད་ཤིན་ཏུ་རིང་པོ་གནང་རྒྱུ་དེ་རེད། འགོ་འཁྲིད་དེ་ཚོས་གཏམ་བརྗོད་བྱེད་རྒྱུ་དེ་འདྲར་དགའ་མོས་ཆེ་བས་དུས་སྐབས་ནམ་བྱུང་ལ་ཤོད་ཀྱི་འདུག ངས་ལྷག་པར་དྲན་གསོས་པ་ཞིག་ལ་ཀྲོའུ་ཨེན་ལན་སྦན་ཏུང་ཚོགས་འདུ་ནས་ཕྱིར་འཁོར་གྱིས་དྲིན་དུར་བཤད་པའི་ལེགས་སྦྱར་ཞིག་དྲན་གྱི་འདུག ང་བོད་དུ་ཕྱིར་ལོག་སྐབས་འགྲོ་ལམ་ལ་ས་གཡོས་ཀྱིས་རྐྱེན་པས་དྲིན་དུར་ཉིན་ཤས་འཕར་སྡོད་བྱ་དགོས་བྱུང་སྐབས། ཀྲོའུ་ཨེན་ལན་དང༌། ཏང་གི་གཙོ་འཛིན་གཞོན་པ་དམག་དཔོན་དྲིན་ཡི་གཉིས་སྦན་ཏུང་ཚོགས་འདུ་ནས་ཕྱིར་འཁོར་གྱིས་འབྱོར་སོང༌། ཁོང་ཚོ་ཡོང་གི་ཡོད་ལུགས་ཟེར་བ་ལྟར་གནམ་ཐང་དུ་ཕེབས་བསུར་ཕྱིན་པ་ཡིན། ཀྲོའུ་ཨེན་ལན་ང་སྡོད་སར་ཡོང་སྟེ་སྐར་མ་འགའ་ཤས་གླེང་མོལ་བྱས་ཤིང༌། དེ་ནས་ཕྱི་དྲོ་ས་གནས་དེའི་དམག་སྒར་གྱི་ཚོགས་ཁང་ཞིག་ལ་ཚོགས་འདུར་བསྐྱོད་པ་ཡིན། དེར་མི་གྲངས་སུམ་བརྒྱ་བཞི་བརྒྱ་བར་འདུག་པར་ཁོང་ནས་རྒྱ་མིའི་སྐུ་ཚབ་ཚོས་ཚོགས་འདུར་ཡག་པོ་བྱས་ལུགས་སྐོར་ནས་གླེང་མོལ་འགོ་འཛུགས་བྱས་སོང༌། སྐབས་ཤིག་ཕྱི་རྒྱལ་གྱི་གནད་དོན་སློབ་སྦྱོང་བྱེད་གལ་ཆེ་བའི་སྐོར་བརྗོད་དོན། ཚོགས་འདུའི་སྐབས་གོ་ཐོས་མ་མྱོང་བའི་སྐུ་ཚབ་རེ་ཟུང་འཕྲད་ཚུལ་དང༌། ཁོང་ཚོ་ཡུལ་ཕྱོགས་གང་ཡིན་ས་ཁྲ་ནས་འཚོལ་དགོས་བྱུང་ཚུལ། མཇུག་ཏུ་གུང་བྲན་གཞུང་གིས་ཡར་རྒྱས་བཏང་ཚུལ་སོགས་བསྔགས་བརྗོད་བྱས་ཏེ་མཇུག་བསྡུས་སོང༌། ཚོགས་འདུར་ཆུ་ཚོད་ལྔ་ཙམ་འགོར་ཞིང༌། གླེང་མོལ་རྒྱུན་རིང་ཤོས་ནི་དྲིན་ཡི་ཡིན་གྱི་རེད། ཁོང་གི་གླེང་མོལ་གཅིག་འགོ་བཙུགས་ན་ཕལ་ཆེར་ཆུ་ཚོད་བདུན་ཙམ་རིང་བརྗོད་སྐད། གླེང་མོལ་རིང་པོ་དེ་ལྟ་བུ་ཉན་སྐབས་ཉན་མཁན་གཞན་དག་གང་བསམ་གྱི་ཡོད་དམ་སྙམ་གྱི་འདུག འོན་ཀྱང་ཉན་མཁན་དེ་ཚོ་མང་ཆེ་བ་དམར་པོ་ན་གཞོན་ཚོ་ཡིན་སྟབས་རྒྱ་ནག་གི་ཚོགས་ཆེན་ནང་མཐོང་མྱོང་བའི་འཐུས་མི་བགྲེས་སོང་ཚོ་ལྟ་བུ་མ་རེད། མཐོང་སྣང་ལ་ཁོང་ཚོ་ཉོབ་ཐང་ཆད་པའི་རྣམ་འགྱུར་གང་ཡང་མི་འདུག ཁོང་ཚོའི་རྣམ་འགྱུར་ལ་གཞིགས་ན་དམར་པོའི་རིང་ལུགས་སུ་བློ་གོམས་རྨོངས་ཞེན་ཡོད་པ་མཐོང་གི་འདུག

རྒྱ་ནག་ས་ཁུལ་འདྲ་མིན་ཁག་ལ་ལྟ་བསྐོར་དུ་འགྲོ་སྐབས་མི་མང་པོ་བསམ་ཚུལ་གཅིག་ཏུ་བསྒྱུར་གྱི་ཡོད་པ་དོ་སྣང་ཆེན་པོ་བྱུང༌། ཟླ་གསུམ་རིང་རྒྱ་ནག་ཁུལ་ས་གནས་ཁག་གི་དགོན་པ་དང༌། བཟོ་གྲྭ། ལས་བྱེད་ཚོགས་པ། ཞིང་ལས་མཉམ་འབྲེལ། སློབ་གྲྭ་དང་མཐོ་རིམ་སློབ་གྲྭ་སོགས་ལ་ལྟ་བསྐོར་བྱས་པར། ཚང་མ་ཧུར་བརྩོན་ཅན་ཤ་སྟག་མཐོང་བྱུང༌། དཔོན་རིགས་མང་པོ་ཐུག་འཕྲད་བྱས་པའི་ནང་འགའ་ཤས་དང་བག་ཕེབས་གྲོས་གླེང་དོན་ལྡན་གྱིས་དགའ་པོ་བྱུང་བ་ད་དུང་དྲན་གསོས་ཀྱི་འདུག མི་ཡག་ཤོས་རྣམས་འབྱོན་པོ་དང༌། སྤྱོད་ཚུལ་བཟང་པོ། སྲིད་དོན་བྱེད་སྟངས་སློབ་སྦྱོང་ལེགས་པོ་འདུག། གཞུང་གི་ལས་ཁུངས་རྣམས་སྒྲིག་འཛུགས་ཡག་པོ་དང༌། ཧུར་བརྩོན་ཆེན་པོ་འདུག སྤྱིར་བཏང་ལས་རྩོལ་བ་ཚོ་འདོད་པ་ཁེངས་པ་ལྟ་བུ་མཐོང་ཞིང༌། འཚོ་བའི་སྐོར་ཡང་སྐབས་དེར་འགྲིགས་ཙམ་ཡོད་འདུག ་ཤེས་ཡོན་ཅན་གྱི་མི་ཚོ་རྒྱུན་དུ་འདོད་བབས་མེད་པའི་རྣམ་འགྱུར་སྦས་པ་ཞིག་མངོན་གྱི་འདུག། གུང་བྲན་རིང་ལུགས་འོག་རྒྱ་ནག་གི་བཟོ་ལས་ཡར་རྒྱས་ཆེན་པོ་ཕྱིན་པ་དེར་མཐོང་ཆུང་བྱེད་མི་ཐུབ། འོན་ཀྱང་ཡར་རྒྱས་དང༌། དེའི་རིན་ཐང་ཆ་སྙོམས་པོ་ཞིག་དགོས་ཀྱང་ཡར་རྒྱས་དེའི་དོན་དུ་མི་རང་རང་སོ་སོའི་ཐོབ་ཐང་ཡོངས་རྫོགས་རྩ་བརླག་ཏུ་སོང་ཞིང༌། ཁོ་བོའི་སྣང་བ་ལ་དེའི་རིན་ཐང་ནི་ཤིན་ཏུ་ཚད་བརྒལ་ཆེ་བས་ཁོང་ཚོ་ཚང་མ་ཐོབ་ཐང་བྲལ་བ་འདྲ་སྙོམས་སུ་གྱུར་ཅིང༌། ཕྲན་གང་དུ་ཕྱིན་ཀྱང་ཁོང་ཚོ་སྒྲིག་ཁྲིམས་དམ་པོ། ཕོ་མོའི་གྱོན་གོས་ཚོན་བཀྲག་མེད་པ་སྔོ་མདངས་གཞི་མཚུངས། གླེང་མོལ་བརྗོད་སྟངས་འདྲ་མཚུངས། བྱེད་སྟངས་འདྲ་མཚུངས་བཅས་འདུག་སྟེ། བསམ་ཚུལ་ཡང་འདྲ་མཚུངས་མིན་ནམ་སྙམ། དེ་འདྲ་མ་གཏོགས་ཡོང་ཐབས་ཀྱང་མེད་ལ། ཁོང་ཚོས་མཐོང་ཐུབ་པ་ནི་ཕྱོགས་གཅིག་ཁོ་ནའི་གསར་ཤོག་དང༌། རླུང་འཕྲིན་རྒྱང་བསྒྲགས་ཡིན་ཞིང༌། དེ་ཚོའི་ནང་ལ་གཞུང་གི་འདོད་ཚུལ་ཁོ་ན་མ་གཏོགས་མེད། ཕྱི་རྒྱལ་གྱི་གསར་ཤོག་དང༌། རྒྱང་བསྒྲགས་བེད་སྤྱོད་མི་ཆོག་པ་རེད། ཐེངས་གཅིག་ཁོ་བོ་པི་ཅིང་ཉེ་སྐོར་གྲོང་གསེབ་ཅིག་ཏུ་རྒྱ་མིའི་དཔོན་རིགས་དང་མཉམ་དུ་འགྲོ་སྐབས་རླུང་འཕྲིན་ནང་དབྱིན་ཇིའི་བྷིའི་བྷིའི་སིའི་གསར་འགྱུར་བརྗོད་ཁའི་རོལ་ཆ་འདྲ་པོ་ཞིག་གོ་བྱུང་དོན། མཉམ་དུ་ཡོད་པའི་དཔོན་རིགས་དེའི་གདོང་གཤིས་འགྱུར་ཏེ་འདྲོགས་པའི་རྣམ་འགྱུར་གསལ་པོ་མཐོང་གི་འདུག ་མི་མང་ཚོའི་རང་བཞིན་གྱི་འཛུམ་དགོད་དང༌། གླུ་གཞས་གཏོང་བའི་ཉམས་འགྱུར་ཚོ་ཡང་དུས་སྐབས་སོ་སོར་མ་གཏོགས་བརླགས་འདུག གུང་བྲན་ན་གཞོན་འགའ་ཤས་ཤེས་ཡོན་དང༌། སྤྱང་རིག་ཅན། དམར་པོའི་སློབ་སྦྱོང་ལེགས་པོ་དེ་འདྲ་ཡོད་ཀྱང༌། རང་གི་བསམ་ཚུལ་ངོ་མ་ནམ་ཡང་མི་བརྗོད་པར་རྒྱུན་དུ་དམར་པོའི་ཕྱོགས་གཅིག་གྲུབ་འབྲས་ལ་བསྔགས་བརྗོད་དང༌། རྒྱ་ནག་ཡར་རྒྱས་ཆེ་ཚུལ་འཆར་ཅན་ཤ་སྟག་བརྗོད་ཀྱི་འདུག

ངའི་སྐྱེས་ཡུལ་གྱི་ཉེ་འགྲམ་ཟི་ལིང་གྲོང་ཁྱེར་དུ་ས་གནས་དེའི་དམར་པོའི་ཚོགས་པའི་འགོ་འཁྲིད་གཅིག་གིས་ཁོ་བོར་ལེགས་སྦྱར་རིང་པོ་ཞིག་བཤད་བྱུང་བ་པི་ཅིང་ལ་རྟག་ཏུ་གོ་ཐོས་བྱུང་མྱོང་བ་དེ་རང་རེད། ཁོང་གི་བསམ་ཚུལ་གཅིག་བརྗོད་པ་ནི་རུ་སུ་མ་གཏོགས་འཛམ་གླིང་ནང་རྒྱ་ནག་སྟོབས་ཤུགས་ཆེ་ཤོས་ཡིན་པ་དང༌། ཡུལ་གྱི་ནང་མེ་འཁོར་ཐོག་ཉིན་མཚན་སྦྲེལ་ཏེ་འགྲོ་དགོས་པ་རྒྱ་ནག་གཅིག་པུ་རེད་ཅེས་བཤད་བྱུང༌།

རྒྱ་ནག་ཏུ་ལོ་གཅིག་མིན་ཙམ་སྡོད་རིང་སྤྱིར་བཏང་མཐོང་ཚུལ་རགས་ཙམ་དེ་འདྲ་ཞིག་ཡིན། འབྱོན་པོ་དང༌། ཧུར་བརྩོན་ཅན། བཙན་སྲིད་ཡར་རྒྱས། འཛུམ་དགོད་བྲལ་བའི་ཆུ་འཛིན་སྟུག་པོའི་ཁྲོད་ནས་སྐབས་རེ་རྒྱ་ནག་གནའ་བོའི་གཤིས་ལུགས་མཛེས་སྡུག་ཡིད་འོང་གི་ཉི་འོད་ཡུད་ཙམ་ཡུད་ཙམ་འཕྲོས་ཀྱི་འདུག ཚང་མ་ཆ་སྙོམས་ཡོད་པ་དེ་ནི་གུང་བྲན་རིང་ལུགས་ཀྱི་ནུས་ཤུགས་དེ་རེད། འོན་ཀྱང་བོད་མི་རྣམས་ཀྱི་བསམ་བློ་རྒྱ་མི་ནང་བཞིན་བཟོ་མི་ཐུབ་པར་ཡིད་ཆེས་ཡོད། ཆོས་དང༌། རྩེད་དགོད། མི་སོ་སོའི་ཁྱད་ཆོས་ཐོབ་ཐང་བཅས་ནི་བོད་མི་ཚོའི་སྲོག་ལྟ་བུར་བརྟེན། དེ་དག་དང༌། ཕྱིའི་དངོས་པོ་ཙམ་ཡར་རྒྱས་གཉིས་བརྗེ་འཚོང་བོད་མི་སུ་ཞིག་གིས་ཀྱང་རང་འདོད་དུ་བྱེད་ཀྱི་མ་རེད། བོད་མིས་མི་རིགས་གཞན་ཞིག་དབང་འོག་ཏུ་བསྡུས་ན་ཡང་བརྗེ་འཚོང་དེ་འདྲ་བྱེད་ཀྱི་མ་རེད།

ཕྲན་ལྷ་སར་ཕྱིར་ལོག་གི་གྲྭ་སྒྲིག་སྐབས་ངའི་བོད་མི་རྣམས་རྒྱ་མིའི་དབང་བསྒྱུར་འོག་གནས་ཚུལ་སྡུག་ཤོས་ནས་སྐྱོབ་པའི་རེ་བ་ཡོད། ངའི་བསམ་པར་ང་རྒྱ་ནག་ཏུ་ཕྱིན་པ་དེས་ཕན་ཐོགས་གཉིས་བྱུང་འདུག

ང་ཚོའི་འགལ་ཟླ་གང་འདྲ་ཞིག་ཡོད་པ་མཐོང་བ་དང༌། གལ་ཆེ་བ་ཞིག་ལ་མའོ་ཙེ་ཏུང་གིས་བློ་མོས་གཏན་འབེབས་བྱས་པའི་བོད་དུ་པི་ཅིང་ནས་ཐད་ཀར་ལྟ་སྐྱོང་བྱེད་རྒྱུའི་དམག་སྲིད་ལྷན་ཚོགས་འཛུགས་རྒྱུ་དེ་མ་དགོས་པའི་ཞུ་འབོད་བྱེད་ཐུབ་ཅིང༌། དེའི་ཚབ་ཏུ་ང་ཚོར་ནང་གི་རང་དབང་ཕྲན་བུ་ཡོད་པའི་རང་སྐྱོང་འཛུགས་རྒྱུའི་ཁས་ལེན་བྱུང་བ་རེད། དེ་ནས་མའོ་ཙེ་ཏུང་གི་བསམ་ཚུལ་བོད་རང་སྐྱོང་ལྗོངས་གྲྭ་སྒྲིག་ལྷན་ཚོགས་ཀྱི་གནས་ཚུལ་ཞིབ་གསལ་ཤེས་བྱུང༌། དེར་མཐུས་མི་ལྔ་བཅུ་ང་གཅིག་ཡོང་དགོས་པ་ནས་ལྔ་མ་གཏོགས་ཚང་མ་བོད་པ་ཡིན། ངས་གཙོ་འཛིན་དང༌། པཎ་ཆེན་རིན་པོ་ཆེ་དང༌། རྒྱ་མིའི་དཔོན་རིགས་ཤིག་ནས་གཙོ་འཛིན་གཞོན་པ། ང་ཕོད་དྲུང་ཡིག་ཆེན་མོ་ཡིན། ཚོགས་པ་དེས་རང་སྐྱོང་ལྗོངས་འཛུགས་རྒྱུའི་གྲྭ་སྒྲིག་བྱེད་དགོས་ཤིང༌། བྱེད་ཚུལ་ནི། ནོར་སྲིད་དང༌། ཆོས་དོན་སྐོར་ལྷན་ཚོགས་གཉིས་དང༌། དེ་མིན་ལས་ཁུངས་ཁག་མང་བཙུགས་ཏེ་ནུས་པ་མ་སྨིན་བར་ང་ཚོའི་གཞུང་གི་ལས་ཁུངས་ཡིག་ཚང་དང༌། རྩིས་ཁང་སོགས་ལ་འབྲེལ་བ་བྱས་ཏེ་བར་བརྒལ་དུས་སྐབས་དེ་བསྐྱལ་རྒྱུ་ཡིན།

ཚོགས་པ་དེའི་འཐུས་མི་རྣམས་དྲག་སྒྲུག་བསྐོ་གཞག་བྱས་པ་དེ་དངོས་འབྲེལ་ཡིན། ཕྲན་ཐེ་བས་འཐུས་མི་བཅོ་ལྔ་བོད་ས་གནས་སྲིད་གཞུང་གི་སྐུ་ཚབ་ཡིན་ཅིང༌། དེ་ནི་བོད་གཞུང་ངོ་མ་དེ་ཡིན། བཅུ་གཅིག་དགོན་པ་ཆེ་ཁག་དང༌། ཆོས་ལུགས་ཁག ་མི་མང་ཚོགས་པ། གྲགས་ཅན་མི་སྣ་བཅས་རེད། རྒྱ་མིས་རྒྱུད་བསྐུལ་ཆེད་ཤོག་ཁག་གཉིས་རེར་འཐུས་མི་བཅུ་རེ་ཡོད། གཅིག་ཆབ་མདོ་བཅིངས་བཀྲོལ་ལྷན་ཚོགས་ཡིན་ཞིང༌། དེ་བོད་ཤར་ཕྱོགས་སུ་བཙུགས་པ་དེར་ཐོག་མར་བཙན་འཛུལ་བྱས་ནས་བོད་གཞུང་ལ་ཕྱིར་སྤྲོད་བྱུང་མེད་པ་དེ་ཡིན། གཅིག་པཎ་ཆེན་བླ་མའི་ཚོགས་པ་སྟེ་བོད་ཀྱི་ནུབ་ཕྱོགས་སུ་བཙུགས་ཡོད། དེ་ལ་པཎ་ཆེན་སྐུ་གོང་རིམ་དུ་མེད་པའི་སྲིད་དབང་སྤྲོད་འདོད་ཡོད་པ་རེད། འཕྲོས་མི་ལྔ་ལྷ་སར་ཡོད་པའི་རྒྱ་མིའི་དཔོན་རིགས་ཡིན། ཚང་མར་བསྐོ་གཞག་བྱེད་པར་རྒྱ་ནག་གཞུང་གི་བཀའ་འཁྲོལ་དགོས་པ་རེད། གསར་དུ་བཟོས་པའི་ཡུལ་ཁག་ལ་འཐུས་མི་ཆ་བགོས་བྱས་པ་དེས་ཀྱང་བོད་ཀྱི་ཆབ་སྲིད་དང༌། ཏཱ་ལའི་བླ་མའི་དབང་ཆར་བསྒྱུར་བཅོས་མི་བྱེད་ཅེས་པའི་རྩ་དོན་དང་འགལ་ཏེ། འཐུས་མི་དྲག་འདེམས་བསྐོ་གཞག་བྱེད་སྟངས་དེ་རང་ནས་ལས་དོན་མི་འགྲུབ་པའི་ས་བོན་བཏབ་ཟིན་ཅིང༌། འོན་ཀྱང་མི་རྣམས་ནས་གནས་ཚུལ་དཀའ་ཚེགས་ཅན་དང་འཕྲད་དུས་རེ་བ་ཅུང་ཟད་ལས་མེད་ཀྱང་དེ་ལ་ལམ་སེང་འཐམས་འཇུས་བྱེད་པ་ལྟར། ངས་ཀྱང་རྒྱ་ནག་གི་སྲིད་དོན་ཚོགས་ཁག་ཚོའི་སྤྱོད་ཚུལ་མུན་ནག་ཅན་ལ་ཉམས་མྱོང་བྱུང་ན་ཡང༌། བོད་མི་བཞི་བཅུ་ཞེ་དྲུག་དང༌། རྒྱ་མི་ལྔའི་ཚོགས་པ་དེས་ལས་དོན་སྒྲུབ་ཐུབ་པའི་རེ་བ་བྱས་པ་ཡིན།

དེར་བརྟེན་ཁོ་བོ་རང་ཡུལ་གྱི་གནས་ཚུལ་ལ་བལྟ་འདོད་དང༌། རང་དབང་གི་ལྷག་མ་ཅུང་ཟད་ཡོད་པར་བེད་སྤྱོད་ལེགས་པོ་ཐུབ་པའི་རེ་འདུན་ཆེན་པོས་རང་ཡུལ་དུ་ཕྱིར་ལོག་བྱས་པ་ཡིན།། །།