ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག

༄༅། །ཁྲིམས་ལུགས་ཀྱི་ཐོག་ནས་བོད་ཀྱི་གནས་སྟངས་ལ་སྔར་ཕན་བློ་གཡེང་བྱེད་དགོས་པ་བྱུང་མེད་ཀྱང༌། ངས་ལོ་ཤས་རིང་བོད་ཀྱི་སྲིད་དབང་བཟུང་སྐབས་གློ་བུར་དུ་གནས་ཚུལ་དེ་གལ་གནད་ཆེན་པོར་གྱུར་པ་རེད། དེ་སྐོར་བདེན་པའི་གནས་ཚུལ་ངོ་མ་ཞིག་བརྗོད་འདོད་ཡོད། སྔ་དུས་ལོ་རྒྱུས་མ་དར་བའི་གོང་བོད་འདི་གངས་རི་དང༌། མུ་མེད་ནགས་ཀྱིས་བསྐོར་བའི་མཚོ་གླིང་ཆེན་པོ་མིའི་རིགས་སུས་ཀྱང་བདག་ཏུ་མ་བཟུང་བ་ཞིག་ཡིན་པ་དང༌། དེ་ནས་རིམ་གྱིས་མིའི་རིགས་བྱུང་ནས་རྗེ་འབངས་ཀྱི་རྣམ་པ་ཅུང་ཟད་དོད་དེ་འགའ་ཞིག་ནས་མི་ཚོགས་བྱིངས་ཀྱི་འགོ་འཁྲིད་ལམ་སྟོན་བྱེད་པ་རང་བྱུང་སིལ་མའི་ཚུལ་དུ་གནས་ཡོད་པ་རེད། ལོ་ཉིས་སྟོང་ལྷག་གི་གོང་མི་ཚོགས་དེ་རྣམས་ཆིག་སྒྲིལ་གྱིས་བོད་རྒྱལ་ཁབ་གོང་བུ་གཅིག་ཏུ་གྱུར་ཞིང༌། དེང་དུས་ཡོངས་གྲགས་རྒྱ་གར་ནང་གི་བརྩི་ཚུལ་ལྟར་སྟོན་པ་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ཚུལ་བསྟན་ནས་ལོ་ ༤༡༨ སོང་ཞིང༌། ཕྱི་ལོ་མ་བྱུང་བའི་ལོ་ ༡༢༧ གོང་ཤིང་སྟག་ལོ་བོད་སྤྱི་ལ་དབང་བསྒྱུར་བའི་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོ་བྱུང༌། དེ་ནས་རྒྱལ་བརྒྱུད་ཉེར་བདུན་རིང་བོན་གྱི་ཆོས་དར། རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་སུ་སངས་རྒྱས་ཀྱི་ཆོས་གླེགས་བམ་ཕྱག་ཏུ་སོན་པས་དམ་པའི་ཆོས་ཀྱི་དབུ་བརྙེས། རྒྱལ་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོ་སྟོན་པ་གཤེགས་ལོ་ ༡༡༧༣ དང༌། ཕྱི་ལོ་ ༦༢༩ ས་གླང་ལོར་འཁྲུངས། ཆོས་རྒྱལ་འདིས་སྐུ་གཞོན་ནུའི་དུས་ཐོན་མི་རྒྱ་གར་དུ་བཏང་བ་ཕྱིར་འཁོར་རྗེས་ད་ལྟའི་བོད་ཡིག་འདི་ཉིད་ཐོག་མར་བརྩམས་ཏེ་སྤེལ། ལྷ་ཆོས་དགེ་བ་བཅུ་དང༌། མི་ཆོས་གཙང་མ་བཅུ་དྲུག་སྟེ། ཆོས་སྲིད་ཀྱི་ཁྲིམས་སྲོལ་བཟང་པོ་བཏོད། བལ་བཟའ་ཁྲི་བཙུན་དང༌། རྒྱ་བཟའ་ཀོང་ཇོ། བོད་མོ་གཞན་གསུམ་བཅས་བཙུན་མོར་བཞེས། ཇོ་བོ་ཤཱཀྱ་མུ་ནེ་དང༌། ཇོ་བོ་མི་བསྐྱོད་རྡོ་རྗེ་གདན་དྲངས། ཕྲན་ལྷ་སར་ཐོག་མར་འབྱོར་ཉིད་སྐུ་འདིའི་སྐུ་མདུན་དུ་ཕྱག་མཆོད་གསོལ་འདེབས་བྱས་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དང༌། རྭ་མོ་ཆེ་གཙུག་ལག་ཁང་སོགས་ལྷ་ཁང་མང་པོ་བཞེངས། པོ་ཏཱ་ལའི་ཕོ་བྲང་ཡང་བརྩིགས། སྐབས་དེར་རྒྱ་དཀར་ནག་དང༌། བལ་ཡུལ་སོགས་ནས་བཟོ་རིགས་ལ་སོགས་པའི་ལེགས་ཆ་མང་པོ་བཏུས། རྒྱལ་ཁབ་ཀྱི་སྟོབས་ཤུགས་དཔལ་འབྱོར་དང༌། མངའ་འབངས་ལ་བདེ་སྐྱིད་རྒྱས་པར་མཛད་དེ། རྒྱལ་རབས་སོ་དྲུག་པ་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་ནམ། མེས་ཨག་ཚོམ་གྱི་དུས་རྒྱ་ནག་དང་བོད་གཡུལ་འཁྲུག་བྱུང་སྐབས་བོད་བློན་སྟག་སྒྲ་ཀླུ་གོང་དམག་དཔུང་བཅས་པས་རྒྱ་ནག་གི་ཡུལ་གྲུ་མང་པོ་བཅོམ་པའི་ལོ་རྒྱུས་བྲིས་པའི་རྡཱུ་རིང་དེང་སང་པོ་ཏཱ་ལའི་མདུན་ལ་ཡོད། སྟོན་པའི་འདས་ལོ་ ༡༣༣༤ དང༌། ཕྱི་ལོ་ ༧༩༠ ལྕགས་རྟ་ལོར་རྒྱལ་རབས་སོ་བདུན་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐུ་བལྟམས། རྒྱལ་པོ་འདིའི་སྐུ་རིང་ལ་རྒྱ་གར་ནས་མཁན་ཆེན་བོ་དྷི་སཏྭ་དང༌། སློབ་དཔོན་པདྨ་སཾ་བྷ་ཝ་སོགས་གདན་དྲངས། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། སད་མི་བདུན་སོགས་བོད་དུ་རབ་བྱུང་གི་སྡེ་ཐོག་མར་བཙུགས། རྒྱ་གར་ནས་བི་མ་ལ་མི་ཏྲ་སོགས་པཎྜི་ཏ་མང་པོ་བོད་དུ་གདན་དྲངས། བོད་ཀྱི་རབ་བྱུང་ལོ་ཙཱ་བ་མང་པོ་དང་མཉམ་དུ་སངས་རྒྱས་ཀྱི་བཀའ་དང༌། བསྟན་བཅོས་ཆེས་མང་པོ་བོད་ཀྱི་སྐད་ཡིག་ཏུ་བསྒྱུར། སྐབས་འདིར་མངའ་རིས་ས་མི་རྒྱ་ཁྱོན་དང༌། སྲིད་ཀྱི་སྟོབས་ཤུགས་ཤིན་ཏུ་ཆེ། སྟོན་པའི་འདས་ལོ་ ༡༤༡༠ དང༌། ཕྱི་ལོ་ ༨༦༦ མེ་ཁྱི་ལོར། རྒྱལ་རབས་བཞི་བཅུ་པ་ཆོས་རྒྱལ་མངའ་བདག་ཁྲི་རལ་སྐུ་བལྟམས། དགེ་འདུན་གྱི་སྡེ་རྒྱ་ཆེར་དར། སྐབས་དེར་ཡང་བོད་དང༌། རྒྱ་ནག་མ་མཐུན་པར་བོད་དམག་ནས་རྒྱ་ནག་གི་ཡུལ་མང་པོ་བཅོམས། བོད་ཀྱི་ལོ་པཎ་དང༌། རྒྱ་ནག་གི་བཙུན་པ་ཧ་ཤང་མང་པོས་བར་བསྡུམས་མཛད། རྒྱ་ནག་གི་ཡུལ་གུང་གུ་རྨེ་རུར་བོད་དང་རྒྱ་ནག་ས་མཚམས་ཀྱི་ཚད་རྟགས་རྡཱུ་རིང་བཙུགས། ས་མཚམས་ཀྱི་ཚད་རྟགས་ལས་བརྒལ་ཏེ་དམག་འཐབ་ཕན་ཚུན་སུས་ཀྱང་མི་བྱེད་པའི་རྒྱ་བོད་ཀྱི་ཡི་གེ་རྡཱུ་རིང་དེ་དང༌། རྒྱའི་ཕོ་བྲང༌། ལྷ་ས་བཅས་སུ་བཙུགས་པའི་རྡོ་རིང་ལ་བརྐོས་ཡོད། ལྷ་སའི་རྡཱུ་རིང་དེང་སང་ཡང་ལྷ་ས་གཙུག་ལག་ཁང་གི་མདུན་ན་ཡོད། རྒྱལ་རབས་སོ་གསུམ་པ་དང༌། སོ་བདུན་པ། བཞི་བཅུ་པ་འདི་རྣམས་ལ་མེས་དབོན་རྣམ་གསུམ་ཞེས་སྙན་གྲགས་ཆེ་བའི་རྒྱལ་པོ་གསུམ་དུ་ངོས་འཛིན་གྱིས་དེང་སང་ཡང་བོད་མི་རྣམས་ནས་དྲན་གསོ་ཆེན་པོ་བྱེད། དེ་རྗེས་རྒྱལ་རབས་ཞེ་གཅིག་པ་གླང་དར་མ་ནས་སྟོན་པའི་འདས་ལོ་ ༡༤༤༥ ཕྱི་ལོ་ ༩༠༡ ལྕགས་བྱ་ལོ་རྒྱལ་སྲིད་བཟུང༌། རྒྱལ་པོ་འདིས་བདུད་བློན་འགའ་ཞིག་དང་བསྡེབས་ཏེ་སྔར་གྱི་ཆོས་སྲིད་སྲོལ་ལུགས་བཟང་པོ་རྣམས་བསྣུབས། ཁོང་གིས་རྒྱལ་སྲིད་ལོ་དྲུག་བསྐྱངས་རྗེས་ཁོང་བཀྲོངས་འདུག རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོ་ནས། གླང་དར་འདས་ལོ་མེ་སྟག་ཡན་རྒྱལ་རབས་བཞི་བཅུ་ཞེ་གཅིག་རིང་མི་ལོ་ ༡༠༣༢ ཙམ་སོང་བའི་རིང་བོད་ཀྱི་ཆོས་སྲིད་ནུས་སྟོབས་ཇེ་འཕེལ་དུ་སོང༌།
གླང་དར་ལ་བཙུན་མོ་གཉིས་ཡོད་པར་སྲས་ངོ་འདྲ་གཉིས་བྱུང༌། བཙུན་མོ་གཉིས་དང༌། ཕྱོགས་གཏོགས་བློན་འབངས་བཅས་མི་མཐུན་པའི་འཁོན་རྩོད་བྱུང་སྟེ། མངའ་རིས་སོ་སོར་བགོས། དེ་ནས་རྒྱལ་ཕྲན་མང་དུ་བྱུང་སྟེ་བོད་སྤྱི་ལ་དབང་བའི་རྒྱལ་པོ་མ་བྱུང་བར་བོད་ཁམས་སིལ་བུར་གྱུར་ཏེ་མི་ལོ་ ༣༤༧ གནས་ཏེ་ཉམས་རྒུད་ཇེ་ཆེར་གྱུར།

ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པ་རྒྱ་ནག་ཏུ་ཕེབས་ཏེ་གོང་མ་སེ་ཆེན་རྒྱལ་པོས་བླ་མར་བཀུར་རྗེས། སྟོན་པའི་གཤེགས་ལོ་ ༡༧༩༧ དང༌། ཕྱི་ལོ་ ༡༢༥༣ ཆུ་གླང་ལོ་བོད་དུ་ཕེབས་ནས་བོད་ཆོལ་ཀ་གསུམ་གྱི་ཁྱོན་ལ་སྲིད་དབང་བསྒྱུར། བོད་ཀྱི་བླ་མས་ཆབ་སྲིད་སྐྱོང་བའི་སྲོལ་འདི་ནས་དར། ས་སྐྱ་པའི་ཁྲི་རབས་ཉི་ཤུ་ཐམ་པས་མི་ལོ་ ༩༦ རིང་བོད་ཁམས་སྤྱི་ལ་དབང་བསྒྱུར། སྟོན་པའི་འདས་ལོ་ ༡༨༩༣ དང༌། ཕྱི་ལོ་ ༡༣༤༩ ས་གླང་ནས་བཟུང་ཕག་མོ་གྲུ་པ་ཁྲི་ཐོག་བཅུ་གཅིག་གིས་མི་ལོ་ ༨༦ རིང་བོད་ཀྱི་ཆབ་སྲིད་བསྐྱངས།

སྟོན་པའི་འདས་ལོ་ ༡༩༧༩ དང༌། ཕྱི་ལོ་ ༡༤༣༥ ཤིང་ཡོས་ནས་བཟུང་རིན་སྤུངས་པ་ཁྲི་ཐོག་བཞིས་མི་ལོ་ ༡༣༠ རིང་བོད་ཀྱི་སྲིད་དབང་བཟུང༌།

སྟོན་པའི་འདས་ལོ་ ༢༡༡༠ ཕྱི་ལོ་ ༡༥༦༦ མེ་སྟག་ནས་བཟུང་གཙང་པ་མི་ཐོག་གསུམ་གྱིས་མི་ལོ་ ༧༦ རིང་བོད་ཀྱི་སྲིད་དབང་བཟུང༌།

སངས་རྒྱས་ཀྱི་འདས་ལོ་ ༢༡༨༦ ཕྱི་ལོ་ ༡༦༤༢ ཆུ་རྟ་ལོ་ྋརྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་བོད་ལྗོངས་ཡོངས་ལ་ཆོས་སྲིད་ཀྱི་དབང་བསྒྱུར། ད་ལྟའི་བོད་གཞུང་དགའ་ལྡན་ཕོ་བྲང་འདིའི་ཆབ་སྲིད་ཀྱི་དབུ་བརྙེས། སྤྱི་ལོ་ ༡༩༥༠ བར་སྐུ་ཕྲེང་བཅུའི་རིང་ཆབ་སྲིད་འཛིན་ཡུན་མི་ལོ་ ༣༠༩ སོང༌། ཏཱ་ལའི་བླ་མ་ཞལ་མ་བཞུགས་པ་དང༌། སྐུ་ན་མ་སོན་པའི་བར་ལ་རྒྱལ་ཚབ་དང༌། སྲིད་སྐྱོང་སེར་སྐྱ་འདྲ་མིན་མང་པོ་བྱུང་ཡང༌། རྩ་བའི་བོད་ཀྱི་ཆོས་སྲིད་ཡོངས་རྫོགས་ཀྱི་བདག་པོ་ྋརྒྱལ་དབང་ཏཱ་ལའི་བླ་མ་སྐུ་ཕྲེང་ན་རིམ་ནས་མཛད། སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ་ནི་དགེ་ལུགས་བསྟན་པའི་སྲོལ་འབྱེད་རྗེ་ཙོང་ཁ་པའི་དངོས་སློབ་ཡིན་ཅིང༌། མཁས་བཙུན་གྱི་ཡོན་ཏན་ཤིན་ཏུ་ཆེ། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དེ་བཞིན་ཆོས་སྲིད་ཀྱི་མཁྱེན་རྒྱ་ཤིན་ཏུ་ཆེ་བས་སངས་རྒྱས་ཀྱི་འདས་ལོ་ ༢༡༩༦ དང༌། ཕྱི་ལོ་ ༡༦༥༢ ལོར་རྒྱ་ནག་མན་ཛུའི་རྒྱལ་པོ་ཐོག་མ་ཤུན་རྩིས་རྒྱ་ནག་ཏུ་གདན་དྲངས། ཆོས་ཕྱོགས་ནས་བླ་མར་བཀུར་ཞིང༌། སྲིད་ཕྱོགས་ནས་བོད་ཀྱི་རྒྱལ་པོར་ཆ་འཇོག་གིས་བརྩི་མཐོངས་ཆེན་པོ་ཞུས། དུས་རབས་ཕྱེད་གཉིས་ཙམ་ཏཱ་ལའི་བླ་མ་རིམ་པས་དབང་བསྒྱུར་གནང་བ་ནས། དུས་རབས་བཅུ་དགུ་པ་ཙམ་བར་ཏཱ་ལའི་བླ་མ་དང༌། རྒྱ་ནག་གོང་མའི་དབར་འབྲེལ་བ་བྱུང་ཞིང༌། དེ་ནི་ཕྱོགས་གཅིག་ཆོས་དང༌། ཕྱོགས་གཅིག་སྲིད་ཀྱི་འགྲོ་འཁྲིད་བར་གྱི་འབྲེལ་བ་ཞིག་རེད། གོང་མས་ལྷ་སར་ཨམ་བན་ཟེར་བའི་སྐུ་ཚབ་གཉིས་བསྐོ་འཛུགས་བྱས། ཁོང་ཚོར་དབང་ཆ་གང་འཚམས་ཡོད་ཀྱང༌། དབང་ཆ་དེ་ཏཱ་ལའི་བླ་མའི་གཞུང་བརྒྱུད་དེ་བེད་སྤྱོད་བྱེད། རིམ་བཞིན་ཁོང་ཚོའི་དབང་ཆ་ཉམས་པ་རེད། ལྷག་པར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐུ་དུས་སུ་བོད་ནས་རྒྱལ་སྤྱིའི་ནང་ཐོག་མའི་འབྲེལ་བ་བྱས་ཤིང༌། ཁོང་ནས་བོད་མིའི་འཚོ་བ་ཡར་རྒྱས་དང༌། དམག་མིའི་སྒྲིག་ཚུགས་བཅོས་འཛུགས་གནང་བ་སོགས་གོང་དུ་བཤད་ཟིན། སྲིད་ཕྱོགས་ནས་ཕྱི་རྒྱལ་ཁག་ལ་འབྲེལ་བ་མཛད་དེ་སློབ་ཕྲུག་བཏང་བ་དང༌། བོད་ནང་གློག་ཁང་དང༌། བཟོ་ལས་ཆུང་ཁག་གི་བཟོ་གྲྭ་ཁག་གསར་འཛུགས། སྦྲགས་ཏར་གསར་འཛུགས་དང༌། སྦྲགས་འཛིན་ནམ། ༼ཊི་སི༽གསར་གཟོ། བོད་ཀྱི་དངུལ་ཌཾསྔར་ཡོད་ཀྱི་ཐོག་གསེར་དངུལ་གྱི་ཌཾ་སྒོར་ཆེ་ཆུང་ཤོག་དངུལ་སོགས་རྣམ་གྲངས་མང་པོ་གསར་དུ་པར་འགྲེམས་སོགས་རྒྱལ་ཁབ་ཚགས་ཚུད་མཛད། ཆོས་ཕྱོགས་ནས་བོད་ཀྱི་ཆོས་ལུགས་མཐའ་དག་ལ་གཟིགས་མཐོང་ཆེ་ཞིང༌། ལྷག་པར་མཚན་ཉིད་སློབ་གཉེར་བའི་གྲྭ་སྐོར་དམ་བཅའ་ཆེན་མོ་འཇོག་ཚུལ་དང༌། རྒྱུགས་སྤྲོད་ཨང་གྲངས་མཐོ་རིམ་རྣམས་རྒྱུད་གྲྭ་ནས་བཟུང་ཙོང་ཁ་པའི་རྒྱལ་ཚབ་དགའ་ལྡན་ཁྲི་པ་བར་རིམ་བགྲོད་བྱེད་ཚུལ་བཅས་ལ་གཏན་འབེབས་དག་ཐེར་རྒྱ་ཆེ་མཛད། ཁོང་གི་སྐུ་དུས་སུ་རྒྱལ་སྤྱིའི་ནང་གྲོས་མཐུན་འགའ་ཤས་བཞག་པ། དུས་རབས་བཅུ་དགུ་པའི་མཇུག་ཏུ་རྒྱ་གར་དབྱིན་གཞུང་གིས་བོད་དང་ཚོང་འབྲེལ་བྱེད་འདོད་འགོ་བཙུགས་པས། ཧི་མ་ལ་ཡའི་རི་བརྒྱུད་སྐོར་དབྱིན་བོད་དབར་ས་མཚམས་ཀྱི་རྩོད་པ་ཆུང་ངུ་འགའ་ཤས་བྱུང་བ་དེ་སྐོར་བོད་དང་རྒྱ་ནག་སུ་ལ་གོ་བསྡུར་བྱེད་དགོས་མིན་དབྱིན་ཇིས་ངོས་བཟུང་དཀའ་བ་བྱུང༌། ཕྱི་ལོ་ ༨༢༢ ནང་རྡོ་རིང་བཙུགས་པ་ནས་བཟུང་ཕྱི་ལོ་ ༡༢༤༧ ནང་ཡིག་ཆ་གཅིག་བྱུང་བ་མ་གཏོགས་བོད་དང་རྒྱ་ནག་དབར་ཆིངས་ཡིག་ཡོངས་གྲགས་གཏན་ནས་བྱུང་ཡོད་པ་མ་རེད། དེར་བརྟེན་དབྱིན་ཇི་ཡང་ཐེ་ཚོམ་གྱི་གནས་སུ་གྱུར་འདུག ཕྱི་ལོ་ ༡༨༩༣ ནང་དབྱིན་ཇིས་རྒྱ་ནག་དང་ཆིངས་ཡིག་བཞག་སྟེ་ས་མཚམས་སྐོར་འཁྲུན་གཅོད་བྱས་ཤིང༌། བོད་ལྷོ་ཕྱོགས་སུ་ཚོང་གི་ཐོབ་ཐང་གང་འཚམས་ཤིག་དབྱིན་ཇིར་བྱུང་ཞིང༌། འོན་ཀྱང་བོད་གཞུང་གིས་ཆིངས་ཡིག་དེ་ལ་རྩ་འཛིན་བྱས་མི་འདུག ་དབྱིན་ཇི་དང༌། རྒྱ་མིའི་སྐུ་ཚབ་ནས་ས་མཚམས་ཀྱི་རྟགས་བཙུགས་པ་རྣམས་བོད་མི་ཚོས་བཀོག་ཡོད་པ་མ་ཟད། དབྱིན་ཇིས་ཚོང་གི་ཐོབ་ཐང་རྣམས་ལག་ལེན་བྱེད་སྐབས་བོད་གཞུང་ནས་རྒྱ་ནག་གིས་མིང་རྟགས་བཀོད་པའི་ཆིངས་ཡིག་དེས་བོད་ནང་ཕན་ནུས་མེད་ལུགས་བརྗོད་པ་རེད། འོན་ཀྱང་བོད་མིའི་རང་གཤིས་ཞི་འཇམ་ཅན་ཡིན་སྟབས་རྒྱ་མིའི་ཨམ་བན་མི་ཐོག་མང་པོ་བོད་ནང་སྡོད་བཅུག་པ་རེད། རྒྱལ་ཁབ་གཞན་དག་ནས་བོད་དང་རྒྱལ་སྤྱིའི་གྲོས་མཐུན་འཇོག་འདོད་བྱུང་བ་དེ་ཐོག་མ་ཡིན། ཨམ་བན་ཚོ་ལྷ་སར་བསྡད་པ་ཙམ་གྱིས་རྒྱ་ནག་གཞུང་ལ་བོད་ཀྱི་མིང་ཐོག་ནས་ཆིངས་ཡིག་ལ་མིང་རྟགས་འགོད་པའི་ཐོབ་ཐང་ཡོད་པ་བོད་མིའི་བསམ་བློར་ནམ་ཡང་འཁོར་ཡོད་པ་མིན་ཅིང༌། དེར་མ་ཟད་རྒྱ་མིས་བོད་ཀྱི་རང་དབང་རང་བཙན་འཕྲོག་འདོད་ཡོད་པ་དེ་ཡང་སྐབས་དེར་མ་གཏོགས་བསམ་བློ་འཁོར་ཡོད་པ་མིན། དབྱིན་ཇིར་ཚོང་དོན་ཐོབ་ཐང་རྣམས་མ་བྱུང་བ་དང༌། ས་མཚམས་ཀྱི་ཚད་རྟགས་མ་བཞག་སྟབས་བློ་འདོད་མ་རངས་པ་ཕྲན་བུ་བྱུང་ཞིང༌། རྒྱ་གར་ནང་དབྱིན་ཇིའི་སྐུ་ཚབ་ལོར་ཀྲ་ཀ་སིན་ནས་བརྗོད་གསལ། རྒྱ་ནག་ནས་བོད་དུ་དབང་ཆ་ཡོད་ཚུལ་ནི་སྲིད་དོན་གྱི་བལྟ་སྟངས་ཤིག་རེད། དེས་ཕྱོགས་གཉིས་ཀར་ཕན་ཁྱད་ཡོད་སྟབས་དེ་སྐོར་སོར་གནས་བྱུང་བ་རེད། ཅེས་བརྗོད་ཡོད་འདུག ༡༩༠༣ ལོར་ཁོང་ནས་ལྷ་སར་དམག་དཔུང་ཞིག་བཏང་བ་ལམ་དུ་ཡུན་འགོར་ཆེན་པོ་བྱུང༌། སྐབས་དེར་ཨམ་བན་ནས་དབྱིན་ཇིའི་དམག་དཔོན་སར་མཇལ་འཕྲད་དུ་འགྲོ་རྒྱུའི་འཕྲིན་ལན་བཏང་བར་བོད་གཞུང་གིས་ལྷ་ས་ནས་ཨམ་བན་འགྲོ་རུ་མ་བཅུག་པ་རེད། བོད་དམག་ནས་དབྱིན་དམག་ལ་འཐབ་རྒོལ་བྱས་ཀྱང་ཕམ་ཉེས་བྱུང་སྟེ་ྋརྒྱལ་དབང་མཆོག་ཤར་ཕྱོགས་སུ་བྲོས་ཕེབས་གནང་དགོས་བྱུང༌། ༡༩༠༤ ལོར་དབྱིན་ཇི་ལྷ་སར་འབྱོར་ཏེ་བོད་གཞུང་དང་ཆིངས་ཡིག་ཅིག་བཞག་སྟེ། སྐབས་དེར་ཏཱ་ལའི་བླ་མ་མ་བཞུགས་སྟབས་རྒྱལ་ཚབ་ནས་ཏཱ་ལའི་བླ་མའི་དམ་ཕྲུག་ཕབ་ཅིང༌། བཀའ་ཤག་དང༌། ཚོགས་ཆེན། སེ་འབྲས་དགའ་གསུམ་ནས་ཀྱང་དམ་ཕྲུག་ཕབ་འདུག དངོས་འབྲེལ་བྱས་ན་སྐབས་དེར་བོད་པས་རྒྱལ་སྤྱིའི་ནང་དབང་ཚད་ཆ་ཚང་ཡོད་པའི་གྲོས་མཐུན་ཞིག་བཞག་པ་རེད། ཆིངས་ཡིག་དེས་ས་མཚམས་དང༌། ཚོང་གི་ཐོབ་ཐང་རྣམས་ཁས་ལེན་བྱས་པ་རེད། ཆིངས་ཡིག་དེའི་ནང་དབྱིན་གཞུང་གི་བཀའ་འཁྲོལ་མེད་ན་བོད་དོན་ཐོག་རྒྱལ་ཁབ་གཞན་དག་སུས་ཀྱང་ཐེ་བྱུས་མི་བྱེད་པ་བྲིས་འདུག ཡིག་ཆ་དེར་རྒྱ་ནག་གི་མིང་གང་ཡང་གསལ་འཁོད་མེད་སྟབས་ཕྱི་རྒྱལ་ཐེ་བྱུས་མི་བྱེད་པའི་ཁོངས་སུ་རྒྱ་ནག་གཏོགས་དགོས། ཆིངས་ཡིག་དེ་བསྣོལ་འཇོག་ཟིན་འཕྲལ་དབྱིན་ཇིའི་དམག་དཔུང་བོད་ནས་ཕྱིར་འཐེན་བྱས་ཤིང༌། དེ་རྗེས་འཇིགས་སྣང་གང་ཡང་བསྐུལ་ཡོད་པ་མ་རེད། རྒྱ་ནག་གཞུང་གིས་ཆིངས་ཡིག་དེ་ལ་དགག་པ་བྱས་མི་འདུག ་ལོ་གཉིས་རྗེས་ ༡༩༠༦ ནང་དབྱིན་ཇིའི་ཚོང་གི་ཐོབ་ཐང་དེར་རྒྱ་ནག་གཞུང་ནས་ཐེ་བྱུས་བྱས་དྭོགས་ཀྱིས་དབྱིན་ཇིས་རྒྱ་ནག་དང་གྲོས་མཐུན་ཞིག་བཞག་ཅིང༌། གྲོས་མཐུན་དེའི་ནང་དབྱིན་བོད་ཀྱི་ཆིངས་ཡིག་དེ་ཁས་ལེན་བྱས་ཡོད་པར་བརྟེན་དབྱིན་ཇིའི་ཚོང་གི་ཐོབ་ཐང་འགའ་ཤས་རྒྱ་མི་དང་མཉམ་སྤྱོད་བྱས་འདུག རྒྱལ་སྤྱིའི་གྲོས་མཐུན་དེ་ཚོར་གནད་གལ་ཡོད་ན་བོད་ནང་རྒྱ་མིའི་དབང་ཆའི་འཕྲོས་ལྷག་རྣམས་དེས་རྫོགས་ཤིང༌། འོན་ཀྱང་དབྱིན་ཇིས་རྗེས་སོར་བརྟན་པོ་རང་བྱས་ཡོད་པ་མ་རེད། སྐབས་དེར་དབྱིན་ཇི་དང༌། རུ་སུ་གཉིས་ཨེ་ཤ་ཡའི་ནང་དབང་ཤུགས་འགྲན་པའི་དུས་སྐབས་ཤིག་ཡིན། ༡༩༠༧ ལོ་དབྱིན་རུ་གཉིས་ནས་གྲོས་མཐུན་ཞིག་བཞག་པའི་ནང་གཉིས་ཀས་བོད་ལ་ཐེ་བྱུས་མི་བྱེད་པ་དང༌། གལ་ཏེ་བོད་ལ་འབྲེལ་བ་བྱེད་དགོས་བྱུང་ན་རྒྱ་ནག་བརྒྱུད་བྱེད་རྒྱུ་བྱས་འདུག། གྲོས་མཐུན་འདིས་གྲོས་མཐུན་གཞན་དག་ཚོར་རྒྱབ་འགལ་བྱས་པས་མ་ཚད། ང་ཚོའི་ཡུལ་དུ་རྒྱ་མིས་ལག་ལེན་གྱི་ཐོག་དབང་ཆ་གང་ཡང་མེད་པ་དབྱིན་ཇིར་རྒྱུས་མངའི་ཉམས་མྱོང་ཡོད་དང་ཡོད་མུས་ཀྱང༌། གྲོས་མཐུན་འདིས་ང་ཚོའི་ཡུལ་རྒྱ་མིའི་སུད་ཛ་རན་ཀྲིའམ། ཁོངས་གཏོགས་ལྟ་བུར་ངོས་འཛིན་བྱས་པ་རེད། སུད་ཛ་རན་ཀྲི་ཟེར་བ་ནི་ཡུ་རོབ་པའི་མིང་ཚིག་བརྗོད་དོན་གསལ་པོ་མེད་པ་དང༌། བརྡ་རྙིང་ཞིག་རེད། དེའི་འགྲེལ་བཤད་དུ་ནང་གི་རང་དབང་ཡོད་པའི་གཞུང་ཞིག་གི་ཐོབ་ཐང་ཡོད་པའམ། ཡང་ན། མིང་ཙམ་གྱི་སོབ་རན་ཀྲི་ཟེར་བ་ནི གཞུང་དེ་ལ་རང་དབང་གང་ཡང་ཡོད་པ་མ་རེད། གཞུང་དེ་ལ་རང་དབང་ཡོད་མེད་ཀྱི་ཆ་ནས་སུད་ཛ་རན་ཀྲི་དང༌། སོབ་རན་ཀྲི་དབྱེ་འབྱེད་བྱེད་ཐུབ། འོན་ཀྱང་རང་དབང་གི་རིམ་པ་མང་པོ་ཞིག་དེ་ཁོངས་ཚུད་ཡོད་པ་རེད། གཅིག་བྱས་ན་བོད་དང༌། རྒྱ་ནག་དབར་ ༡༨༩༠ བར་གྱི་འབྲེལ་བ་དེ་ལ་ནུབ་ཕྱོགས་པའི་སྲིད་དོན་གྱི་མིང་ཚིག་འབྲེལ་ཐག་ཉེ་ཤོས་དེ་ཡིན་ཤག་ཀྱང༌། ད་དུང་མིང་ཚིག་དེའི་བརྗོད་དོན་ངེས་བརྟན་གང་ཡང་བྱུང་ཡོད་པ་མ་རེད། ཚིག་དེ་བེད་སྤྱོད་བྱེད་སྟངས་སྐོར་ནུབ་ཕྱོགས་པའི་སྲིད་དོན་མཁས་པ་ཚོས་མི་ཐོག་ཧྲིལ་པོར་གོ་ནོར་ཐེབས་ཡོད་པ་རེད། མིང་ཚིག་དེའི་ནང་ཆོས་ཕྱོགས་ཀྱི་འབྲེལ་བ་དེ་ཚུད་མེད་པའམ། ཡང་ན་ཏཱ་ལའི་བླ་མ་དང༌། མན་ཇུ་གོང་མའི་བར་གྱི་འབྲེལ་བ་དེ་ཚུད་མེད་ཅིང༌། དེ་ལྟ་བུའི་ཤར་ཕྱོགས་ཀྱི་འབྲེལ་བ་རྙིང་པ་མང་པོ་བྱུང་ཡོད་པ་དེ་ཚོར་ནུབ་ཕྱོགས་པའི་མིང་ཚིག་ཐོག་ནས་གོ་དོན་སྦྱར་ཆོག་ཡོད་པ་དཀའ་ཞིང༌། དབྱིན་ཇིས་བརྟན་པོ་མི་བྱེད་པའི་རྒྱུ་མཚན་གཅིག་ནི། ཁོང་ཚོ་བོད་ནང་གནས་སྟངས་ལེགས་པོ་ཡོད་པ་དེར་ཆིངས་ཡིག་གསར་པ་དེས་གནོད་མེད་སྟབས་རུ་སུས་བོད་ལ་ཐེ་བྱུས་མི་འབྱུང་ཆེད་དབྱིན་ཇིས་བོད་ལ་ཐད་ཀར་འབྲེལ་བ་བྱེད་རྒྱུ་དེ་བཞག་པ་རེད། རྒྱུ་མཚན་གཅིག་ནི། ཐོག་མའི་ཆིངས་ཡིག་དང་པོ་དང༌། གཉིས་པ་གཉིས་རྒྱ་གར་ནང་གི་དབྱིན་གཞུང་གིས་བཞག་པ་དང༌། གསུམ་པ་ནི། ལོན་ཌོན་ནང་གི་དབྱིན་གཞུང་གིས་བཞག་པར་བརྟེན་ཕན་ཚུན་བྱེད་སྟངས་གསལ་རྟོགས་མ་བྱུང་བ་རེད། རྒྱ་ནག་དང༌། བོད་དབར་ཤར་ཕྱོགས་ཀྱི་འབྲེལ་བ་དེ་ཨིང་ལན་ནང་ལས་རྒྱ་གར་ནང་གསལ་རྟོགས་ཐུབ་པ་ཡོང་དགོས། གང་ལྟར་ཡང༌། ཆིངས་ཡིག་གསར་པ་དེར་བོད་དང༌། རྒྱ་ནག་གཉིས་ཀས་མིང་རྟགས་བཀོད་པ་མེད་སྟབས་བོད་ནས་རྒྱ་ནག་གི་སུད་ཛ་རན་ཀྲིར་ངོས་འཛིན་བྱེད་དོན་ཡོད་པ་མ་རེད། དབྱིན་ཇི་ལྷ་སར་འབྱོར་པ་དེས་ནུས་ཤུགས་ངན་པ་ཞིག་བྱུང་བ་ནི་བོད་ནང་རྒྱ་ནག་གི་དབང་ཤུགས་ཉམས་ཀྱི་ཡོད་པ་གཞི་ནས་རྒྱ་མིས་ཤེས་རྟོགས་བྱུང་བ་དང༌། དབྱིན་ཇི་ཕྱིར་ལོག་རྗེས་བོད་ལ་སྲུང་སྐྱོབ་ཕྲན་བུ་ལས་མེད་པར་རྒྱ་མིའི་གང་འདོད་ལྟར་བཞག་པ་རེད། རུ་སུའི་ཆིངས་ཡིག་དེས་རྒྱ་ནག་གུ་ཡངས་སུ་བཏང་བས་དབྱིན་ཇིས་ཐེ་བྱུས་མི་ཐུབ་པ་བྱུང་ཞིང༌། དེར་བརྟེན་རྒྱ་ནག་གིས་དབྱིན་ཇི་དང་མཉམ་དུ་གྲོས་མཐུན་བཞག་ཡོད་ཀྱང༌། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ཏེ། ཏཱ་ལའི་བླ་མ་ཡང་བསྐྱར་བྲོས་ཕེབས་གནང་དགོས་བྱུང་ཞིང༌། ཐེངས་འདིར་རྒྱ་གར་དུ་དབྱིན་ཇིའི་སྲུང་སྐྱོབ་འོག་ཕེབས་པ་རེད། ༡༩༡༠ ལོ་རྒྱ་མིའི་དམག་དཔུང་ལྷ་སར་འབྱོར་ཀྱང༌། མན་ཇུའི་རྒྱལ་རིགས་མཇུག་རྫོགས་ཉེར་ཡོད་ཅིང༌། ༡༩༡༡ ལོ་རྒྱ་ནག་ཏུ་ངོ་ལོག་བྱུང་སྟེ་བོད་ནང་གི་རྒྱ་མིའི་དཔུང་དམག་ཚོའི་དགོས་མཁོ་ཆད་དེ་རྒྱ་དམག་དམག་དཔོན་ཚོར་ནང་ནས་ངོ་ལོག་བྱུང༌། བོད་ནང་ཡོད་པའི་ཨམ་བན་སོགས་རྒྱ་མི་འཕྲོས་ལྷག་རྣམས་བོད་མིས་མཐར་སྐྲོད་བཏང་སྟེ་བོད་རང་དབང་རང་བཙན་གཙང་མར་གྱུར་པ་རེད། ༡༩༡༢ ནས་ ༡༩༥༠ ལོར་རྒྱ་དམར་གྱིས་བོད་ནང་བཙན་འཛུལ་མ་བྱས་པར་རྒྱ་མི་དང༌། གཞན་སུར་ཡང་བོད་ནང་དབང་ཆ་ཕྲ་མོ་ཙམ་ཡང་མེད། རྒྱ་མིའི་དཔུང་དམག་མཐར་སྐྲོད་སྐབས་ཏཱ་ལའི་བླ་མ་རྒྱ་གར་ནས་ཕྱིར་ཕེབས་ཀྱིས་བོད་འདི་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་གསལ་བསྒྲགས་གནང་ཞིང༌། ཡིག་ཆ་དེ་ལ་སྔར་རྒྱ་ནག་དང་མཆོད་ཡོན་འབྲེལ་སྐབས་སུ་གོང་མས་ཕུལ་བའི་དམ་ཕྲུག་དེ་མིན་པར་བོད་ལྗོངས་ལྷ་མིས་ཕུལ་བའི་གསེར་ཐམ་ཆེན་མོ་ཕབ། སྔར་བོད་ཀྱི་ཡིག་ཆ་འགར་གོང་མའི་བཀའི་ལུང་གིས་ས་སྟེང་ྋརྒྱལ་བསྟན་གྱི་བདག་པོ་ཏཱ་ལའི་བླ་མ་ཞེས་པ་སངས་རྒྱས་ཀྱི་བཀའ་ལུང་གིས་ས་སྟེང་ྋརྒྱལ་བསྟན་གྱི་བདག་པོ་ཞེས་པར་བསྒྱུར་བཅོས་གནང༌། དེ་ལྟར་བོད་དུ་རང་དབང་རང་བཙན་ཐོབ་ཅིང༌། གསལ་བསྒྲགས་བྱས་པའི་རྗེས་སུ་བོད་རྣམས་འཐབ་རྩོད་ལ་ཞེན་ལོག་ཡིད་ཐང་ཆད་དེ་སྔར་ལྟར་གཅིག་པུར་སྡོད་སྟངས་དེར་ཕྱིན་འདུག བར་སྐབས་སུ་རྒྱ་ནག་དང་ཆིངས་ཡིག་གང་ཡང་མ་བཞག་པར་བརྟེན་ང་ཚོའི་དངོས་དོན་གྱི་རང་དབང་རང་བཙན་དེ་གྲོས་མཐུན་རྒྱལ་སྤྱིའི་གནས་སྟངས་ཡོངས་གྲགས་ལྟ་བུར་མ་གྱུར་པ་རེད། ༡༩༡༣ ནང་གནད་དོན་དེ་སྐོར་ལེ་འགྲིགས་གཏན་འཁེལ་ཡོང་ཆེད་དུ་བོད་དང༌། རྒྱ་མིའི་སྐུ་ཚབ་སིམ་ལའི་ཚོགས་འདུར་དབྱིན་ཇིས་འབོད་བསྐུལ་བྱས། སྐུ་ཚབ་གསུམ་པོ་འདྲ་མཉམ་གྱི་ཐོག་ནས་མཇལ་འཛོམས་ཀྱིས་ཡུན་རིང་གོ་བསྡུར་བྱས་རྗེས་ཆིངས་ཟིན་ཞིག་བཟོས་པ་དེའི་ནང་དབྱིན་ཇིས་བོད་མི་ཚོར་ཕྱི་རྒྱ་ཁོངས་ཡིན་ཚུལ་དང༌། རྒྱ་མིར་བོད་ནང་གི་རང་དབང་དགོས་ཚུལ་ལ་འབད་བརྩོན་བྱས་འདུག རྒྱ་ནག་སྐུ་ཚབ་ནས་གྲོས་མཐུན་དེ་ལ་ཐོག་མར་ཁས་ལེན་བྱས་ཀྱང་དེ་རྗེས་རྒྱ་ནག་གཞུང་གིས་མིང་རྟགས་འགོད་རྒྱུ་མིན་ཚུལ་བརྗོད་སྟབས་བོད་དབྱིན་གཉིས་ནས་མིང་རྟགས་བཀོད་ཅིང༌། ཆབས་ཅིག་ཟུར་དུ་གསལ་བསྒྲགས་ཀྱི་ཡིག་ཆ་གཅིག་བཟོས་པ་དེར་རྒྱ་ནག་ནས་ཆིངས་ཡིག་དེར་མིང་རྟགས་མ་བཀོད་པར་དེའི་ནང་གསལ་རྒྱ་ནག་གི་ཐོབ་ཐང་རྣམས་མེད་པའི་བརྗོད་འགོད་བྱས་འདུག གྲོས་མཐུན་དེ་ལ་རྒྱ་ནག་གིས་མིང་རྟགས་བཀོད་མེད་སྟབས་ཁྲིམས་ལུགས་ཐོག་ནས་རྒྱ་ནག་གི་ཁོངས་སུ་ཚུད་པའི་ཁོངས་སྐྱེལ་གང་ཡང་ཡོད་པ་མ་རེད། གནད་དོན་དེ་མུར་བསྡད་རྐྱེན་འདི་སྐོར་གླེང་མོལ་ནམ་བྱུང་ལ་རྒྱ་མིས་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ཚུལ་བརྗོད་ཀྱི་ཡོད་ཀྱང༌། བོད་ནང་རྒྱ་མྀའི་དབང་ཆ་འཛིན་མཁན་གཏན་ནས་མེད། རྒྱ་ནག་དང༌། རི་པིན་གྱི་དམག་འཁྲུག་སྐབས་བོད་ནས་ཐེ་བྱུས་བྱས་མེད་ཅིང༌། དམག་ཆེན་གཉིས་པའི་སྐབས་སུ་ཡང་བོད་བར་གནས་སུ་བསྡད་དེ། བོད་བརྒྱུད་རྒྱ་གར་ནས་རྒྱ་ནག་ཏུ་དམག་མཁོའི་ཡོ་བྱད་གཏོང་ཐབས་བྱས་ཀྱང་བཏང་ཡོད་པ་མ་རེད། དུས་སྐབས་དེར་འཛམ་གླིང་ཕྱིར་བོད་མིའི་རང་དབང་རང་བཙན་ཁུངས་སྐྱེལ་བྱེད་པའི་ལས་ཀ་ཤུགས་ཆེ་བྱས་མི་འདུག དེ་ནི་སྐབས་དེར་དེ་འདྲ་ཞིག་ངེས་པར་མི་དགོས་པ་ལྟ་བུར་མཐོང་གི་ཡོད་འདུག ་འོན་ཀྱང་སྐབས་རེ་རྒྱལ་ཁབ་གཞན་དག་གི་བྱེད་སྟངས་ནས་ཁོང་ཚོས་གནས་སྟངས་དེ་དག་ཁས་ལེན་བྱེད་ཀྱི་ཡོད་པའི་ཁུངས་སྐྱེལ་བྱུང་འདུག་པ་དཔེར་ན། སྤྱི་ལོ་ ༡༩༤༧ ལོར་ནིའུ་ལྡི་ལིར་ཨེ་ཤ་ཡའི་ཡུལ་ཁག་གི་སྐུ་ཚབ་ཚོ་ཚོགས་འདུའི་སྐབས་བོད་ཀྱི་སྐུ་ཚབ་ཕྱིན་ཏེ། བོད་ཀྱི་རྒྱལ་དར་ཡང་རྒྱལ་ཁབ་གཞན་དག་གི་རྒྱལ་དར་དང་མཉམ་དུ་བསྒྲེངས་ཡོད་པ་དང༌། ཐོབ་ཐང་དེ་ཚོའི་སོར་སུས་ཀྱང་རྩོད་གླེང་བྱུང་ཡོད་པ་མ་རེད། ལོ་དེ་གའི་ནང་རྒྱ་གར་རང་བཙན་བྱུང་རྗེས་རྒྱ་གར་གཞུང་གིས་བོད་དུ་སྤྲིངས་ཡིག་ཅིག་ལ་ལན་འདེབས་འདི་ལྟར་བྱས་ཡོད་པ་རེད། གང་ཅིའི་དོན་གནད་སྐོར་གྲོས་མཐུན་གསར་པ་མ་བཞག་བར་ཕྱོགས་གཉིས་ཀས་ད་ཡོད་ཀྱི་འབྲེལ་བ་མུ་མཐུད་འཇོག་རྒྱུར་བོད་གཞུང་ནས་ཁས་ལེན་བྱུང་ན་རྒྱ་གར་གཞུང་དགའ་བོ་ཡོང་རྒྱུ། རྒྱ་གར་དབྱིན་ཇི་རྒྱལ་པོའི་གཞུང་ནས་ཡུལ་ཁག་གཞན་དག་ལ་ཆིངས་ཡིག་གི་འབྲེལ་བ་བྱུང་བ་ཚོར་ཡང་འགྲོ་སྟངས་འདི་རང་ཡིན་ ༡༩༤༨ ལོར་བོད་གཞུང་ཚོང་དོན་སྐུ་ཚབ་པ་རྒྱ་གར། རྒྱ་ནག། ཕ་རན་སི། ཨི་ཊལི། ཨ་རི་སོགས་ལ་བསྐྱོད་སྐབས་ཁོང་ཚོར་བོད་གཞུང་ནས་བཏང་བའི་ཕྱི་བསྐྱོད་ལག་འཁྱེར་ལ་ཡུལ་ཁག་དེ་ཚོ་ཚང་མས་ཁས་ལེན་བྱས་འདུག

ང་ཚོའི་རང་དབང་རང་བཙན་ལོ་ ༢༢ རིང་བོད་ནང་རྒྱ་མིའི་དཔུང་དམག་རྩ་བ་ནས་མེད་ཀྱང༌། ༡༩༣༤ ནང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་སྐུ་གཤེགས་རྗེས་ལྷ་སར་མཆོད་འབུལ་ཞུ་མཁན་རྒྱ་མིའི་སྐུ་ཚབ་འབྱོར་ཞིང༌། མཆོད་འབུལ་ཟིན་རྗེས་སྐུ་ཚབ་ཚོ་ལྷ་སར་བསྡད་འདུག རྒྱུ་མཚན་ནི། རྒྱ་ནག་དང༌། བོད་ཀྱི་ས་མཚམས་སྐོར་འཕྲོས་མོལ་འཕྲོས་བསྡད་རྣམས་འཁྲུན་གཅོད་བྱ་རྒྱུ་ཡིན་ཚུལ་བརྗོད་འདུག འོན་ཀྱང་ལྷ་སར་རྒྱ་མིའི་སྐུ་ཚབ་ཚོའི་གནས་སྟངས་ནི་བལ་པོ་དང༌། དབྱིན་ཇིའི་སྐུ་ཚབ་དང་འདྲ་ཞིང༌། དེ་རྗེས་རྒྱ་གར་ཡང་དེ་བཞིན་རེད།

༡༩༤༩ ལོར་རྒྱ་མི་འཕྲོས་ལྷག་དེ་ཚོ་ཡང་བོད་ནས་ཕྱིར་སྐྲོད་བྱས་འདུག ་དེར་བརྟེན་བོད་ཀྱི་རྒྱལ་རབས་མདོར་བསྡུས་དེ་ལྟར་ལ་གཞིགས་ན། བོད་ནི་སྔར་གྱི་རྒྱལ་ཁབ་ལོགས་སུ་སྡོད་མཁན་ཞིག་ཡིན་པ་དང༌། དུས་རབས་མང་པོའི་རིང་རྒྱ་ནག་དང་ཕན་ཚུན་མཐུན་འབྲེལ་ཡོད་པ་ཞིག་སྟེ། རྒྱ་ནག་ནུས་ཤུགས་ཆེ་ཞིང༌། བོད་ཡུལ་ནུས་ཤུགས་ཞན་པའི་དུས་སྐབས་འགའ་ཤས་ལ་རྒྱ་མིས་བོད་དུ་བཙན་འཛུལ་བྱས་པའི་དུས་སྐབས་བྱུང་བ་བདེན་འབྲེལ་ཡིན་ཀྱང༌། དེ་བཞིན་བོད་ཀྱི་རྒྱལ་རབས་ནང་བལྟས་ན་བོད་ནས་རྒྱ་ནག་ཏུ་བཙན་འཛུལ་བྱས་པ་ཡང་བྱུང་ཡོད། རྒྱ་མིས་བོད་རྒྱ་ནག་གི་ཆ་ཤས་ཡིན་ལུགས་བརྗོད་པ་དེར་རྒྱལ་རབས་ནང་ཁུངས་ལུང་གང་ཡང་མེད། ༡༩༡༢ ནས་དུས་ངན་ ༡༩༥༠ ལོ་བར་བོད་པས་རྒྱལ་ཁབ་གཞན་དག་ལྟ་བུའི་དངོས་དོན་གྱི་རང་དབང་རང་བཙན་ལ་ལོངས་སུ་སྤྱད་ཅིང༌། ཁྲིམས་ལུགས་ཀྱི་གནས་སྟངས་ཀྱང་ ༡༩༡༢ ནང་ཡོད་པ་དེ་བཞིན་རང་ཡོད་པ་དང༌། གནས་སྟངས་དེ་དག་ལ་ཉེ་ཆར་རྒྱལ་སྤྱིའི་ཁྲིམས་དོན་མཁས་པའི་ཚོགས་པས་བརྟག་དཔྱད་ཞིབ་ནན་བྱས་ཡོད་པ་རེད། ཕྲན་གྱི་མཐོང་ཚུལ་ཙམ་མིན་པར། ཕྱོགས་ལྷུང་བྲལ་ཞིང་སྙན་གྲགས་ཅན་གྱི་ཚོགས་པ་དེས། ༡༩༥༩ ལོར་པར་འདེབས་བྱས་པའི་བོད་དང་ཁྲིམས་ལུགས་ཟེར་བའི་སྙན་དེབ་མཉམ་འབྲེལ་རྒྱལ་ཚོགས་སུ་ཕུལ་བ་དེའི་ནང་ཇི་གསལ་བརྗོད་ན། ༡༩༡༢ ནང་རྒྱ་མི་མཐར་སྐྲོད་བྱེད་སྐབས་བོད་ཀྱི་གནས་སྟངས་ནི་དངོས་དོན་གྱི་རང་དབང་རང་བཙན་ཡིན་པར་ངོས་འཛིན་བྱས་ཆོག ཁྲིམས་ལུགས་ཀྱི་ཐོག་ནས་ཀྱང་རྒྱ་ནག་ཁོངས་གཏོགས་ཀྱི་རྣམ་པ་ཟད་པའི་རྒྱུ་མཚན་ནུས་ཤུགས་ཅན་ཡོད་པ་རེད། དེར་བརྟེན་ ༡༩༡༡་༡༩༡༢ ཀྱི་གནས་ཚུལ་དེ་དག་གིས་བོད་ནི་དངོས་དོན་དང༌། ཁྲིམས་ལུགས་གཉིས་ཀའི་ཐོག་ནས་རྒྱ་ནག་ལས་ལོགས་སུ་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡང་བསྐྱར་ཐོན་འདུག་ཅེས་སྙན་སེང་ཞུས་འདུག། །།