ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།

༄༅། །ཁོ་བོ་ལོ་དྲུག་ནས་སློབ་སྦྱོང་འགོ་འཛུགས་བྱས་ཏེ་སློབ་སྦྱོང་བྱེད་སྟངས་ནི་ དུས་རབས་མང་པོའི་གོང་ནས་ཡོད་པའི་བོད་ཀྱི་གནའ་སྲོལ་དང་མཐུན་པར་བྱས་ཤིང༌། དེས་ཁོ་བོ་ཅག་གི་སྤྱོད་ཚུལ་བཟང་པོ་དང༌། བསམ་པའི་ཆུ་ཚད་མཐོན་པོར་གནས་ཐུབ་པ་ལ་ད་བར་ཕན་ནུས་ཆེན་པོ་བྱུང་ཡོད། འོན་ཀྱང་དེང་སང་འཛམ་གླིང་གི་རིག་གནས་གསར་པའི་ཆ་ནས་ཚན་རིག་སོགས་ལག་ལེན་མ་ བྱས་པའི་སྐྱོན་ཕྲན་བུ་ཡོད། དེའི་རྒྱུ་མཚན་ནི་ཉེ་ཆར་མ་གཏོགས་བོད་རང་ཁེ་གཙང་ཟུར་དུ་བསྡད་པ་དེའི་རྐྱེན་རེད།

བོད་མི་རྣམས་ཀྱི་རྩ་བའི་བསམ་པའི་འཁྱེར་སོ་ནི་ཡོན་ཏན་སྣེ་མང་པོའི་ཐོག་བློ་རྒྱ་གོང་མཐོར་གཏོང་རྒྱུའི་འདུན་པ་ཡོད་ཅིང༌། མི་སྐྱའི་སློབ་སྦྱོང་མཐོ་རིམ་ཁག་ནང་ཟློས་གར་འཁྲབ་རྩོམ། སྐར་རྩིས། མངོན་བརྗོད། སྡེབ་སྦྱོར། སྙན་ངག་བཅས་རིག་གནས་ཆུང་བ་ལྔ་ཡོད། དེ་རྣམས་སློབ་སྦྱོང་བྱེད་མཁན་མི་སྐྱ་ཁེ་གཙང་མིན་པར་སེར་མོ་བའི་ནང་ནས་ཀྱང་གོང་ཁོངས་ནས་ཁག་རེ་གཉིས་སློབ་སྦྱོང་བྱེད་ཅིང༌། དེ་ཡང་མང་ཆེས་སྐར་རྩིས་དང༌། སྙན་ངག སྡེབ་སྦྱོར་སོགས་འདེམས་ཀྱི་རེད། ཆོས་བྱེད་དགེ་འདུན་ཁོངས་ཀྱིས་གཙོ་བོར་སློབ་སྦྱོང་བྱེད་པའི་གསོ་བ་རིག་པ་དང༌། སྒྲ་རིག་པ། གཏན་ཚིགས་རིག་པ། བཟོ་རིག་པ། ནང་རིག་པ་སྟེ་དམ་པའི་ཆོས་ཀྱི་མཚན་ཉིད་བཅས་ལ་མཐོ་བའམ། ཆེ་བའི་རིག་གནས་སློབ་ཚན་ལྔ་ཟེར། དེ་ཚོའི་ཁོངས་ནས་མཐའ་མ་དེ་གལ་ཆེ་ཤོས་ཡིན་ཞིང༌། དེ་ལ་ཡང་ནང་གསེས་གྲགས་ཆེ་བར་ཡན་ལག་ཕྱེས་ན། སཾསྐྲྀཏའི་སྐད་དུ། པྲཛྙཱ་པ་ར་མི་ཏ། འདིའི་དོན་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་དང༌། ཡང་གཅིག་ལ། མངྷྱམཀ འདིའི་དོན་དབུ་མའི་ལམ་ཞེས་པ་རྟག་ཆད་ཀྱི་མཐའ་གཉིས་བྲལ་བ། ཡང་བི་ནཱ་ཡ་ཞེས་པ་ཆོས་འདུལ་བ། ཨ་བྷི་དྷརྨ་ཞེས་པ་ཆོས་མངོན་པ། ཡང་པྲ་མ་ཎ་ཞེས་པ་ཚད་མ་རིག་པ་སྟེ་ལྔ་ཡོད། དངོས་འབྲེལ་བྱས་ན་ཚད་མ་རིག་པ་ཙམ་ནང་རིག་པའི་གྲས་མིན་ཡང༌། ཡན་ལག་ལྔའི་ནང་འཇུག་དགོས་པ་ནི་ལམ་དང་ལམ་མ་ཡིན་པ་སོགས་རིག་པས་རྣམ་པར་ཕྱེས་ནས་བསྟན་གྱི་ཡོད་པ་རེད། ཐེག་ཆེན་སྔགས་ཀྱི་ཆོས་སྐོར་རྣམས་གོང་ཁོངས་ཚུད་མེད་པ་དེ་རྣམས་ཟུར་དུ་སློབ་སྦྱོང་བྱ་དགོས། ཆོས་ཀྱི་སློབ་སྦྱོང་མང་ཆེ་བ་གྲྭ་བ་ཚོས་བྱེད་ཀྱི་རེད། ཆོས་ཀྱི་གནད་དོན་དེ་གཏིང་ཟབ་མོ་ཡིན་གཤིས་དོན་རྟོགས་པར་དཀའ་བས་དེ་ལ་སློབ་སྦྱོང་གི་ཐབས་ཤེས་རྣམ་གྲངས་མང་པོ་བྱེད་དགོས།

བོད་ཀྱི་སློབ་སྦྱོང་བྱེད་སྟངས་འདིས་ཕྱིའི་ཤེས་བྱའི་རིག་གནས་ཙམ་མ་ཟད། སེམས་རྒྱུད་ལ་ཡོན་ཏན་གོང་འཕེལ་དུ་འགྲོ་བའི་ཐབས་ཤེས་སྣ་ཚོགས་ཀྱང་ཡོང་ངེས། དང་པོ། ཕྲུག་གུ་ཚོས་ཡི་གེ་འབྲི་ཀློག་སྐབས་དགེ་རྒན་ལ་དཔེ་བལྟས་ཏེ་འབྲི་ཀློག་བྱེད་པ་དེ་སྤྱི་སྲོལ་རེད། གཉིས་པ། བསླབས་ཟིན་རྣམས་དྲན་གསོ་གཏོང་ཆེད་དཔེ་ཆ་བློ་འཛིན་བྱེད་དགོས་མང་པོ་ཡོད། གསུམ་པ། དེའི་དོན་འགྲེལ་བཤད་བྱེད་པ་ཡིན། དེ་ནི་འཛམ་གླིང་གང་སར་བེད་སྤྱོད་བྱེད་པ་ལྟར་རེད། དགོན་པ་འགའ་ཤས་ཀྱི་སློབ་ཕྲུག་རྣམས་ལ་སློབ་སྟངས་དེ་གའི་ཐོག་ནས་སློབ་ཀྱི་རེད། འོན་ཀྱང་དགོན་པ་མང་པོར་སློབ་ཕྲུག་དང༌། དགེ་རྒན་དབར་ཆོས་ཀྱི་རྩོད་པའམ། གནད་དོན་འདྲི་བརྩད་ཀྱི་ཐོག་ནས་སློབ་སྦྱོང་བྱེད། མཐར་སྒོམ་བརྒྱབ་སྟེ་སེམས་གཞན་དུ་གཡེང་བ་སྤོང་བའི་ཏིང་འཛིན་དང༌། ལྷག་མཐོང་སོགས་ཆོས་ཀྱི་སློབ་སྦྱོང་མཐཱུ་རིམ་ཚོ་བྱེད་ཀྱི་རེད། ངོས་ནས་ཀྱང་བོད་ཀྱི་ཕྲུག་གུ་མང་ཆེའི་སྤྱི་སྲོལ་བཞིན་ཐོག་མར་ཡི་གེ་འབྲི་ཀློག་འགོ་བཙུགས་པ་ཡིན། སྤྱིར་བཏང་ཕྲུག་གུ་ཆུང་དུས་སུ་ལེ་ལོའི་བསམ་པ་ཡོད་པ་བཞིན་ང་ལ་ཡང་བསམ་པ་དེ་བྱུང༌། དགེ་རྒན་མཉམ་དུ་ཡོད་པ་དང༌། དཔེ་ཆ་ལ་བལྟ་རྒྱུར་ཧ་ཅང་དགའ་བོ་མེད་མོད། འོན་ཀྱང་ང་རང་གི་སློབ་སྦྱོང་རྣམས་དགེ་རྒན་བཤེས་གཉེན་གྱི་ཐུགས་འདོད་ཁེངས་པའི་གང་ལེགས་བྱས་པ་ཡིན། སློབ་སྦྱོང་གི་སྒྲིག་ལམ་ལ་གོམས་འདྲིས་བྱུང་སྟབས་དགེ་རྒན་ཚོའི་གཟིགས་ཚུལ་ལ་ངས་སྤྱིར་བཏང་ལས་མགྱོགས་པར་ཤེས་ཐུབ་པ་གཟིགས་ཀྱི་ཡོད་འདུག

བོད་ཀྱི་ནང་ཡི་གེ་འབྲི་སྟངས་བཞི་ཡོད་པ་རེད། ཐོག་མར་ལོ་གཉིས་ནང་ཡོངས་འཛིན་བགྲེས་གཞོན་རྣམ་གཉིས་ཀྱི་སྐུ་མདུན་ནས་དབུ་ཅན་ཀློག་སློབ་རྒྱུ་དང༌། ཉིན་ལྟར་དཔེ་ཆ་བློ་འཛིན་དང༌། ཆུ་ཚོད་གཅིག་ཙམ་དཔེ་ཆ་ཀློག་རྒྱུ་བཅས་བསླབས་ཤིང༌། དེ་ནས་ལོ་བརྒྱད་ཐོག་སྤྱིར་བཏང་གི་ཡི་གེ་དབུ་མེད་བསླབ་པ་ཡིན། དེའི་དགེ་རྒན་ནི། མདོ་ཁམས་ནས། ང་ཚོ་ལྷ་སར་བསུས་ཏེ་མཉམ་དུ་ཕེབས་མཁན་མཁྱེན་རབ་བསྟན་འཛིན་ཞེས་པ་སེར་མོ་བའི་དཔོན་རིགས་ཤིག་རེད། ཁོང་ཐུགས་གཤིས་བཟང་ཞིང༌། ཕྲུག་གུ་ཆུང་ཆུང་ལ་སློབ་སྟོན་མཁས་པོ་ཡོད་པ་མ་ཟད། བོད་ཀྱི་སྔར་སྲོལ་སློབ་སྟངས་ཐོག་ནས་སློབ་སྟོན་གནང་གི་ཡོད། སྦྱང་ཤིང་ལ་ས་དཀར་བརྡབས་ཏེ་དེའི་སྟེང་དགེ་རྒན་ནས་སྐམ་བྲིས་གནང་ཐོག་ངས་སྣག་ཚས་འབྲི་དགོས། ཐོག་མར་ཡིག་གཟུགས་ཆེན་པོ་དང༌། དེ་ནས་ཇེ་ཆུང་དུ་བཏང་སྟེ། རྗེས་མ་ནས་དགེ་རྒན་གྱིས་སྦྱང་ཤིང་ཐོད་དུ་འབྲི་གནང་དེར་དཔེ་བལྟས་ཏེ་ངས་གཤམ་དུ་འབྲི་དགོས་ཀྱི་ཡོད། ཡིག་གཟུགས་ཡག་པོ་ཡོང་ཆེད་ཟླ་བ་བརྒྱད་ཙམ་སྦྱང་ཤིང་ལ་བྲིས་ཤིང༌། དེ་ནས་ཤོག་བུར་འབྲི་རུ་འཇུག་གནང་མཛད། དེ་རྗེས་ཡོངས་འཛིན་སྐུ་གཞོན་ཁྲི་བྱང་རིན་པོ་ཆེ་ནས་དག་ཡིག་དང༌། སུམ་རྟགས་སློབ་འཁྲིད་གནང་སྟེ། བོད་ཡིག་སློབ་སྦྱོང་དེ་རྣམས་ཚང་མར་ལོ་ལྔ་ཙམ་འགོར། དེའི་རིང་ལའང་རྒྱུན་དུ་སྔ་དགོང་དཔེ་ཆ་སློབ་སྦྱོང་བྱེད་དགོས་ཀྱི་ཡོད་དེ། སློབ་སྦྱོང་དངོས་གཞི་ནི་ཆོས་ཀྱི་སློབ་སྦྱོང་ཡིན་པ་མ་ཟད། ཡི་གེ་འབྲི་ཀློག་བྱེད་པ་ཆོས་ཀྱི་སློབ་སྦྱོང་གི་སྔོན་འགྲོའི་ཆ་ཤས་ལྟ་བུར་གྱུར།

ང་ལོ་བཅུ་གཉིས་ལ་མ་སླེབ་པར་མཚན་ཉིད་རིག་པའི་ཆོས་ཀྱི་སློབ་སྦྱོང་དངོས་གཞི་དེ་འགོ་ཚུགས་པ་རེད། དེ་སྐབས་ཐོག་མར་མ་སྒྱིད་པ་ཕྲན་བུ་བྱུང༌། སྔོན་དུ་ལོ་དྲུག་ལ་སླེབས་སྐབས་ཀྱི་ལེ་ལོ་ལས་ཀྱང་ཕྲན་བུ་ཤུགས་ཆེ་ཙམ་བྱུང་ཡང༌། རིམ་པས་གོམས་འདྲིས་ཀྱིས་ནམ་ཞིག་ནས་སློབ་སྦྱོང་ལ་དཀའ་ངལ་མེད་པ་ཞིག་ཏུ་གྱུར། དེ་ནས་མཐོ་རིམ་གྱི་སློབ་སྦྱོང་དང༌། བློ་ལ་འཛིན་རྒྱུ། དེ་སྐོར་གོ་བསྡུར་བྱེད་རྒྱུ། སློབ་གཉེར་བ་མཁས་པ་གཞན་དང་ཆོས་ཀྱི་གནད་དོན་དྲི་བ་དྲིས་ལན་གྱི་བགྲོ་གླེང་སོགས་བྱེད་དགོས་པ་རེད། ངས་ཐོག་མར་པྲཛྙཱ་པ་ར་མི་ཏ་ཞེས་པ་ཕར་ཕྱིན་ནས་སློབ་སྦྱོང་གཙོ་བོར་འགོ་བཙུགས་ཤིང༌། དེའི་སྐོར་ལ་འགྲེལ་པ་དཔེ་ཆ་པོ་ཏི་སུམ་ཅུ་ལྷག་ཙམ་ཡོད་པར་བརྟེན་དགོན་པ་ཚོའི་མཐོ་རིམ་སློབ་གཉེར་བ་ནས་དཔེ་ཆ་དེའི་ཁྲོད་ནས་འདེམས་ཀྱི་རེད། ངོས་ནས་རྩ་བ་གཞིར་བཟུང་རྒྱུ་དང༌། དེའི་འགྲེལ་པ་རྒྱ་གར་གྱི་པཎྜི་ཏ་སེངྷ་བྷ་དྲའམ། སེངྒེ་བཟང་པོ་ནས་བརྩམས་པ་འགྲེལ་པ་དོན་གསལ་དང༌། རྒྱལ་དབང་སྐུ་ཕྲེང་ལྔ་པས་ལྗགས་རྩོམ་མཛད་པ་ཤོག་གྲངས་སུམ་བརྒྱ་གཉིས་བྱས་པ་ཕར་ཕྱིན་བློ་བཟང་དགོངས་རྒྱན་བཅས་གདམས་པ་ཡིན། དེ་ནས་བཟུང་ཉིན་རེ་དཔེ་ཆ་ཤོག་ལྷེའི་གསུམ་ཆ་གཅིག་བློ་འཛིན་ཐོག དེ་ལས་མང་བའི་དཔེ་ཀློག་དང༌། གོ་དོན་རྟོགས་ཐུབ་པ་བྱེད་དགོས་ཀྱི་ཡོད། དེའི་ཞོར་དུ་ཚད་མ་རིག་པ་དང༌། རྩོད་པའི་རིག་ལམ་སློབ་དགོས། དེའི་སྐོར་རོགས་རམ་བྱེད་མིར་གདན་ས་གསུམ་གྱི་གྲྭ་ཚང་བདུན་ནས་སློབ་གཉེར་པ་མཁས་པ་མི་བདུན་གདམས་ཡོད་པ་རེད།

མེ་ཕག་ཟླ་བརྒྱད་པར་ང་ལོ་བཅུ་གསུམ་ལྷག་ཙམ་སོན་སྐབས་འབྲས་སྤུངས་དང༌། སེ་ར་དགོན་པ་གཉིས་ལ་སྒྲིག་ཞུགས་བྱས། དེའི་སྐབས་ལ་དགོན་པ་གཉིས་པོའི་སློབ་གཉེར་གྲྭ་ཚང་ཁག་ལྔ་ལ་བསྐྱོད་དེ་ཆོས་ཀྱི་རྩོད་པ་བྱེད་སྐབས་ངའི་རྩོད་ཟླ་གྲྭ་ཚང་སོ་སོའི་མཁན་པོ་ནས་བྱས་ཏེ། དེར་ཆོས་ཀྱི་མཁས་པ་བརྒྱ་ཕྲག་མང་པོ་དང༌། གྲྭ་པ་སྟོང་ཕྲག་མང་པོ་ཚོགས་ཡོད། ཚོགས་མང་སར་གཞུང་ཆེན་ལ་རྩོད་པ་བྱེད་པའི་ཐོག་མ་ཡིན་སྟབས་འཚེར་བ་དང༌། སེམས་འཚབས་པ་སོགས་ཀྱི་སེམས་ངལ་ཕྲན་བུ་བྱུང༌། ཡིན་ནའང་རྗེས་སུ་བླ་མ་མཁས་པ་ཚོས་དེའི་སྐབས་ངས་ཁོང་ཚོའི་འདོད་པ་ཁེངས་པ་བྱས་སོང་ཞེས་གསུང་གི་འདུག

དཔེ་དེབ་འདི་དག་གཟིགས་མཁན་ཆོས་ལུགས་གཞན་རྣམས་ལ་ངའི་ཆོས་ཀྱི་སློབ་སྦྱོང་བྱེད་ཚུལ་འདིར་ད་དུང་མུ་མཐུད་དེ་གཟིགས་རོགས་གནང་ཞུ་རྒྱུ་མིན། གང་ཡིན་ཟེར་ན སངས་རྒྱས་ཀྱི་ཆོས་འདི་བསམ་ཚུལ་ཙམ་མིན་པར་རིག་ལམ་ལ་བརྟེན་དགོས་པ་ཞིག་རེད། ནང་རིག་པའི་སྐོར་པོ་ཏི་སྟོང་ཕྲག་མང་པོ་ཡོད་ཀྱང༌། ངས་བརྒྱ་སྐོར་ཙམ་ལས་སློབ་སྦྱོང་བྱེད་མ་ཐུབ། འོན་ཀྱང་དཔེ་དེབ་འདིའི་ཁ་སྣོན་ལ་ངས་ནང་པའི་ཆོས་ཀྱི་གནས་ཚུལ་ཕྲན་བུ་བཀོད་ཡོད། ང་ལོ་བཅུ་གསུམ་ཙམ་ལ་ཤུགས་ཆེའི་མཐོ་རིམ་སློབ་སྦྱོང་ཐོག་མར་བྱེད་སྐབས་གོ་རྟོགས་དཀའ་ཙམ་བྱུང་ནའང༌། དེ་ནས་ཉིན་ཁ་ཤས་རྗེས་ལ་སྔར་གྱི་སློབ་སྦྱོང་ནང་བཞིན་དཀའ་ངལ་མེད་པ་དང་གསལ་དུ་ཕྱིན་སོང༌། གོམས་ན་སླ་བར་མི་འགྱུར་བའི། དངོས་དེ་གང་ཡང་ཡོད་མ་ཡིན། ཞེས་རྒྱ་གར་གྱི་མཁས་པ་ཞི་བ་ལྷས་ཇི་སྐད་གསུངས་པ་དེ་ང་རང་གི་ཉམས་མྱོང་ཐོག་ནས་དེ་ག་ཡིན་པ་ཤེས་རྟོགས་བྱུང༌། སློབ་ཚན་གཞན་དག་སློབ་སྦྱོང་བྱེད་སྐབས་ཀྱང་རིམ་པས་དཀའ་ངལ་མེད་པ་ཡོང་གི་འདུག དེར་བརྟེན་ད་དུང་དེ་ལས་མང་བ་ཤེས་འདོད་དང༌། ངེད་རང་གི་སྐབས་བབས་ཀྱི་སློབ་སྦྱོང་ལས་ལྷག་པ་བྱེད་ཐུབ་པའི་སྤོབས་པ་བསྐྱེད་དེ། ད་དུང་དེ་ལས་ལྷག་པའི་སློབ་ཚན་གཞན་ཡང་དགེ་རྒན་ལ་སློབ་རོགས་གནང་ཞུ་འདོད་བྱུང་།

རང་གི་སེམས་ཤུགས་ཆེ་རུ་འགྲོ་སྐབས་ཆོས་ཀྱི་དག་སྣང་ཡང་དེ་བཞིན་ཆེ་རུ་འགྲོ་བ་བྱུང་སྟེ་སློབ་སྦྱོང་གི་རིམ་པ་རེ་རེ་བཞིན་རིམ་འཛེགས་བྱ་རྒྱུའི་གྲ་སྒྲིག་གིས་ལོ་བརྒྱད་ཙམ་ལ་སོན་སྐབས་སེམས་རྒྱུད་ལ་ཆོས་ལ་དད་གུས་ཀྱི་ནུས་ཤུགས་ཐོབ་པ་དེ་གསལ་པོ་དྲན་གྱི་འདུག སྐབས་དེར་ཞི་བ་དང༌། བདེ་བའི་སྣང་བ་ཆེན་པོ་བྱུང༌། དེ་རྗེས་ཐོས་བསམ་གྱི་སྐབས་ཕལ་ཆེ་བར་རང་རྒྱུད་ལ་ཆོས་ཀྱི་བྲོ་བ་མྱོང་བཞིན་པའི་ཐོག་ཆོས་ལ་ཡིད་ཆེས་དང༌། དད་པ་ཇེ་འཕེལ་དུ་སོང་སྟེ་ལམ་མ་ནོར་བ་དང༌། ཁུངས་བཙན་ཤོས་དེ་ཡིན་པའི་ཡིད་ཆེས་བྱུང༌།

ཉམས་མྱོང་རྣམས་གོམས་འདྲིས་བྱུང་སྟེ་ལོ་བཅོ་ལྔ་ཙམ་སླེབས་སྐབས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་མོས་གུས་ཀྱི་སྣང་བ་འཆར་བ་མ་ཟད། རྒྱ་གར་འཕགས་ཡུལ་གྱི་མཁས་པ་རྣམས་ནས་བོད་ལ་ཟབ་མོའི་ཆོས་ཕངས་མེད་དུ་བསླབས་པ་དང༌། དེ་རྣམས་བོད་ཀྱི་མཁས་པ་རྣམས་ཀྱིས་བོད་ཡིག་ལ་བསྒྱུར་ཏེ་ཉར་ཚགས་ཐུབ་པ། གཞན་ཡང་དགེ་བའི་བཤེས་གཉེན་གོང་མ་རྣམས་ཀྱི་བཀའ་དྲིན་དེ་རྣམས་གཞལ་མི་ནུས་པའི་བུ་ལོན་ཞིག་སྤྲོད་རྒྱུ་བསྡད་པ་ལྟ་བུར་གསབ་དཀའ་བ་རེད་བསམ་པ་བྱུང༌། དེ་ནས་བཟུངས་རང་དོན་གྱི་བསམ་པ་མིན་པར་གཞན་དོན་གྱི་བསམ་བློ་ཆེས་མང་པོ་བཏང་སྟེ་བྱམས་སྙིང་རྗེ་སྒོམ་ཚུལ་རྣམས་ཕྲན་བུ་ཤེས་རྟོགས་བྱུང༌། ཆོས་ཀྱི་ཡིད་ཆེས་དེ་ཡར་རྒྱས་འགྲོ་སྐབས་གཞན་གྱི་རིག་གནས་དང༌། ཆོས་ཀྱི་བགྲོ་གླེང༌། བློ་འཛིན་བྱ་རྒྱུ། གཞན་ཡང་ཉམས་ལེན་བྱ་རྒྱུའི་རིགས་ཇེ་རྒྱས་སུ་འགྲོ་ཐུབ་པའི་སྤོབས་པ་ཆེན་པོ་བསྐྱེད་བྱུང༌།

སྲིད་དོན་གྱི་འགན་ལེན་བྱ་དགོས་བྱུང་བས་མཁས་པ་གཞན་ལྟ་བུར་ཚེ་གཅིག་ལ་སངས་རྒྱས་ཐོབ་པའི་ཐོས་བསམ་སྒོམ་པ་གཤའ་མ་མུ་མཐུད་ཀྱིས་བྱེད་ཐུབ་མ་བྱུང་མོད། འོན་ཀྱང་ལོ་བཅུ་གསུམ་རིང་ཆོས་ཀྱི་སློབ་སྦྱོང་མི་དམན་ཙམ་བྱེད་ཐུབ་བྱུང༌། ལོ་ཉི་ཤུ་རྩ་བཞི་སོན་སྐབས་གདན་ས་ཆེན་པོ་ཚོས་སློབ་གཉེར་བ་རྣམས་ཀྱི་དབུས་སུ་ཆོས་ཀྱི་རྒྱུགས་ཐོག་མ་དེ་ཕུལ་བ་ཡིན།

ཆོས་ཀྱི་རྒྱུགས་སྤྲོད་འདིའི་སྐབས་གདན་ས་ཆེན་པོ་སོ་སོའི་མཁས་པ་མང་པོ་འདུས་པའི་དབུས་སུ་གཞུང་ཆེན་བཀའ་པོད་ལྔའི་བགྲོ་གླེང་བྱེད་དགོས་པ་དེའི་མཛད་སྒོ་དང་ལུགས་སྲོལ་དེ་རྒྱས་སྤྲོས་མེད་པའི་སྟབས་བདེ་བོ་ཞིག་ཡིན་ཀྱང་གཟི་བརྗིད་ཆེས་ཆེན་པོ་ཡོད་པ་ཞིག་སྟེ། དེའི་སྐབས་སློབ་གཉེར་མཁས་པ་མང་པོས་མི་རེ་རེས་གཞུང་ཆེན་ལྔའི་ཁོངས་ནས་རང་རང་བློ་འདོད་བཞིན་གདམ་ག་བྱས་ཏེ་རིམ་པ་བཞིན་དྲི་བ་བྱུང་སྐབས་སངས་རྒྱས་ཀྱིས་གསུངས་པའི་མདོའི་ནང་ཡོད་པ་དང༌། རྒྱ་བོད་མཁས་པ་རྣམས་ཀྱིས་གསུངས་པ་བཅས་ཀྱི་དགོངས་དོན་དང་མ་འཛོལ་བའི་ལན་སྐབས་འཕྲལ་ངག་ཐོག་ནས་འདེབས་ཐུབ་པ་བྱེད་དགོས། དེ་སྐབས་ང་ལ་རྩོད་ཟླ་མཁས་པ་བཅོ་ལྔ་ཡོད་པ་མི་གསུམ་རེ་ནས་གཞུང་བཀའ་པོད་རེའི་ཐོག་ནས་དཀའ་གནད་ཚིག་བཟང་རིགས་འདྲི་རྩོད་བྱུང་སྐབས་དེ་དག་ལ་རེ་རེ་བཞིན་ལན་བཏབ་ནས་གཞུང་གི་དགོངས་དོན་འགལ་མེད་དུ་བཟུང་བ་དང༌། དེ་རྗེས་མཁན་པོ་མཁས་པ་གཉིས་ལ་ཕར་རྟགས་བསལ་བཏང་སྟེ་གཞུང་དོན་གཏན་ལ་འབེབས་པ་བཅས་བྱེད་དགོས། རྩོད་གླེང་དེ་བྱེད་སྟངས་ལག་པས་ཐལ་མོ་བརྡབས་ཏེ་སེམས་ནས་དགག་བཞག་སྤོང་གསུམ་གྱི་ལུང་རིགས་ལུ་གུ་རྒྱུད་དུ་སྦྲེལ་བའི་རིག་རྩལ་ཤིན་ཏུ་བསྒྲིམས་དགོས་པ་ཡིན།

དེ་ནས་ལོ་ངོ་གཅིག་གི་རྗེས་ལ་ངས་ཆོས་ཀྱི་རྒྱུགས་མཐའ་མ་དེ་སྤྲད་པ་རེད། དེ་ནི་ལྷ་ས་སྨོན་ལམ་ཞེས་པ་ལོ་ལྟར་ཟླ་དང་པོ་ནང་ཚོགས་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཆེན་སྐབས་གདན་ས་མང་པོའི་མཁས་པ་དང༌། དགེ་འདུན་སྟོང་ཕྲག་མང་པོ་འཛོམས་པའི་དབུས་སུ་སྔ་དགོང་དགུང་གསུམ་ལ་ཚོགས་ཐེངས་གསུམ་གྱི་རིང་བརྒལ་བརྟག་རྒྱུགས་སྤྲོད་བྱ་དགོས། སྔ་དྲོ་སློབ་གཉེར་བ་མཁས་པ་སུམ་ཅུ་ཙམ་ནས། པྲ་མ་ཎ་སྟེ། ཚད་མའི་སྐོར་རྟགས་བསལ་བཏང་བ་དང༌། དགུང་ཚིགས་ལ་སློབ་གཉེར་བ་བཅོ་ལྔ་ནས། མངྷྱ་མ་ཀ་སྟེ། དབུ་མའི་སྐོར་དང༌། པྲཛྙཱ་པ་ར་མི་ཏ་སྟེ། ཕར་ཕྱིན་གྱི་སྐོར། དགོང་དྲོ་མཁས་པ་སུམ་ཅུ་སོ་ལྔ་ནས། བི་ནཱ་ཡ་སྟེ། དམ་པའི་ཆོས་འདུལ་བ་དང༌། ཨ་བྷི་དྷརྨ་སྟེ། ཆོས་མངོན་པ་བཅས་ཀྱི་སྐོར་ལ་བརྒལ་བརྟག་རྩོད་པ་བྱས་ཤིང༌། གདན་ས་མང་པོའི་མཁས་པ་ན་བཟའ་དམར་སེར་བཞེས་པ་བརྒྱ་ཕྲག་མང་པོ་དང༌། དེའི་དབུས་སུ་ངའི་ཡོངས་འཛིན་རྣམ་གཉིས་ཀྱང་ཕེབས་ཡོད་ཅིང༌། དེ་བཞིན་དགེ་འདུན་སྟོང་ཕྲག་མང་པོས་སྙན་གསན་ཏེ་བཞུགས་ཡོད་པ་རེད། དེ་སྐབས་གཞུང་དོན་དཀའ་གནད་ཆེ་ས་ཚོའི་སྐོར་ལ་ཧ་ཅང་བསམ་བློ་མང་པོ་གཏོང་དགོས་པ་དང༌། དྲི་བ་ཚོར་ལན་ལམ་སེང་རྒྱག་དགོས་པའི་རྐྱེན་གྱིས་དཀའ་ངལ་ཆེན་པོ་བྱུང་ཞིང༌། རྩོད་པ་དེ་ཚོ་ཆུ་ཚོད་མང་པོའི་བར་རྒྱག་དགོས་ཀྱང༌། ངེད་རང་གི་སྣང་ངོར་ཡུད་ཙམ་ལ་རྫོགས་པ་ལྟ་བུ་བྱུང༌། དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་ལ་སློབ་སྦྱོང་ལོ་མང་པོ་བྱས་ཏེ་མཁས་པ་མང་པོའི་དབུས་སུ་རྒྱུགས་སྤྲོད་ཐུབ་པ་སོགས་ཀྱིས་དགའ་སྤྲོའི་སྤོབས་པ་ཆེན་པོ་སྐྱེས་བྱུང༌། འོན་ཀྱང་སློབ་གཉེར་མུ་མཐུད་བྱས་ཀྱང་སངས་རྒྱས་ཀྱི་གོ་འཕང་མ་འཐོབ་ཀྱི་བར་དུ་ཆོས་ཀྱི་མཐའ་ཐུག་རྒྱུ་ཡོད་པ་མིན་སྙམ་པ་འདུག ཆོས་ཀྱི་སློབ་སྦྱོང་བྱས་ནས་བཟུང་ངའི་བསམ་ཚུལ་བཏང་སྙོམས་ལྟ་བུར་གྱུར་ཞིང༌། སྤྱིར་བཏང་རང་ཉིད་ལ་སྡུག་བསྔལ་གྱིས་ནོན་པའི་སྐབས་ཆོས་ཀྱི་ཆེ་བར་ཡིད་ཆེས་རྙེད་ཐུབ་པ་དང༌། དཀའ་ཐུབ་ཀྱི་སྒོ་ནས་ཆོས་ཉམས་ལེན་བྱེད་མུས་ཤིག་ཡིན་ན་སྡུག་བསྔལ་གང་འདྲ་ཡིན་ཡང་ཆོས་ཀྱི་མཐུས་བཟོད་སྲན་ཐུབ་ཀྱི་ཡོད་པ་འདྲ། ཆོས་ལ་ངེས་ཤེས་མེད་པའི་མི་ཞིག་ཡིན་ན་སྡུག་བསྔལ་གྱིས་ནོན་པའི་སྐབས་རང་ཉིད་ངལ་བ་སྨོས་མེད་ཐོག་གཞན་ལའང་སྡུག་བསྔལ་སྐྱེ་བའི་རྒྱུ་སྒྲུབ་ཅིང༌། འགྲོ་བ་མིའི་རིགས་རྣམས་དང༌། སྲོག་ཆགས་དུད་འགྲོ་ཚུན་རིས་མེད་སེམས་ཅན་ཚང་མར་དངོས་འབྲེལ་བརྩེ་སེམས་སྐྱེ་བ་ནི་ཆོས་ལ་ཉམས་ལེན་བྱས་ན་མ་གཏོགས་མི་འབྱུང་ཞིང༌། ཆོས་ཞེས་མིང་ཐ་སྙད་གང་འདྲ་ཞིག་བཤད་ཀྱང༌། རྩ་བ་སེམས་ལ་བདེ་བ་དང༌། འགྲོ་བ་ཚང་མར་ཞི་བདེ་ཡོང་ཐབས་བྱེད་པ་དེ་རང་ཡིན། སེམས་ལ་བདེ་བ་མེད་ན་འཛམ་གླིང་ནང་རྒྱལ་ཁབ་ཕན་ཚུན་དང༌། མི་གཞན་ཕན་ཚུན་བཅས་སུ་འབྲེལ་བ་གང་བྱས་ཀྱང་ཞི་བདེ་ཡོང་ཐུབ་པ་དཀའ།

ཆོས་ཀྱི་ཡིད་ཆེས་དང༌། ང་ཏཱ་ལའི་བླ་མ་ཡིན་པའི་གནས་སྟངས་སྐོར་མདོར་བསྡུས་ཤིག་ཞུ་ན། ང་ཚོར་མི་འདོད་པའི་སྡུག་བསྔལ་བྱུང་བའི་སྐབས་སུ་ངས་གང་བྱས་པ་དང༌། ངའི་མི་མང་གིས་གང་བྱས་རུང་ཆོས་ལ་ཡིད་ཆེས་ཡོད་པའི་བདེན་སྟོབས་ཀྱི་ནུས་ཤུགས་ཆེན་པོ་ཞིག་ངེས་པར་དུ་ཡོང་བ་ཡིན་ཀྱང༌། ནང་པའི་ཆོས་ཀྱི་གནས་ལུགས་སྐོར་ཚིག་ཁ་ཤས་ཀྱི་ཐོག་ནས་གསལ་པོ་ཞུ་ཐུབ་པ་དཀའ་གཤིས། དེས་ན་ནང་པའི་ཆོས་ཀྱི་གནས་ལུགས་མ་མཁྱེན་པ་ཚོར་ངས་སྤྱིར་བཏང་ཙམ་མ་གཏོགས་བརྗོད་རྒྱུ་མིན།

ང་ཚོས་རྒྱུ་མཚན་ཁུངས་དག་གིས་ཡིད་ཆེས་བྱེད་བཞིན་པ་ནི། མི་དང་སྲོག་ཆགས་ཇི་འདྲ་ཞིག་ཤི་རུང་སླར་སྐྱེ་བ་ལེན་པ་དང༌། སྐྱེ་བ་འདིར་ལེགས་ཉེས་བདེ་སྡུག་གང་འདྲ་བྱུང་བ་དེ་སྐྱེ་བ་སྔོན་མ་ལེགས་ཉེས་གང་བསགས་པའི་འབྲས་བུར་བརྟེན་ནས་བྱུང་ཞིང༌། ད་ལྟའི་སྐྱེ་བ་འདི་གའི་ལས་གསོག་སྟངས་ཀྱིས་ཕྱི་མའི་བདེ་སྡུག་དེར་འགྱུར་བ་གང་ཡང་བཟོ་ཐུབ་པ་འདི་ལ་ལས་སམ། ཀརྨ། ཞེས་ཟེར། དེས་དུད་འགྲོ་ནས་མི་དང༌། མི་ནས་དུད་འགྲོར་སྐྱེ་བ་སོགས་ཡོང༌། སྡུག་ཀུན་ཞི་བའི་ཐར་པ་ཐོབ་དུས་འཁོར་བར་སྐྱེ་བའི་རྒྱུན་ཆད་པ་རེད། ནིརྦཱཎ། ཞེས་པ་ཐར་པ་ལའང་མཐོ་དམའ་རིམ་པ་མང་པོ་ཡོད་ཅིང༌། དེའི་ནང་ནས་མཐོ་ཤོས་སངས་རྒྱས་ཀྱི་གོ་འཕང་ཡིན། སྐྱེ་བ་སྔ་ཕྱིར་ཡིད་ཆེས་བྱུང་ན་ཚང་མར་བྱམས་བརྩེའི་སེམས་སྐྱེ་ཐུབ། སྐྱེ་བ་སྔོན་མ་རྣམས་སུ་སེམས་ཅན་རྣམས་རང་གི་ཕ་མ་སྤུན་གྲོགས་སུ་མ་གྱུར་པ་འགའ་ཡང་མེད། དེས་དཀའ་ཐུབ་དང༌། བཟོད་པ། སྦྱིན་པ། བྱམས་པ། སྙིང་རྗེ་བཅས་ཀྱང་འདྲེན་ཐུབ། སྤྲུལ་སྐུ་རྣམས་ནི་རིམ་པ་མཐོ་བ་སངས་རྒྱས་ཏེ བུངཔྱ་དང༌། རིམ་པ་དམའ་བ་བྱང་ཆུབ་སེམས་དཔའ་སྟེ། བོ་དྷི་སཏྭ། འདི་གཉིས་ལས་བྱུང་བ་ཡོད། ཡང་ན། ཐར་པ་ཐོབ་པ་དང༌། མ་ཐོབ་པའི་ཉན་རང་མི་སློབ་པ་དང༌། སློབ་པ་ནས་ཀྱང་འབྱུང་སྲིད། སྤྲུལ་སྐུ་ཚོས་སེམས་ཅན་རྣམས་སངས་རྒྱས་ཀྱི་ས་ལ་འཁྲིད་མཁན་གྱི་རོགས་ལྟ་བུར་བརྟེན་སེམས་ཅན་རྣམས་ལ་ཕན་སེམས་ཀྱིས་སྐྱབས་རོགས་བྱེད་ཐུབ་ན། སྤྲུལ་སྐུ་རང་ཉིད་སངས་རྒྱས་ཀྱི་ས་འཐོབ་པར་ཡང་ཕན་ཐོགས་ཡོད། སངས་རྒྱས་ཚོས་སྤྲུལ་སྐུར་སྐྱེ་བ་བཞེས་པ་དེ་སེམས་ཅན་གཞན་ལ་མགོན་སྐྱབས་བྱེད་པའི་དོན་ཁོ་ན་མ་གཏོགས་མེད་ཅིང༌། འཛམ་གླིང་ནང་སྐྱེ་བའི་དུས་ཚོད་སྐབས་སུ་བབས་ན་སངས་རྒྱས་ཚོ་སྐྱེ་བ་བཞེས་ཀྱི་རེད། དེ་ཡང་སངས་རྒྱས་ལོངས་སྐུ་རང་སྣང་གི་ཞིང་ཁམས་སོ་སོར་བཞུགས་ཏེ་དེའི་སྤྲུལ་པ་ཞིག་གིས་སྐྱེ་བ་འཛིན་པ། དཔེར་ན། ནམ་མཁའ་དྭངས་པོའི་དབྱིངས་ནས་ཟླ་བ་ནམ་མཁར་གནས་བཞིན་དུ་འབད་རྩོལ་མེད་པར་ས་སྟེང་ཆུ་སྣོད་དུ་མའི་ནང་དུ་ཅིག་ཅར་དུ་ཟླ་གཟུགས་སྣང་བ་བཞིན་སངས་རྒྱས་ཀྱིས་ཀྱང་ཞིང་ཁམས་དུ་མར་སྐྱེ་བ་མང་པོ་འཛིན་ཐུབ་པ་ཡིན། དེ་ལྟར་སྐྱེ་སྤྲུལ་དེ་ཚོས་སྐྱེ་བ་ཕྱི་མ་ཡུལ་གང་དུ་དུས་ཚོད་ཇི་འདྲར་སྐྱེ་བ་སོགས་ཚེ་འདི་གར་ཐག་གཅོད་བྱེད་ཐུབ་ཅིང༌། སྐྱེ་སྤྲུལ་དེས་སྐྱེ་བ་སྔོན་མའི་གནས་ཚུལ་ཤེས་པ་ལ་བརྟེན་ནས་དེའི་སྐྱེ་བར་ངོས་འཛིན་བྱེད་པ་ཡིན།

ངས་ཕྲུག་གུའི་སྐབས་ནས་ཆོས་ཀྱི་སློབ་སྦྱོང་ལ་དཀའ་ངལ་ལྷུར་ལེན་བྱས་ཡོད་ཀྱང༌། གུ་ཡངས་ནམ་ཡང་མེད་པ་མ་ཡིན། ལུང་པ་གཞན་གྱི་མི་འགའ་ཤས་ནས་ཏཱ་ལའི་བླ་མ་ཚོ་པོ་ཏཱ་ལའི་ཕོ་བྲང་ལ་བཙོན་པ་ནང་བཞིན་རེད་བརྗོད་ཀྱི་ཡོད་ཚོད། སློབ་སྦྱོང་བྱེད་དགོས་པའི་རྐྱེན་གྱིས་ཕྱི་བསྐྱོད་ཡང་ཡང་བྱེད་པའི་གོ་སྐབས་མེད་པ་དེ་བདེན་པ་ཡིན། འོན་ཀྱང་པོ་ཏཱ་ལ་དང༌། ལྷ་སའི་གྲོང་ཁྱེར་གྱི་བར་ལ་ངའི་ནང་མི་ཚོར་ཁང་པ་ཞིག་བརྒྱབ་ཡོད་ཅིང༌། དེ་ནས་ཉུང་ཤོས་ལ་ཟླ་རེའམ། ཡང་ན་བདུན་ཕྲག་དྲུག་ནང་དུ་འཕྲད་ཀྱི་ཡོད་པར་བརྟེན་ནང་མི་དང་ཡ་བྲལ་དུ་གྱུར་ཡོད་པ་མ་རེད། པོ་ཏཱ་ལའམ། ནོར་བུ་གླིང་གར་ཉིན་ལྟར་དྲུང་ཇའི་མཛད་སྒོ་རེ་ཡོད་པ་དེར་ང་ཡང་ཡང་བསྐྱོད་སྐབས་ཕ་དམ་པ་ཡང་དེར་ཕེབས་པས་ཡང་ཡང་མཇལ་གྱི་ཡོད། ངའི་ཕ་དམ་པ་དེ་ཉིད་གནས་སྟངས་སྔོན་མ་དེ་འགྱུར་ཡང་ད་དུང་སྔར་བཞིན་རྟ་ལ་དགའ་བོ་ཡོད་པར་བརྟེན། ཁོང་སྔ་དྲོ་གསོལ་ཆས་མ་གནང་གོང་རྟ་ལ་ཆུ་ཆག་དང༌། མཐུན་རྐྱེན་འཛོམས་པོའི་སྐབས་རྟར་ཤུགས་སླེབས་ཆེད་སྒོ་ང་སོགས་གནང་བར་ཕེབས་ཤིང༌། ནོར་བུ་གླིང་གར་རྒྱལ་དབང་གོང་མའི་ཆིབས་ར་ཡོད་སྟབས་སྔོན་ལ་རྟར་གཟིགས་ཏེ། དེ་ནས་ངའི་སར་ཕེབས་ཀྱི་ཡོད་ཅེས་བརྗོད་ཆོག་པ་འདྲ།

ང་ལྷ་སར་སླེབས་ནས་ལོ་གཅིག་རྗེས་ངའི་གཅེན་པོ་བགྲེས་པ་དང༌། གཅེན་མོ་བཅས་སྐུ་འབུམ་ནས་ལྷ་སར་ཕེབས་ཏེ་ང་ཚོ་ཚང་མ་མཉམ་འཛོམས་བྱུང་ཞིང༌། དེ་རྗེས་ངའི་སྐྱེད་མར་གཅུང་མོ་ཞིག་དང༌། དེ་རྗེས་བུ་ཞིག་བཅས་བཙས་པ་རེད། བུ་དེར་ངེད་ཚོ་ཚང་མས་བརྩེ་གདུང་བྱེད་ཀྱི་ཡོད། ངའི་འོག་གཅུང་པོ་ཞིག་བྱུང་སྟབས་ང་རང་དགའ་བོ་བྱུང་རུང༌། དེ་ལོ་གཉིས་སོན་མཚམས་གྲོངས་སོང་བར་སེམས་སྐྱོ་བོ་བྱུང༌། སྡུག་བསྔལ་དེ་འདྲ་ངའི་ཕ་མ་ཚོར་ཐེངས་མང་པོ་བྱུང་ཡོད་ཅིང༌། གཅུང་པོ་དེ་གྲོངས་པའི་སྐབས་གནས་ཚུལ་ཡ་མཚན་ཞིག་བྱུང་སྟེ། བོད་ཀྱི་ལུགས་སྲོལ་ལ་ཕུང་པོ་བསྲེགས་སྦྱོར་སོགས་མ་བྱས་གོང་བླ་མ་དང༌། རྩིས་པ་སོགས་ལ་གོ་བསྡུར་བྱེད་ཅིང༌། སྐབས་རེ་ལྷ་ལའང་འདྲི་སྐོར་བྱེད་སྲོལ་ལྟར་བྱས་པར། དེ་སྐབས་ཁོང་ཚོས་ཕུང་པོ་དེ་མ་སྦས་པར་ཉར་ཚགས་བྱེད་འོས་ལ་སླར་ཡང་ཁང་པ་དེ་རང་ལ་སྐྱེ་བ་ལེན་གྱི་རེད་ཅེས་གསུངས་ནས་དེའི་ཁུངས་སྐྱེལ་ལ་ཕུང་པོའི་སྟེང་མར་གྱིས་རྟགས་ཤིག་བརྒྱབ་པ་རེད། དེ་རྗེས་ཨ་མ་ལགས་སུ་བུ་གཅིག་འཁྲུངས་སོང་བ་དེ་སྔོན་མའི་གཅུང་པོ་འདས་པ་དེའི་སྐྱེ་བ་ཡིན་པར་གྲགས་ཏེ གང་གིས་ན། སྔོན་མའི་ཕུང་པོར་མར་གྱི་རྟགས་ཡོད་ས་དེར་ཤ་རྟགས་དཀར་པོ་ཞིག་ཡོད་འདུག་པ་སོགས་དེ་ནི་སླར་སྐྱེ་བ་བླངས་ཏེ་མི་ཚེ་གསར་པ་འགོ་བཙུགས་པ་རེད།

ནང་མིའི་དོན་གནད་དེ་ཚོའི་ནང་ལ་ངས་ཤེས་རྟོགས་ཕྲན་བུ་ཡོང་གི་ཡོད། ང་ཆུང་ཆུང་སྐབས་ནས་མི་རྒན་པ་དང་མཉམ་དུ་བསྡད་དེ་ཕྲུག་གུ་གཞན་གྱི་ཁྲོད་དང༌། ཨ་མའི་སར་ཧ་ཅང་ཡུན་སྡོད་བྱ་རྒྱུ་མ་བྱུང་བས་སྤྱིར་བཏང་ཕྲུག་གུའི་གནས་ཚུལ་ཕྲན་བུ་མ་ཚང་བ་ཞིག་ཏན་ཏན་ཡོད་ཀྱི་རེད། མི་འགའ་ཤས་ནས་པོ་ཏཱ་ལ་ངའི་བཙོན་ཁང་ལྟ་བུར་མངོན་གྱི་ཡོད་སྲིད་ཀྱང༌། པོ་ཏཱ་ལ་དེ་ནི་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡོད་པས་འཛམ་གླིང་ནང་གི་ཁང་པ་ཆེ་ཤོས་ཤིག་ཡིན་པར་བརྗོད་ཀྱི་ཡོད་སྐད་འདུག ལོ་མང་རིང་དེ་ནང་བསྡད་ཀྱང་གསང་བའི་ཁང་པ་ཚང་མ་ཤེས་མི་ཐུབ། ཁང་པ་དེ་རི་ཞིག་གི་རྩེར་ཆགས་ཡོད་དེ། དེ་རང་གྲོང་ཁྱེར་ལྟ་བུ་ཞིག་ཡོད། དེ་ནི་ལོ་ ༡༣༠༠ སྔོན་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་སྒོམ་སྒྲུབ་གནང་ཡུལ་དུ་བཞེངས་པར། ཡེ་ཤུའི་དུས་རབས་བཅུ་བདུན་པའི་ནང་ལ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་རྒྱ་བསྐྱེད་གནང་བ་རེད། དེའི་དཀྱིལ་དུ་ཐོག་བརྩེགས་བཅུ་གསུམ་ཙམ་ཡོད་པ་དེ་རྣམས་ཁོང་གི་བཀའ་དང་བསྟུན་ཏེ་བཞེངས་ཤིང༌། ཐོག་བརྩེགས་གཉིས་ཙམ་སླེབས་སྐབས་ཁོང་དགོངས་པ་རྫོགས་འདུག སྐུ་ཚེའི་འདུ་བྱེད་དོར་བའི་དུས་སུ་བབས་པ་མཁྱེན་ཏེ། ཁོང་གིས་སྡེ་སྲིད་ལ་རྒྱལ་དབང་རང་ཉིད་མེད་པ་གཞན་ནས་ཤེས་ཚེ་བཞེངས་བསྐྲུན་གྱི་ལས་ཀར་སད་རྐྱེན་བྱེད་རྒྱུར་རེ་ཞིག་གསང་བ་བྱ་དགོས་གསུངས་པ་ལྟར། སྡེ་སྲིད་ནས་ཏཱ་ལའི་བླ་མ་འདྲ་བའི་དགེ་འདུན་པ་ཞིག་བཙལ་ཏེ་ལོ་བཅོ་ལྔ་རིང་གསང་བ་བྱས་ཤིང༌། ཁོང་གིས་ཡང་སྲིད་མྱུར་བྱོན་ཆེད་རྩིག་རྡོ་ཞིག་གི་སྟེང་དུ་སྨོན་ལམ་བྲིས་བརྐོས་བྱས་པ་དེ་དེང་སང་ཡང་ཐོག་བརྩེགས་གཉིས་པའི་ཐད་མཐོང་རྒྱུ་ཡོད་པ་རེད།

པོ་ཏཱ་ལའི་དབུས་སུ་ཚོགས་ཁང་དང༌། མཛད་སྒོ་ཚུགས་ས་རྒྱ་ཆེ་ལ། གཞན་ཡང་ལྷ་ཁང་སུམ་ཅུ་སོ་ལྔ་ཙམ་ཡོད་པ་དེ་ཚོར་བརྐོས་དང༌། ཚོན་རིས་སོགས་ཧ་ཅང་མཛེས་ཤིང་བརྗིད་ཆགས་པོ་ཡོད། དེ་ཚོའི་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་ཀྱི་སྐུ་གདུང་བཞུགས་ཡུལ་གསེར་གྱི་མཆོད་རྟེན། རྡོ་རྩ་ཆེན་རིགས་ཀྱི་ཕྲ་རྒྱན་ཅན་མཐོ་ཚད་ཕུ་ཁྲུ་སུམ་ཅུ་ཙམ་བྱས་པ་ཡོད། པོ་ཏཱ་ལའི་ནུབ་ངོས་རྣམས་རྗེས་སུ་རྒྱ་བསྐྱེད་བྱས་པ་སྟེ། དེའི་ནང་གྲྭ་པ་བརྒྱ་དང་བདུན་ཅུ་དོན་ལྔ་ཙམ་ཡོད། ཤར་བརྒྱུད་དུ་གཞུང་གི་ལས་ཁུངས་ཁག་དང༌། སེར་མོ་བའི་དཔོན་རིགས་ཀྱི་སློབ་གྲྭ་ཁང༌། ཚོགས་འདུ་ཆེན་མོ་བཅས་ཀྱི་ཚུགས་ཡུལ་དང༌། གྲོང་ཁྱེར་ནས་མཐོ་ཚད་ཕུ་ཁྲུ་བཞི་བརྒྱ་ཡོད་པའི་རྩེར་ཡིག་ཚང་གི་སྟེང་ང་སྡོད་ས་ཁང་མིག་བཞི་ཡོད། རྒྱུན་དུ་སྡོད་ས་དེར་ཆེ་ཆུང་ཕུ་ཁྲུ་གྲུ་བཞི་ཉི་ཤུ་རྩ་ལྔ་ཙམ་ཡོད་ཅིང༌། དེའི་རྩིག་ལོགས་སུ་སྐུ་ཕྲེང་ལྔ་པའི་མཛད་པ་རྣམས་ཚོན་མདངས་ཀྱིས་རི་མོ་ཤིན་ཏུ་ཞིབ་པར་བྲིས་ཏེ་གཟུགས་བརྙན་རྣམས་ཆེ་ཆུང་ཨིན་ཅི་གཅིག་རེ་ཙམ་ལས་མེད་ཀྱང་གསལ་ཞིང་ཉམས་ཐོན་པོ་ཡོད་པས། ངེད་རང་དཔེ་ཆ་སོགས་བཀླགས་ཏེ་ཐང་ཆད་པའི་སྐབས་རྩིག་ལོགས་ཀྱི་རི་མོ་རྣམས་ལ་ཡང་ཡང་ལྟ་ཞིབ་བྱེད་ཀྱི་ཡོད།

པོ་ཏཱ་ལ་དེ་ཡིག་ཚང༌། ལྷ་ཁང༌། སློབ་གྲྭ། སྡོད་ས་བཅས་ཡིན་པ་མ་ཟད། མཛོད་ཆེན་པོ་ཞིག་ཀྱང་རེད། དེའི་ནང་བྲིས་ཐང་རིན་ཐང་བྲལ་བ་སྟོང་ཕྲག་མང་པོ་ཡོད་ཅིང༌། ཐང་ཁ་འགའ་ཤས་ལོ་སྟོང་ཕྲག་ལྷག་ཙམ་སོང་བའང་ཡོད། སྔར་ལོ་སྟོང་ཕྲག་གཉིས་ཙམ་གྱི་དུས་ལ་བོད་ཀྱི་རྒྱལ་པོ་ཚོར་རྒྱ་ནག་དང༌། སོག་པོའི་གོང་མ་རྣམས་ཀྱིས་འབུལ་བར་ཕུལ་བའི་དངོས་རིགས་རྣམས་དང༌། ཏཱ་ལའི་བླ་མ་གོང་མ་རྣམས་ཀྱི་སྐུ་ཆས། བོད་ཀྱི་རྒྱལ་རབས་རིམ་པའི་གོ་མཚོན་གྱི་རིགས་སོགས་ཡོད་པའི་གན་མཛོད་ཀྱང་ཡོད། དཔེ་མཛོད་ཁང་རྣམས་ཀྱི་ནང་བོད་ཀྱི་ཆོས་དང༌། ཤེས་རིག་གི་ལོ་རྒྱུས་དཔེ་ཆ་པོད་སྟོང་ཕྲག་བདུན་ཙམ་ཡོད། པོད་འགའ་ཤས་ལ་པའོན་བརྒྱད་ཅུ་ཙམ་གྱི་ལྗིད་ཚད་ཡོད། རྒྱ་གར་ནས་ལོ་སྟོང་ཕྲག་གོང་འཁུར་ཡོང་བ་ཤིང་གི་ལོ་མའི་ཐོག་བྲིས་པའི་དཔེ་ཆ་ཡང་མང་པོ་ཡོད། པོད་སྟོང་ཕྲག་གཉིས་ཙམ་ནི་རིན་ཆེན་སྣ་བདུན་གྱིས་བྲིས་པ་ཡིན།

པོ་ཏཱ་ལའི་འོག་ཏུ་གཞུང་ནས་དགོན་པ་ཁག་དང༌། དམག་མི། ལས་བྱེད་སོགས་ལ་སྤྲོད་བྱེད་ཇ། མར། སྣམ་རིགས་སོགས་ཀྱིས་གང་བའི་མཛོད་མང་པོ་ཡོད། ད་ཆ་པོ་ཏཱ་ལའི་ནང་ཡོད་པའི་བང་མཛོད་དེ་ཚོ་དེང་སྐབས་གང་འདྲ་བྱས་ཡོད་དམ་ངས་བརྗོད་ཤེས་ཀྱི་མི་འདུག་ཅིང༌། པོ་ཏཱ་ལའི་ཤར་བརྒྱུད་དུ་ཁྲིམས་འགལ་བྱས་པའི་བཙོན་པ་རིམ་པ་མཐོ་ཁག་འཇུག་སའི་བཙོན་ཁང་ཡོད་པ། དཔེར་ན། དེ་ལོན་ཌོན་གྱི་ཀྲ་བར་འདྲ་བོ་ཡོད། ཕྱོགས་བཞི་ལ་སྲུང་སྐྱོབ་ཀྱི་ཆེད་དུ་བསྐོར་བྱ་བའི་དམག་མི་ཚོ་སྡོད་ས་ཡོད། ཁང་པ་ཡངས་ཤིང་རྒྱ་ཆེ་བ་དེ་འདྲ་ཞིག་གི་ནང་དུ་ངས་སློབ་སྦྱོང་དང༌། ཕྲུག་གུའི་སྐབས་ཀྱི་རྩེད་མོ་སོགས་བྱས་པ་ཡིན། ང་འཕྲུལ་འཁོར་རིགས་ལ་དགའ་བོ་ཡོད་ཀྱང་དེ་ཚོའི་གནས་ཚུལ་བརྗོད་མཁན་མེད། ང་ཆུང་ཆུང་སྐབས་འཕྲུལ་ཆས་ལ་དགའ་བོ་ཡོད་པ་ཤེས་མཁན་གྱི་མི་ཚོས་རྩེད་ཆས་གནམ་གྲུ་དང༌། མོ་ཀྲོར། གྲུ་གཟིངས་སོགས་འབུལ་སྐུར་ཡོང་གི་ཡོད། འོན་ཀྱང་དེ་ཚོར་རྒྱུན་རིང་རྩེད་མོ་བརྩེས་པ་ཁོ་ནས་འདོད་པ་མ་ཁེངས་པར་རྩེད་ཆས་དེ་ཚོ་བཤིགས་ཏེ་ཇི་ལྟར་བཟོས་ཡོད་མེད་རྟོག་ཞིབ་བྱས་ཏེ་ཕལ་ཆེར་སླར་སྔར་བཞིན་སྒྲིག་ཐུབ་ཀྱི་ཡོད་ཀྱང༌། སྐབས་སྐབས་ལ་རེ་ཟུང་ཆུད་ཟོས་སུའང་འགྲོ་བཞིན་འདུག ཕྱོགས་མཚུངས་མེ་ཀཱན་ནོ་ཞེས་པའི་རྩེད་ཆས་ཆ་ཚང་གཅིག་ཡོད་དེ། དེ་ནས་དངོས་གནས་པ་མིག་གིས་མ་མཐོང་གོང་རི་ལི་དང༌། མོ་ཊ་སོགས་བཟོ་ཡི་ཡོད། རྗེས་སུ་གློག་བརྙན་སྟོན་བྱེད་རྙིང་པ་ལག་པས་བེད་སྤྱོད་བྱེད་རྒྱུ་ཞིག་ལག་འབྱོར་བྱུང་བ་དེ་བཤིགས་སྐབས་དེའི་ནང་ནས་གློག་གི་ལས་ཀའི་གནས་ཚུལ་ཞིག་རྙེད་པ་དེ་ནས་གློག་བཞུའི་གནད་ཐོག་མར་ཤེས་བྱུང༌། དེ་ལ་གློག་སྐུད་སོགས་མང་པོ་ཡོད་པར་ཉམས་ཞིབ་བྱས་ཏེ་གནད་རྣམས་མ་ཤེས་བར་གཅིག་པུར་མགོ་འཁོར་ཏེ་སྡོད་ཀྱི་ཡོད། དེ་རྗེས་ཁོ་བོའི་ལག་འདོགས་ཆུ་ཚོད་ཅིག་བཤིགས་བསྒྲིགས་ཐུབ་བྱུང༌། ཆུ་ཚོད་དེའི་གནད་ཚང་མ་བཤིགས་ནས་གང་འདྲ་བཟོས་མིན་བལྟ་ཞིབ་བྱས་ཏེ་སླར་བསྒྲིགས་པ་དེས་ད་དུང་སྐྱོན་མེད་འགྲོ་བཞིན་འདུག

ལོ་གསར་སང་གནངས་ཚེས་རྒྱུའི་དེ་རིང་རྣམ་གྲྭ་ཚོས་ཆོས་ཕྱོགས་ཀྱི་དགུ་གཏོར་གར་འཆམས་ཤིག་རྒྱག་སྲོལ་ཡོད་ཅིང༌། ལོ་འཁོར་ནང་དེ་མིན་ཆོས་ལུགས་ཀྱི་མཛད་སྒོ་མང་པོ་ཡོད། ལོ་གསར་དུས་ཆེན་ནམ་འཆར་ལ་པོ་ཏཱ་ལའི་ཡང་ཐོག་གི་རྩེར་སྔ་དྲོ་ཉི་མ་མ་ཤར་གོང་ཆོས་ཕྱོགས་ཀྱི་མཛད་སྒོ་ཞིག་ཡོད། དེ་སྐབས་གནམ་གཤིས་གྲང་མོ་ཡིན་སྟབས་མཛད་སྒོའི་གསོལ་ཇ་ཚ་བོ་དེ་མྱུར་དུ་འོང་འདོད་ཡོང་གི་ཡོད། དེ་འདྲ་དྲན་མཁན་ངེད་རང་གཅིག་པུ་མིན། པོ་ཏཱ་ལའི་ཕོ་བྲང་དེས་བོད་ཀྱི་ཤེས་རིག་དང༌། ལག་རྩལ་གྱི་སྤུས་ཚད་ལྟ་བུར་ཁོ་བོ་སྤོབས་པ་སྐྱེད་ཀྱི་ཡོད། དཔྱིད་དུས་ང་དང་ཡོངས་འཛིན་རྣམ་པ། མཚན་ཞབས་ཚོ། གཞུང་གི་ལས་ཁུངས་འགའ་ཤས་བཅས་དབྱར་དུས་ཀྱི་ཕོ་བྲང་ནོར་བུ་གླིང་གར་བསྐྱོད་དགོས། དེའི་སྐབས་ལྷ་སའི་མི་ཚང་མ་མཇལ་ཁར་ཡོང་གི་རེད། ནོར་བུ་གླིང་གར་འགྲོ་རྒྱུ་དེར་རྒྱུན་དུ་དགའ་བོ་ཡོད་ཅིང༌། ནོར་བུ་གླིང་ག་ནི་ཕྲན་གྱི་ནང་ལྟ་བུ་ཡིན། ནོར་བུ་གླིང་ག་དེ་དག་ལྡུམ་ར་མཛེས་ཤིང་རྒྱ་ཆེ་བ་ལྕགས་རིས་བསྐོར་བའི་དབུས་སུ་ཕོ་བྲང་ཆུང་ངུ་དང༌། ལྷ་ཁང་འགའ་ཤས་སོགས་ཡོད། འདི་ནི་དུས་རབས་བཅོ་བརྒྱད་པའི་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པས་བཞེངས་བསྐྲུན་གནང་བ་རེད། དེ་ནས་བཟུང་ཏཱ་ལའི་བླ་མ་རིམ་པ་གཉིས་གསུམ་ནས་སོ་སཱུའི་བཞུགས་ས་ཕོ་བྲང་རེ་བཞེངས་གནང་མཛད་འདུག་ཅིང༌། ངོས་ནས་ཀྱང་གཅིག་གསར་རྒྱག་བྱས། ས་ཡུལ་དེ་དག་ཐོག་མར་འདེམས་མཁན་དེས་ས་གནས་ལེགས་པོ་ཞིག་གདམས་པ་གནང་འདུག དེ་ཁུལ་དུ་ལ་ཕུག་ལྗིད་ལ་པའོན་ཉི་ཤུ་ཡོད་པ་དང༌། ལན་འཁོར་པད་ཚལ་འཁོར་རྒྱ་ལག་པ་གཉིས་ཀྱིས་མ་འདུམ་ཙམ་སྐྱེད་ཀྱི་ཡོད། དེ་བཞིན་ཐང་ཤིང་དང༌། སྦྱར་བ། ལྕང་མ། ཤུག་པ་སོགས་ཤིང་སྣ་དང༌། མེ་ཏོག་རིགས་མི་འདྲ་བ་མང་པོ། ཀུ་ཤུ། ལི ཁམ་བུ སྟར་ཁ། མངར་ཁམ་བཅས་ཀྱི་སྡོང་པོ་མང་པོ་ཡོད། ང་སྡོད་སྐབས་སུའང་སིའུའི་སྡོང་པོ་བཏབ་པ་ཡིན།

ངེད་རང་གི་སློབ་སྦྱོང་གི་བར་སེང་ལ་མེ་ཏོག་དང༌། ཤིང་འབྲས་སྡོང་པོ། གཞན་ཡང་གླ་བ་དང༌། རྨ་བྱ་སོགས་ཀྱི་གསེབ་ལ་ཕར་ཚུར་རྒྱུགས་ཀྱི་ཡོད། ཆུ་རྫིང་མཚེའུ་ཞིག་ཡོད་པ་དེའི་ཁར་རྩེད་མོ་རྩེ་སྐབས་ཐེངས་གཉིས་ཙམ་ལྷུང་གྲབས་བྱུང་མྱོང༌། མཚེའུ་དེའི་ནང་ཉ་མང་པོ་ཡོད་པ་དེ་ཚོར་ངས་ལྟོ་ཟས་སྟེར་གྱི་ཡོད་སྟབས་དེ་ཚོས་ངེད་རང་གི་རྡོག་སྒྲ་ཐོས་པ་ཙམ་གྱིས་ཆུ་ཁར་ཐོན་ཡོང་གི་ཡོད། དེ་ཚོའི་སྐོར་ལ་ཁོ་བོ་གཅིག་པུར་བསམ་མནོ་གཏོང་སྐབས་ཉ་དེ་ཚོས་སྤྱང་པོ་མ་བྱས་པར་རྒྱ་དམག་གི་རྡོག་སྒྲ་ཐོས་སྐབས་ཡར་ཐོན་ཡོང་གི་མེད་དམ་བསམ་གྱི་འདུག། གལ་སྲིད་ཉ་ཚོས་དོན་ཡོད་ན་རྒྱ་མིས་ཉ་རྣམས་འཛིན་ཟོས་ཡོད་ལས་ཆེ་ངེས། ནོར་བུ་གླིང་གར་གློག་གི་ཨ་མ་ཞིག་ཡོད་པ་དེར་ཡང་ཡང་སྐྱོན་ཤོར་གྱི་ཡོད་པ་དེ་ལ་ཁག་འདོགས་བྱས་ཏེ་ཡང་ཡང་བཤིགས་ཀྱི་ཡོད། འཕྲུལ་འཁོར་ཡོ་ཆས་དེས་འཁོར་ལོའི་ནང་ལས་ཀ་བྱེད་སྟངས་དང༌། དེས་ལྕགས་ཁབ་ལེན་གྱི་ནུས་པ་ཇི་ལྟར་བཟོས་པ་ཤེས་རྟོགས་བྱུང༌། དེ་ལ་སྐྱོན་ཤོར་སྐབས་ངས་ཡང་ཡང་བཟོ་ཐུབ་ཀྱི་ཡོད། ངས་རིག་པ་དེ་ལྷ་སར་ཡོད་པའི་མོ་ཊོར་རྙིང་པ་གསུམ་པོ་དེ་ལ་བེད་སྤྱོད་བྱས་པ་ཡིན། སྤྱི་ལོ་ ༡༩༢༧ ནང་ཐོན་པའི་སྦས་བྷིའི་ཨོ་སི་ཀྲན་ཟེར་བའི་མོ་ཊོར་གཉིས་ནས་གཅིག་ཚོས་གཞི་སྔོན་པོ་དང༌། གཅིག་དམར་སེར་ཡིན་ཞིང༌། ཡང༌། སྤྱི་ལོ་ ༡༩༣༡ ནང་ཐོན་པའི་ཌའོ་ཇོ་ཟེར་བའི་མོ་ཊོར་ལི་ཧང་ཆེན་པོ་གཅིག་ཡོད་པ་དེ་ཚོ་སྐུ་གོང་མ་ལ་འབུལ་མཁན་བྱུང་ཞིང༌། དེ་རྣམས་ཧི་མ་ལ་ཡའི་སྒང་ལ་བཤིགས་ཏེ་འཁྱེར་ཡོང་ནས་ནོར་གླིང་དུ་བསྒྲིགས་པ་རེད། འོན་ཀྱང་སྐུ་གོང་མ་སྐུ་གཤེགས་རྗེས་དེ་དག་བེད་སྤྱོད་མ་བྱུང་བར་ལོ་མང་བཞག་སྟབས་བཙའ་རྒྱབ་འདུག དེ་ཚོ་གཏོང་ཐུབ་པ་བཟོ་འདོད་ཆེན་པོ་བྱུང་སྟབས་རྒྱ་གར་ལ་མོ་ཊོར་སློབ་སྦྱོང་བྱེད་མྱོང་བའི་མི་གཞོན་པ་ཞིག་རྙེད་བྱུང་བ་དེས་རོགས་བྱས་ཏེ་ཌའོ་ཇོ་དེ་དང༌། ཨོ་སི་ཀྲོན་དེ་གཉིས་འགྲོ་ཐུབ་པ་བཟོས་པ་ཡིན། དུས་སྐབས་དེ་ཚོ་ང་རང་དགའ་བོའི་གནས་ཚུལ་ཞིག་རེད། ཕྱི་རྒྱལ་གྱི་གནས་ཚུལ་ཤེས་འདོད་ཆེན་པོ་ཡོད་མོད། ཕལ་ཆེ་བར་འདོད་པ་ཁེངས་ཐབས་མ་བྱུང༌། དེ་བཞིན་ས་ཁྲ་ཞིག་ཡོད་པ་དེ་ལ་ཡང་ཡང་དོ་སྣང་གིས་བལྟས་ཏེ་ཐག་རིང་གི་ཡུལ་དེ་ཚོའི་ནང་མི་ཚེ་སྐྱེལ་སྟངས་ཇི་འདྲ་ཞིག་ཡོད་དམ་སྙམ་ཡང༌། ལུང་པ་དེ་ཚོ་མཐོང་མྱོང་བའི་མི་སུ་ཞིག་ཀྱང་ཐད་ཀར་འབྲེལ་གཏུགས་མེད། དེ་ནས་ངས་དེབ་ཐོག་ནས་དབྱིན་ཇི་རང་སྦྱོང་འགོ་བཙུགས་པ་ཡིན། ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་འབྲེལ་བ་ཉེ་བོ་ཡོད་པ་ནི་དབྱིན་ཇི་རེད། འཛམ་གླིང་དམག་ཆེན་གཉིས་པ་ང་ལྷ་སར་ཡོང་བའི་ལོ་དེར་བྱུང་བ་དེའི་གནས་ཚུལ་ཀ་སྦུག་བོད་ཡིག་གསར་ཤོག་ཏུ་བཀོད་པ་ཐོག་མར་དགེ་རྒན་ནས་ཀློག་གནང་གི་ཡོད་ཀྱང༌། དམག་ཐག་མ་ཆོད་གོང་དུ་ང་རང་ནས་ཀློག་ཐུབ་ཀྱི་ཡོད། འོན་ཀྱང་འཛམ་གླིང་གི་གནས་ཚུལ་དེ་ཚོས་བོད་ལ་ཕན་གནོད་དང་འབྲེལ་བ་ཉུང་ཉུང་ཞིག་མ་གཏོགས་ཡོང་གི་ཡོད་པ་མིན་ཅིང༌། ཇོ་མོ་གླང་མ་ལ་དབྱིན་ཇིས་འཛེགས་ཐབས་བྱས་པ་ལྟར་བོད་མིས་འཛེགས་ཐབས་བྱས་ཡོད་མེད་སྐབས་ཤིག་ཏུ་དྲི་བརྩད་བྱེད་མཁན་བྱུང་ཡང༌། དེ་སྐོར་ཇི་བྱས་བརྗོད་མ་ཤེས། བོད་མི་ཚོས་རྒྱུན་དུ་ལ་མང་པོ་རྒྱག་དགོས་པ་ལྟར་ངེས་པར་འཛེགས་དགོས་འདྲ་བྱུང་ན་མ་གཏོགས་དེ་མིན་འཛེགས་ཀྱི་མ་རེད། ལྷ་སའི་མི་ཚོ་ནས་སྤྲོ་སེང་གི་ཆེད་དུ་རི་ལ་འཛེགས་ཏེ་རི་རྩེར་བསངས་གཏོང་བ་དང༌། སྨོན་ལམ་འདེབས་པ་སོགས་བྱས་ཡོང་ཞིང༌། སྤྲོ་སེང་དེ་འདྲ་བྱེད་རྒྱུར་ཕྲན་ཡང་དགའ་བོ་ཡོད།

སྤྱིར་བཏང་བརྗོད་ན། ང་ཕྲུག་གུའི་སྐབས་སྐྱིད་པོ་མེད་པ་མ་ཡིན། དགེ་རྒན་རྣམས་ཀྱིས་ང་ལ་བྱམས་སྐྱོང་གནང་བ་དེ་དུས་རྒྱུན་དུ་སྙིང་བཅང་བྱེད་འོས་པ་མ་ཟད། ཁོང་ཚོས་ཆོས་ཀྱི་སློབ་སྟོན་གནང་བ་དེས་བློ་སྤོབས་དང༌། དགའ་བདེ་ཟད་མི་ཤེས་པ་ཐོབ་བྱུང་ཞིང༌། དོན་གནད་གཞན་དག་ཤེས་འདོད་བྱས་པ་ལའང་ཁོ་བོའི་འདོད་པ་ཁེངས་ཐབས་གང་ཟབ་གནང་ཡོད། ལོ་ན་གང་མཚམས་སོན་སྐབས་འཛམ་གླིང་གི་གནས་ཚུལ་ཕལ་ཆེར་སྔར་མི་ཤེས་པ་ཤེས་རྟོགས་བྱུང༌། སྐབས་དེ་འདྲའི་ངང་རང་ལོ་བཅུ་དྲུག་སོན་ཅིང༌། རྒྱ་དམར་གྱིས་ང་ཚོའི་ཡུལ་དུ་བཙན་འཛུལ་བྱེད་པའི་དུས་སྐབས་དེར་ངའི་ཡུལ་གྱི་འགོ་འཁྲིད་བྱེད་བཅུག་པ་རེད།། །།