ལེའུ་དང་པོ། སོ་ནམ་པའི་བུ།

༄༅། །ཕྱི་ལོ་ ༡༩༣༥ བོད་ཤིང་ཕག་ཟླ་ ༥ ཚེས་ ༥ ཉིན་ང་སྐྱེས་ཤིང༌། ངའི་སྐྱེས་ཡུལ་བོད་བྱང་ཤར་ཁུལ་སྟག་འཚེར་ཞེས་པ་གྲོང་གསེབ་ཆུང་ཆུང་ཞིག་སྟེ། སྟག་འཚེར་ཞེས་པ་འདི་ནི་མདོ་ཁམས་ཀྱི་ཁོངས་གཏོགས་ཡིན་ཞིང༌། མདོ་ཁམས་ཞེས་ལུང་པའི་མིང་གི་སྟེང་ནས་གོ་རྒྱུ་ཆེན་པོ་ཡོད། མདོ་ཞེས་པ་རོང་དང་ཐང་འབྲེལ་མཚམས། ཁམས་ཞེས་པ་བོད་ཤར་ཕྱོགས་སུ་ཡོད་ཅིང༌། ས་གནས་དེར་ཁམས་པ་རྣམས་སྡོད་པ་ཡིན། མདོ་ཁམས་ཞེས་པ་བོད་ཤར་ངོས་ཀྱི་རི་བརྒྱུད་རྒྱ་ནག་ཕྱོགས་བབས་པའི་ས་ཁུལ་དུ་ ཡོད་ཅིང༌། སྟག་འཚེར་ནི་རྒྱ་མཚོ་ནས་མཐོ་ཚད་ཕི་ཀྲི་དགུ་སྟོང་ཡོད།    ལུང་པ་དེ་མཛེས་སྡུག་དང་ལྡན་པ་ཞིག་ཡིན་པ་མ་ཟད། ས་ཆ་མཐོན་པོའི་ཐང་ཆུང་ཆུང་ཞིག་གི་སྟེང་ལ་ཆགས་ཏེ། ཉེ་འཁོར་དུ་གྲོ་དང༌། འབྲུ་སོགས་ཀྱི་ཞིང་ག་མང་པོ་དང༌། ཐང་ཆུང་དེའི་གཡས་གཡོན་རི་དང༌། རྩ་ ནགས་ཚལ་གྱིས་ཁེངས་ནས་ཡོད་པ་རེད།     གྲོང་གསེབ་དེའི་ལྷོ་ངོས་རི་བོ་གཞན་ལས་མཐོ་བ་ཞིག་ཡོད་པ་དེའི་མིང་ལ་ཨ་མེས་སྐྱེ་རི་ཟེར། ཡུལ་མི་ཚོས་རི་གནམ་ལ་གཟུག་མཁན་ཡང་ཟེར་ཞིང༌། རི་དེར་ཡུལ་ལྷ་གནས་པར་གྲགས། རི་སྨད་ལ་ཤིང་ནགས་དང༌། དེའི་ཐོད་དུ་སྤང་རི། དེའི་རྩེར་བྲག་རི། ཡང་རྩེར་གངས་ཕྲན་བུ་ཡོད་ཅིང༌། གངས་དེ་དབྱར་དུས་སུའང་མ་བཞུ་བར་གཏན་དུ་གནས་ཡོང༌། རི་དེའི་བྱང་ལ་ཤུག་པ་དང༌། ཁམ་སྡོང༌། སྟར་ཁ། སེ་འབྲུའི་རིགས་སོགས་ཤིང་འབྲས་ཀྱི་སྡོང་པོ་མང་པོ་དང༌། མེ་ཏོག་དྲི་ངད་ལྡན་པ་མང་པོ་ཡོད་ཁར། བྲག་ལོགས་ནས་ཆུ་རྒྱུན་ལྷུང་ལྷུང་བབ་པས་མཛེས་ཤིང༌། ཡུལ་དེར་བྱ་དང༌། བྱིའུ་སྣ་ཚོགས་དང༌། རི་དྭགས་ཤྭ་བ། རྐྱང༌། སྤྲེའུ་དང༌། གཅན་གཟན་གཟིག དོམ། ཝ་མོ་སོགས་ཡོད་ཅིང༌། ང་ཚོའི་ཡུལ་མི་མང་ཆེ་ནང་པ་ཡིན་པས་སེམས་ཅན་ལ་གནོད་འཚེ་མ་བྱས་སྟབས་རི་དྭགས་རྣམས་ཀྱང་འཇིགས་པ་མེད་པར་བག་ཕེབས་སུ་སྡོད་པ་རེད། རང་བྱུང་བཀོད་པས་མཛེས་པའི་ལུང་པ་དེའི་དབུས་སུ་ཀརྨ་ཤར་ཙོང་རི་ཁྲོད་ཅེས་བོད་ཀྱི་ཆོས་ཀྱི་ལོ་རྒྱུས་ནང་ཡོངས་སུ་གྲགས་པ་ཞིག་ཡོད་ཅིང༌། དགོན་པ་དེ་ཀརྨ་པ་སྐུ་ཕྲེང་བཞི་པ་རོལ་པའི་རྡོ་རྗེས་ཕྱག་བཏབ་པ་རེད། ཀརྨ་པ་ནི་བོད་ནང་བླ་མའི་ཡང་སྲིད་ངོས་འཛིན་བྱེད་པའི་ཐོག་མ་ཡིན། དགོན་པ་དེར་དུས་རབས་བཅུ་བཞི་པའི་ནང་རྗེ་ཙོང་ཁ་པ་ཆེན་པོ་སངས་རྒྱས་ཀྱི་ཆོས་སྒོར་ཐོག་མར་གཞུགས་གནང་མཛད་པ་རེད། དེའི་སྨད་ལ་དགོན་པ་གཉིས་པ་ཞིག་ཡོད། དེའི་མིང་ལ་ཨ་མདོ་བྱ་ཁྱུང་དགོན་ཟེར། དགོན་རྒྱབ་རི་ལ་བརྟེན་ཏེ་ཡོད་པས་ཆགས་སྟངས་མཛེས་ཤིང༌། དགོན་པའི་ཡང་ཐོག་ཏུ་གསེར་ཟངས་ཀྱི་རྒྱ་ཕིབས་དང༌། དེ་བཞིན་ཆོས་ཀྱི་འཁོར་ལོ་ཡོད་པ་དེ་རི་དྭགས་གཉིས་ཀྱིས་མཐའ་གཉིས་སུ་བརྒྱན་པ་སོགས་ཡོད་གཤིས། དགོན་པ་དེ་དབྱིབས་བཀོད་མཛེས་ཤིང་བརྗིད་ཆགས་ཅན་ཞིག་ཏུ་མ་ཟད། སྐུ་གསུང་ཐུགས་རྟེན་མང་བས་ལུང་པ་དེའི་ནང་ལ་རྩ་ཆེན་ཞིག་ཏུའང་ཆགས་པ་རེད། གྲོང་གསེབ་ཀྱི་མི་རྣམས་དད་པའི་རྟགས་མཚན་གྱིས་ཁང་པ་ཚང་མའི་ཐོག་ཁར་དར་ལྕོག་ཡོད། སྟག་འཚེར་ནི་སོ་ནམ་པའི་ས་ཁུལ་ཞིག་སྟེ ཟ་ཆས་གཙོ་བོ་གྲོ། གྲོ་ཞིབ་ རྩམ་པ་ ཤ་ མར་ ཇ་ ཆང་ཞེས་པ་ནས་ཀྱིས་བཟོས་པ་ཞིག་བཅས་རེད། ནང་པའི་མི་ཚོ་ཤ་ཟ་རྒྱུའི་སྐོར་བསམ་ཚུལ་འདྲ་མིན་སྣ་ཚོགས་ཡོད་ཀྱང༌། སྤྱིར་བཏང་བཤད་ན། བོད་གྱི་གནམ་གཤིས་གྲང་ཞིང༌། སྔོ་ཚོད་ཀྱི་བཟའ་བཅའི་རིགས་མང་པོ་མེད་སྟབས་ཤ་མ་ཟོས་པར་ལུས་འཚོ་སྲ་ཐང་ཡོང་མི་ཐུབ་པར་བརྟེན་བོད་ཡུལ་དུ་ནང་ཆོས་མ་དར་གོང་ནས་ལུགས་སྲོལ་གོམས་གཤིས་དེ་ལྟར་ཡོད། དེ་ལྟར་ན་ཡང༌། གཞན་གྱི་སྲོག་གཅོད་བྱེད་རྒྱུ་བོད་མི་ཚང་མས་འཛེམས་ཟོན་བྱེད་ཅིང༌། རང་གི་ཆེད་དུ་མིན་པར་སྲོག་དང་བྲལ་ཟིན་པའི་ཤ་ཁྲོམ་ནས་ཉོས་པ་ལ་ཉེས་དམིགས་སུ་མི་ལྟ། སྲོག་གཅོད་བྱེད་མཁན་བཤན་པ་ཚོར་སྡིག་ཅན་དང༌། རིགས་ངན་ཐ་ཆད་ཅིག་ཏུ་བརྩི་བ་རེད།    འབྲུ། གྲོ་ཞིབ། འཁྲོལ་འཁྱིལ་རྣམས་ཉེ་ཁུལ་སྐུ་འབུམ་དང༌། ཟི་ལིང་ནང་ཕར་སྤྲད་དེ། ཇ། བྱེ་ཀར། རས་སོགས་མཁོ་བྱེད་དང༌། རྒྱན་ཆ། ལྕགས་ཀྱི་སྣོད་ཆས་སོགས་ཚུར་བླངས་ཏེ་ཉོ་ཚོང་བྱེད། མི་མང་གི་གྱོན་ཆས་ནི་བོད་ཀྱི་གྱོན་ཆས་ཁེ་གཙང་སྟེ། ཁྱོ་གས་པགས་ཞྭ་དང༌། ཀོ་བའི་ལྷམ་ཡུ་རིང་གྱོན་པ། ཕྱུ་པ་ལ་སྐེ་རགས་དམའ་བོ་བཅིངས། ཨམ་ཧྲག་ལྷུག་ལྷུག་བཞག་སྟེ། དེ་ནང་མཁོ་ཆས་འཇུག་གི་རེད། བོད་ནང་གང་སར་ཕྱུ་པ་གྱོན་སྟངས་སྣ་ཚོགས་ཡོད། བུད་མེད་རྣམས་ནས་བལ་གྱིས་བཟོས་པའི་ཕྱུ་པ་ཕུ་ཐུང་མེད་པ་རིང་པོ་གྱོན་པ་དང༌། རས་སམ། སི་ལེགས་ཀྱི་སྟོད་ཐུང་ཚོན་བཀྲག་ཆེན་པོ་དེ་འདྲ་ཡང་གྱོན་གྱི་རེད། དམིགས་བསལ་གྱི་དུས་སྐབས་ལ་བུད་མེད་ཚོས་མགོ་རྒྱབ་ནས་རྐེད་མཚམས་བར་སླེབས་པའི་རྒྱན་ཆ་འདོགས་པ་དང༌། དགུན་དུས་སུ་ཚང་མས་པགས་པའི་སྟོད་ཐུང་དང༌། པགས་པ་མཐུག་པོའི་ནང་ཤ་བྱས་པའི་ཕྱུ་པ་གྱོན་གྱི་རེད། འཛམ་གླིང་གཞན་དག་གི་བུད་མེད་ནང་བཞིན་སྟག་འཚེར་ནང་གི་བུད་མེད་ཚོས་ཀྱང་རྡོ་རྩ་ཆེན་སོགས་ཀྱི་རྒྱན་ཆའི་རིགས་ལ་དགའ་པོ་བྱེད། ད་དུང་བུད་མེད་རྣམས་མ་བྱན་གཏོང་རྒྱུའི་ལས་ཀ་ཡག་པོ་ཡོད་སྟབས་སྐྱེས་པ་ཚོས་ངོམས་བཞིན་སྤོབས་པ་བྱེད་སྲོལ་ཡོད། ཉེ་སྐོར་དུ་དགོན་པ་དང༌། ལྷ་ཁང་མང་པོ་ཡོད་པར་སེར་སྐྱ་ཚང་མས་མཆོད་འབུལ་དང༌། སྨོན་ལམ་འདེབས་པར་འགྲོ་ཞིང༌། ས་ཁུལ་དེའི་འཚོ་བའི་རྟེན་གཞི་ངོ་མ་ཆོས་ཡིན། བོད་རིགས་ནང་ཆོས་ལ་མི་དད་པ་མེད་པས། བུ་ཕྲུག་ཆུང་ངུ་སྨྲ་བརྗོད་ཐུབ་ཙམ་ནས་ཀྱང་རྟེན་གསུམ་ཡོད་སའི་ལྷ་ཁང་དུ་འགྲོ་རྒྱུར་དགའ་པོ་བྱེད་པ་དང༌། རྩེད་མོའི་དུས་སུ་ཡང་ལྷ་ཁང་བཞེངས་པ་དང༌། མཆོད་འབུལ་གྱི་ལད་མོ་བྱེད་ཅིང༌། རང་གིས་ངང་གིས་ཆོས་ཀྱི་སྤྱོད་ཚུལ་མང་པོ་བྱེད་ཀྱི་རེད། སེར་སྣ་ཅན་རེ་ཟུང་མ་གཏོགས་བོད་མི་དབུལ་ཕྱུག་ཕལ་མོ་ཆེས་རང་གི་དགོས་མཁོའི་ཁ་ལྷག་ནས་ལྷ་ཁང་བཞེངས་པ་དང༌། མཆོད་འབུལ། དབུལ་པོར་སྦྱིན་གཏོང་སྲོག་བླུ་སོགས་ཀྱི་ཐོག་བཏང་ནས་དགེ་སྒྲུབ་བྱེད་ཀྱི་རེད། མི་ཚང་ཕྱུག་པོའི་ཁྱིམ་དུ་མཆོད་གཤོམས་རེ་ཡོད་ཅིང༌། དགེ་འདུན་པར་བསྙེན་བཀུར་ཏེ་ཆོས་སྤྱོད་མཛད་དུ་འཇུག དུས་དུས་སུ་ཁྱིམ་ཚང་རེས་དགེ་འདུན་བརྒྱ་ཕྲག་གདན་ཞུས་ཀྱིས་རྩ་ཆེའི་གསུང་རབ་ཀློག་ཅིང་བསྙེན་བཀུར་བྱེད། དབུལ་པོ་ཚོར་ཡང་མཆོད་གཤོམས་ཆུང་ངུ་རེ་དང༌། སངས་རྒྱས་ཀྱི་སྐུ་རེ་ཕལ་ཆེར་ལ་ཡོད་ཅིང༌། རྒྱུན་དུ་མར་མེ་འབུལ་གྱི་རེད། མདོ་ཁམས་ཀྱི་མི་ཕལ་ཆེ་བ་ལུས་སྟོབས་ཆེ་ཞིང༌། རང་བཞིན་གྱི་དཔའ་ཆེ་བ་ཡིན་ཡང༌། ཆོས་ཀྱི་ནུས་པས་ཞི་དུལ་དང༌། སྙོམ་ཆུང༌། གཏོང་ཕོད་ཅན། རང་ཚུགས་ཟིན་པ། བྱམས་སྙིང་རྗེ་ལྡན་པ་ཡོད། མི་རིགས་སྤྱོད་བཟང་དང༌། མཛའ་མཐུན་ཆེན་པོ་བྱེད་མཁན་དེ་འདྲ་ཞིག་གི་དཀྱིལ་དུ་བོད་རིགས་ཁེ་གཙང་གི་ཁྱིམ་ཞིག་ལ་ངོས་རང་སྐྱེས་འདུག  ངའི་ཁྱིམ་ཚང་མདོ་ཁམས་སུ་ཡོད་ཀྱང༌། རིགས་བརྒྱུད་ཕ་མེས་བོད་དབུས་ནས་ཡོང་བ་ཞིག་སྟེ། དེ་ཡོང་སྟངས་ཇི་ལྟར་ཡིན་མིན་གྱི་གནས་ལུགས་ཤོད་རྒྱུ་ལས་སླ་པོ་རེད། ལོ་བརྒྱ་ཕྲག་མང་པོ་བརྒལ་བའི་དུས་བོད་ཀྱི་ཆོས་རྒྱལ་མང་སྲོང་མང་བཙན་སྐབས་བོད་བྱང་ཤར་ཕྱོགས་ས་མཚམས་སྲུང་སྐྱོབ་ཀྱི་དམག་མིའི་རུ་ཁག་མང་པོ་བཞག་ཁོངས། ང་ཚོའི་ཡུལ་ཕྱོགས་ལ་བོད་དབུས་ཕན་པོའི་ནང་གི་དམག་མི་བཞག་ཚོད་འདུག  ངའི་ཕ་མེས་ཤིག་དམག་མི་དེ་དག་ནས་བྱུང༌། དེར་བརྟེན་ནང་མིའི་ཡུལ་སྐད་ནང་ལའང་བོད་དབུས་ཕན་པོའི་ནང་གི་ཡུལ་སྐད་འགའ་ཤས་འདྲེས་ཡོད་པ། དཔེར་ན། ཐུར་མ་ལ་ཁྱེམ་བུ་དང༌། ཕོར་པ་ལ་ཅན་ནེ་ཟེར་བ་ལྟ་བུ་རེད། ད་ལྟའི་གོང་གི་མི་རབས་གཉིས་ཙམ་མ་གཏོགས་དེའི་གོང་དུ་མི་བརྒྱུད་ནས་གྲོང་གསེབ་དེའི་ཕྱི་བྱ་ནང་སོའི་གོ་གནས་བཟུང་འདུག ང་སོ་ནམ་པའི་ཁྱིམ་ཚང་དམའ་པོ་ཞིག་ནས་ཡོང་བ་འདིར་རྒྱུན་དུ་དགའ་པོ་འདུག  ལོ་ན་ཆུང་ཆུང་སྐབས་གྲོང་གསེབ་ནས་ཡོང་བའི་གནས་ཚུལ་འདི་དག་བརྗོད་འདོད་ཡོད། ལོ་མང་པོའི་རྗེས་ལ་ང་རྒྱ་ནག་ནས་ཕྱིར་ལོག་ཡོང་བའི་ལམ་ཞོར་སྟག་འཚེར་ལ་འཁྱུག་ཙམ་ཕྱིན་པར། དེ་སྐབས་ངའི་ཕ་མེས་ཀྱི་ཁྱིམ་ཁང་གྲོང་གསེབ་ཉམ་ཆུང་འདི་མཐོང་བ་ཙམ་གྱིས་སྤོབས་པ་ཆེན་པོ་ཞིག་སྐྱེས་བྱུང༌། ང་ཁྱིམ་ཚང་ཕྱུག་པོ་དང༌། མཐོ་བོ་ཞིག་ལ་སྐྱེས་ཡོད་ན་མི་མང་དབུལ་པོ་ཉམ་ཆུང་གི་བདེ་སྡུག་ཇི་ཡོད་ངས་ཤེས་རྟོགས་ཐུབ་ཀྱི་མ་རེད་བསམ་པ་རྒྱུན་དུ་ཡོད། ཁྱིམ་ཚང་དམའ་བོ་ཞིག་ལ་སྐྱེས་སྟབས་མི་ཉམ་ཆུང་སྐྱོ་བོའི་གནས་ཚུལ་རྣམས་གསལ་པོ་ཤེས་ཀྱི་ཡོད་པས། མི་མང་ཉམ་ཆུང་ཚོའི་འཚོ་ཐབས་འདི་གང་ལེགས་སུ་འགྲོ་བའི་ཐབས་ཤེས་བྱས་པ་ཡིན།
ངའི་ཁྱིམ་དེར་ནང་མི་མང་པོ་ཡོད། དེ་ཡང༌། གཅེན་པོ་བཞི་དང༌། གཅེན་མོ་གཉིས་ཡོད། ང་ཚོ་ལོ་ན་རྒན་གཞོན་ཁྱད་པར་ཆེན་པོ་ཡོད་ཅིང༌། ངའི་སྐྱེད་མར་བུ་ཕྲུག་བཅུ་དྲུག་འཁྲུངས་ཀྱང༌། དགུ་ཆུང་དུས་ནས་གྲོངས་འདུག ནང་མི་ཚང་མ་མཛའ་བརྩེའི་འབྲེལ་བ་དམ་པོ་ཡོད། ངའི་ཕ་བྱམས་སྙིང་རྗེ་ལེགས་པོ་ཡོད་མཁན་ཞིག་དང༌། རླུང་ལངས་པོ་ཞིག་ཀྱང་རེད། ཡིན་ནའང་རླུང་དེ་རྒྱུན་རིང་པོ་མི་སྡོད། ཁོང་གཟུགས་རིང་སྟོབས་ལྡན་ཞིག་མིན་ལ། ཡོན་ཏན་ཡང་ཡོད་པ་ཞིག་མིན་ཏེ། རང་བཞིན་གྱི་སྤྱང་པོ་དང༌། གྲུང་པོ་ཞིག་རེད། ལྷག་པར་རྟ་ལ་དགའ་པོ་ཡོད་སྟབས་རྟ་དྲེལ་མང་པོ་ཞོན་གྱི་རེད། དེ་བཞིན་རྟ་དྲེལ་འདེམ་བསྒྲུག་ལ་མཁས་ཤིང༌། བཅོས་ཐབས་ལ་ཡང་མཁས་པོ་ཡོད། ངའི་ཨ་མ་བྱམས་སེམས་ཆེན་པོ་ཞིག་སྟེ། ཚང་མར་ཕན་སེམས་བྱེད་ཅིང༌། དཔེར་ན། མི་གཞན་བཀྲེས་སྐོམ་གྱིས་ཉེན་པ་ཞིག་ཡོད་ན་རང་གི་ལྟོ་ཆས་རྣམས་གནང་སྟེ་རང་ཉིད་ལྟོགས་པར་བཞུགས་ཀྱི་རེད། རྒྱུན་དུ་ནང་མི་ཚོའི་འགོ་འཁྲིད་བྱམས་བརྩེའི་ངང་ནས་གནང་བ་རེད། ཁོང་མི་ཚང་མར་འདྲིས་བདེ་བོ་དང༌། བསམ་བློ་རྒྱ་ཆེན་པོ་གཏོང་མཁན་ཞིག་སྟེ། ངེད་རང་ཏཱ་ལའི་བླ་མར་ངོས་འཛིན་བྱས་རྗེས་ཁོང་གིས་ཕྲུ་གུ་གཞན་རྣམས་ལ་སློབ་སྦྱོང་ཡག་པོ་ཞིག་སྤྲོད་རྒྱུའི་དམིགས་བསལ་གྱི་འགན་བཞེས་གནང་བ་རེད།     ང་ཚོའི་འཚོ་བ་སྐྱེལ་སྟངས་ཀྱི་གཙོ་བོ་སོ་ནམ་ཡིན་ཀྱང༌། རྟ་དང༌། བ་ཕྱུགས་སོགས་ཀྱང་གསོ་ཉར་དང༌། ཚལ་ཞིང་ཡང་འདེབས་ལས་བྱེད། སྤྱིར་བཏང་ཞིང་ལས་བྱེད་མི་ལྔ་ཡོད་ཀྱང་ལས་ཀ་མང་ཆེ་བ་ནང་མི་རང་གིས་བྱེད་ཅིང༌། སྟོན་དཔྱིད་ཞིང་འདེབས་པ་དང༌། བཙས་མ་རྔ་སྐབས་ཉིན་ཤས་རིང་ཕྱི་ནས་མི་བཅོ་ལྔ་ནས་བཞི་བཅུ་བར་ལས་མིར་གླས་ཏེ་གླ་རྔན་སྤྲོད་ཀྱི་ཡོད། ང་ཚོའི་གྲོང་ནང་ཁྱིམ་ཚང་གཞན་ཞིག་ལ་ལས་ཀ་ཁག་པོ་ཡོད་ན་ཕར་ཚུར་རོགས་རམ་བྱེད་རྒྱུའི་ལུགས་སྲོལ་ཡང་ཡོད་པ་ཡིན། ངེད་རང་ཆུང་ངུའི་སྐབས་ཨ་མ་ལགས་ཀྱིས་རྒྱབ་ལ་བསྣམས་ཏེ་ཞིང་ལས་སར་ཕེབས་ཏེ་ཞིང་ལས་གནང་སྐབས། ཞིང་གི་མཐའ་ལ་རྒྱུག་པ་ཞིག་ཏུ་ཉི་གདུགས་སྦྲགས་ཏེ་དེའི་བསིལ་གྲིབ་འོག་ལ་གཉིད་ཉལ་འཇུག་གི་ཡོད།
ང་ཚོའི་ཁང་པ་དེ་གྲུ་བཞི་ཐོག་གཅིག་མ་དཀྱིལ་དུ་རྡོ་གཅལ་དང་རྩིག་རྨང་ལ་རྡོ་དང༌། ཐོད་ཆར་སོ་ཕག་གིས་བརྒྱབ་ཡོད། ཐོག་ཁའི་མཐའ་ལ་གཡུ་རྩིའི་ཁ་བད་དང་རྒྱལ་སྒོ་ལྟེ་བའི་ཁ་ལྷོ་ངོས་སུ་ཨ་མེས་སྐྱེ་རིར་བསྟན་ཅིང༌། བོད་ཀྱི་ལུགས་སྲོལ་ལྟར་མདུན་སྒོའི་ཐོད་དུ་མདུང་དར་དང༌། རྡོ་གཅལ་དཀྱིལ་དུ་དར་ཆེན་རིང་པོ་ཞིག་ཀྱང་ཡོད། ཁང་རྒྱབ་ལ་རྟ་ར། བ་ར སྒོ་ཁར་འདོགས་ཁྱི་ཞིག་བཏགས་ཡོད་ཅིང༌། དེ་ནི་ཁང་པའི་ནང་གཞན་དག་གང་བྱུང་མི་ཡོང་བའི་ཁྱད་རེད།
     བ་ཕྱུགས་བརྒྱད་དང༌། མཛོ་མོ་བདུན་ཡོད། མཛོ་མོ་ཞེས་པ་གཡག་དང༌། བ་ཕྱུགས་འདྲེས་པ་རེད། གཡག་ཅེས་པ་ཕོ་མིང་དང༌། མོ་ལ་འབྲི་ཟེར། སྒོ་ཕྱུགས་ཀྱི་འོ་མ་སྐྱེད་མ་རང་ཉིད་ཀྱིས་འཇོ་གནང་མཛད་ཅིང༌། ངོས་གོམ་པ་རྒྱག་ཤེས་སྐབས་ཕོར་པ་འཁྱེར་ཏེ་ཨ་མ་ལགས་འོ་མ་བཞོ་བའི་སར་འགྲོ་ཞིང༌། དེར་མཛོ་མོའི་འོ་མ་བཞོས་མ་ཐག་པ་ཚ་བོར་གནང་གི་ཡོད། བྱ་མོ་ཡོད་སར་སྒོ་ང་ལེན་པར་གཏོང་གནང་གི་ཡོད་པ་སོགས་དྲན་སོས་ཀྱི་འདུག ངས་ཁྱིམ་བྱ་ནང་བཞིན་གདང་ག་ལ་འཛེགས་ཏེ་བྱ་སྐད་བརྒྱབ་པ་ཡང་དྲན་སོས་ཀྱི་འདུག
     ང་ཚོའི་ནང་མི་རྣམས་མི་ཚེ་སྐྱེལ་སྟངས་རྒྱས་སྤྲོས་མེད་པའི་ཁུ་འདུས་ཤིག་ཡིན་ནའང་དགའ་བོའི་ངང་ནས་བློ་ཁ་ཁེངས་པ་ཞིག་ཡོད། དེ་ནི་ཏཱ་ལའི་བླ་མ་སྐུ་གོང་མ་ཐུབ་བསྟན་རྒྱ་མཚོ་ལ་བརྟེན་ནས་བྱུང༌། ཁོང་གིས་བོད་ནང་སྲིད་དང༌། ཆོས་ཀྱི་དབུ་འཁྲིད་ལོ་མང་པོ་གནང་ཞིང༌། ཁོང་གི་དུས་སུ་སླར་ཡང་བོད་ཅེས་པ་ཟུར་དུ་རང་བཙན་ཡིན་པ་ཞིག་བཟོས་གནང་བ་མ་ཟད། མི་དམངས་ལ་ཡར་རྒྱས་ཡོང་ཐབས་ཀྱང་གནང་བ་རེད། ང་ཚོ་ཡོད་ས་ཤར་ཕྱོགས་ཀྱི་ས་ཁུལ་དེ་རྒྱ་ནག་གི་སྲིད་དབང་འོག་ཡིན་ཀྱང༌། ཁོང་ཆོས་སྲིད་ཀྱི་དབུ་བཞུགས་ཤིག་ས་གནས་དེར་ལོ་གཅིག་མིན་ཙམ་བཞུགས་སྟབས་མི་མང་དེ་ཚོར་ཁོང་གི་བྱིན་ནུས་ཐད་ཀར་ཐོབ་ཡོད་པ་ཡིན།

     དམ་པ་གང་དེས་བོད་མི་མང་ལ་གནང་བའི་གསུང་བཤད་ཅིག་གི་ནང་ལ། ངོས་ལ་ཆོས་སྲིད་ཀྱི་འགན་འཁུར་ཐོག་ཏུ་བབས་པ་ན། རང་ཉིད་དལ་སྡོད་སྐྱིད་སྡོད་ཀྱི་དབང་མེད་བསྟན་སྲིད་ཀྱི་བདེ་དོན་ལ་ཉིན་མཚན་སེམས་འཁུར་ལྕི་བས་ནོན་བཞིན་དུ་བསྟན་པ་རྒྱས་ཐབས། ཆབ་སྲིད་ཕྲ་ཚུགས་ཐབས། ཆབ་འབངས་བདེ་བར་ངལ་འཚོ་ཐབས་ལྷག་བསམ་དྲང་པོས་གཞུང་བསྲང་སྒོ་གསུམ་ཡོད་རྒུ་རྩལ་སྤྲུགས་བགྱིས་ལུགས་གསུངས་འདུག་ཅིང༌། ཁོང་གིས་དགོངས་བཞེད་དེ་ལྟར་གནང་བའི་གྲུབ་འབྲས་སུ་བོད་མི་རྣམས་ཞི་བདེ་དང༌། ཡར་རྒྱས། དགའ་སྐྱིད་ཀྱི་དུས་སྐབས་རིང་པོ་ཞིག་འགོ་ཚུགས་པ་བྱུང༌། ཡང་གསུངས་གསལ། ཆུ་གླང་ནས་ད་ལྟ་ཆུ་སྤྲེ་བར་བོད་ལྗོངས་འདི་ཉིད་དུ་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་གསར་དུ་བཞད་པས་མཆོག་དམན་ཚང་མས་དགའ་བདེར་ཅི་དགར་ལོངས་སྤྱོད་བག་ཕེབས་སུ་ཚིམས་པ་འདིས་མཚོན་ཞེས་བཀའ་གནང་འདུག


འོན་ཀྱང་ཆུ་བྱ། ཕྱི་ལོ་ ༡༩༣༣ ལོ་ཐུབ་བསྟན་རྒྱ་མཚོ་སྐུ་མྱ་ངན་ལས་འདས་པའི་གནས་ཚུལ་དེ་བོད་ནང་ཁྱབ་སྐབས་མི་མང་ཚང་མ་སེམས་སྡུག་ཚད་མེད་པ་བྱུང་བ་དང་ཆབས་ཅིག་པར། ང་ཚོའི་གྲོང་གསེབ་ལ་གསར་འགྱུར་སྐྱོ་བོ་མི་སྙན་པ་བསྣམས་ཕེབས་མཁན་ངའི་ཕ་རྒན་ཡིན་འདུག ཁོང་སྐུ་འབུམ་ལ་ཕེབས་དུས་དགོན་པ་ཆེན་པོ་དེ་ནས་གསན་པ་རེད། རྒྱལ་དབང་གོང་མ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་ཀྱི་ཞི་བདེ་དང༌། ཡར་རྒྱས་ཀྱི་དོན་ལ་མཛད་འཁུར་ཆེན་པོ་བཞེས་ཡོད་སྟབས་བོད་མི་རྣམས་ནས་བཀའ་དྲིན་རྗེས་དྲན་གྱིས་དམིགས་བསལ་གུས་བཏུད་ཆེད་དུ་གསེར་སྡོང་ཆེ་བ་ཞིག་བཞེངས་རྒྱུ་ཐག་བཅད་དེ། སྔོན་གྱི་གནའ་སྲོལ་དང་མཐུན་པའི་གསེར་སྡོང་ཞིག་བོད་ཀྱི་རྒྱལ་ས་ལྷ་སའི་པོ་ཏཱ་ལའི་ཕོ་བྲང་ནང་གསར་བཞེངས་བྱས།
     ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་དགོངས་པ་རྫོགས་རྗེས་དེའི་ཡང་སྲིད་བརྩད་འཚོལ་སྐོར། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཡང་དེའི་གོང་མའི་ཡང་སྲིད་ཅིག་སྟེ། ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་ཕྱི་ལོ་ ༡༣༩༡ ནང་འཁྲུངས་ཤིང༌། འཕགས་པ་ཐུགས་རྗེ་ཆེན་པོས་སེམས་ཅན་གྱི་དོན་མཛད་པར་དམ་བཅས་ཏེ་སྤྲུལ་པའི་རོལ་གར་རིམ་པས་ཡང་སྲིད་དུ་བྱོན་པ་ཞིག་རེད།
     ཏཱ་ལའི་བླ་མ་ཡང་སྲིད་མ་རྙེད་བར་དང༌། སྐུ་ན་མ་སོན་བར་རྒྱལ་ཚབ་ཅིག་ཡུལ་ཁམས་ཀྱི་ཚོགས་འདུ་ནས་བསྐོ་བཞག་བྱེད་ཅིང༌། དེ་ནས་སྔར་གྱི་ཚུལ་ལུགས་དང་མཐུན་པར་ཡང་སྲིད་ས་ཕྱོགས་གང་དུ་ཡོད་མེད་ལྷ་བླ་མཁས་པ་ཚད་ལྡན་རྣམས་ལ་ལུང་བརྟག་ཞུས་ཏེ། དེའི་སྐབས་ལྷ་ས་ནས་བྱང་ཤར་ལ་སྤྲིན་པ་ཆགས་སྟངས་མི་འདྲ་བ་མང་པོ་བྱུང་བ་དང༌། རྒྱལ་དབང་མཆོག་གི་སྐུ་པུར་དེ་ནོར་བུ་གླིང་གར་བཞུགས་ཁྲིའི་སྟེང་ཞལ་ལྷོར་བལྟས་ཏེ་བཞུགས་པ་ནས་ཞལ་ཤར་ངོས་སུ་གཟིགས་པའི་སྣང་བ་དང༌། རྗེས་སུ་མཆོད་སྡོང་གི་བྱང་ཤར་ཀ་རིང་གི་ལྡེབས་ལ་གློ་བུར་དུ་སྐར་མ་འདྲ་བའི་ཀར་ཤ་ཞིག་སྐྱེས་པ་སོགས་ཁུངས་སྐྱེལ་གཞན་དག་དང་བཅས་པས་ཡང་སྲིད་གང་དུ་འཁྲུངས་ཡོད་མེད་ཀྱི་རྟགས་མཚན་དུ་བྱུང་ཚོད།     དེ་རྗེས་ཕྱི་ལོ་ ༡༩༣༥ ཤིང་ཕག་ལོ་རྒྱལ་ཚབ་ནས་ལྷ་སའི་ཤར་ལྷོའི་མཚམས་མལ་ལེ་ ༩༠ ཙམ་གྱི་སར་ཆོས་འཁོར་རྒྱལ་དུ་ལྷ་མོའི་བླ་མཚོ་རྩ་ཆེ་ཡོད་སར་ཕེབས། མཚོ་དེར་མ་འོངས་པའི་ལོག་གྱུར་གྱི་གནས་ཚུལ་ཇི་ཡོང་ཆུ་ནང་ནས་བསྟན་གྱི་ཡོད་པ་བོད་མི་ཚང་མས་ཡིད་ཆེས་བྱེད་ཅིང༌།
     མཚོ་དེ་འདྲ་བོད་ལ་མང་པོ་ཡོད་ཀྱང་ལྷ་མོའི་བླ་མཚོ་ཞེས་པ་དེ་སྐད་གྲགས་ཆེ་ཤོས་ཤིག་སྟེ། སྐབས་རེ་མཚོའི་ནང་ནས་དོན་གནད་རྣམས་ཡིག་ཐོག་དང༌། སྐབས་རེ་པར་རིས་ཐོག་ནས་མཐོང་གི་ཡོད་པ་དེར་རྒྱལ་ཚབ་ནས་སྨོན་ལམ་དང༌། གསོལ་འདེབས་གནང་སྟེ་ཉིན་མང་པོ་བཞུགས་རྗེས་མཚོའི་ནང་ནས་་ཨ་ཀ་མ་ཞེས་པའི་ཡི་གེ་དང༌། དེ་རྗེས་དགོན་པ་ཐོག་ལྗང་ཁུ་དང༌། སེར་པོ་བྱས་པ། དེ་མཉམ་དུ་ཁང་པ་ཐོག་སྔོན་པོ་བྱས་པ་བཅས་གཟིགས་ཤིང༌། གང་གཟིགས་པ་རྣམས་ཡིག་ཐོག་ཏུ་བཀོད་དེ་རེ་ཞིག་བར་གསང་རྒྱའི་ནང་བཞག་ཡོད་པ་རེད།

ལོ་དེའི་མཇུག་བླ་མ་ཆེ་ཁག་དང༌། དཔོན་རིགས་འགའ་ཤས་ནས་རྒྱལ་ཚབ་ཀྱིས་མཚོ་གཟིགས་བྱུང་བའི་བརྗེད་ཐོ་རྣམས་བསྣམས་ཏེ་དེའི་ནང་གི་ས་ཆ་དེ་ངོས་འཛིན་བྱེད་པར་བོད་ས་ཡས་མས་གང་སར་ཕེབས་འདུག 
     གོང་གསལ་བླ་མ་དང༌། དཔོན་ཁག མཁས་པ་དེ་རྣམས་ང་ཚོའི་ཡུལ་ཕྱོགས་མདོ་ཁམས་སུ་དགུན་ཁ་སླེབས་ཤིང༌། དེར་ཁོང་ཚོས་སྐུ་འབུམ་དགོན་པའི་ཐོག་ལྗང་ཁུ་དང༌། སེར་པོ་རྣམས་མཐོང་བ་དང༌། སྟག་འཚེར་གྱི་གྲོང་གསེབ་ནང་ཐོག་སྔོན་པོ་བྱས་པའི་གྲོང་གསེབ་དེ་ཡང་རིམ་མཐོང་བྱུང་བ་རེད། དེར་འགོ་འཁྲིད་དེས་ཁང་པ་དེའི་ནང་ཕྲུ་གུ་ཡོད་མེད་འདྲི་སྐབས་ཕྲུ་གུ་ལོ་གཉིས་ཟིན་ཙམ་ཞིག་ཡོད་ལུགས་བརྗོད་འདུག
གནས་ཚུལ་དེ་ཐོས་འཕྲལ་ཡང་སྲིད་འཚོལ་མི་གཉིས་དང༌། གཡོག་པོ་གཅིག་བཅས་ཀྱིས་དགོན་པ་དེའི་ལས་བྱེད་གཉིས་ལམ་རྒྱུས་སུ་འཁྲིད་དེ་ཁང་པ་དེར་བསྐྱོད་ཅིང༌། དེའི་སྐབས་ཁོང་ཚོའི་འགོ་འཁྲིད་ལྟེ་བ་སེ་ར་ཧར་གདོང་ཀེའུ་ཚང་རིན་པོ་ཆེ་ཡིན་ཀྱང་ཁོང་གིས་གཡོག་པོའི་ཁུལ་དང༌། རྩེ་དྲུང་བློ་བཟང་ཚེ་དབང་ནས་འགོ་འཁྲིད་ཡིན་ཁུལ་གྱིས་གྱོན་ཆས་ཀྱང་ངོ་གཡོག་བརྫུས་ཏེ་བསྐྱོད་འཁོད་བྱས། ཁོང་ཚོ་ཁང་པའི་རྒྱལ་སྒོའི་འཁྲིས་སུ་འབྱོར་སྐབས་ངའི་ཕ་མ་ཚོས་དེ་སྔོན་ངོ་མ་ཤེས་སྟབས་བློ་བཟང་ཞེས་པ་དེ་ཁོང་ཚོའི་འགོ་འཁྲིད་རེད་དགོངས་ཏེ་ནང་དུ་འཁྲིད་ཕེབས། ཀེའུ་ཚང་བླ་མ་དང༌། གཞན་དག་ཐབ་ཚང་དུ་བཞག་སྟེ། དེར་ཁོང་ཚོས་ཕྲུག་གུ་ཆུང་ཆུང་དེ་བརྙེད་ཅིང༌། ཕྲུག་གུ་ཆུང་ཆུང་དེས་བླ་མ་མཐོང་བ་དང་བླ་མའི་པང་དུ་སྡོད་འདོད་བྱས་འདུག པགས་ཚག་ཅིག་གྱོན་ཏེ་ཡོད་པའི་བླ་མའི་སྐེ་ལ་ྋརྒྱལ་དབང་གོང་མའི་ཕྱག་ཕྲེང་ཞིག་བཞེས་ཡོད་འདུག་པ་ཕྲུག་གུས་ཕྲེང་བ་དེ་ངོས་འཛིན་བྱས་ཏེ་འདི་ང་ལ་སྤྲོད་རོགས་ལབ་སྟབས་བླ་མས་ང་ངོ་ཤེས་ན་སྤྲད་ཆོག་གསུངས་པར། ཕྲུག་གུས་ལན་དུ་ཡུལ་སྐད་ཐོག་སེ་རའི་ཨ་ཀ་རེད་བརྗོད། དོན་ནི་སེ་རའི་བླ་མ་རེད་བརྗོད་འདུག དེ་ནས་བླ་མས་རོགས་དཔོན་པོ་དེ་སུ་རེད་ཅེས་འདྲི་སྐབས་ཕྲུག་གུ་དེས་འདིའི་མིང་བློ་བཟང་རེད། ཡང་ཞབས་ཕྱི་ངོ་མ་དེའི་མིང་ལ་ཨ་མདོ་སྐལ་བཟང་ཟེར་བ་རེད་ཅེས་ལབ་པ་བྱུང་འདུག བླ་མ་དེས་ཉིན་གང་ཕྲུག་གུ་མ་ཉལ་བར་དུ་དོ་སྣང་ཆེན་པོས་བལྟས་ཏེ་ཁོང་ཚོ་དེའི་དགོང་མོ་དེར་བསྡད། སང་སྔ་དྲོ་ཁོང་ཚོ་ཐོན་རྩིས་བྱེད་སྐབས་ཕྲུག་གུ་ཉལ་ས་ནས་ཐོན་ཏེ་ཁོང་ཚོ་མཉམ་དུ་འགྲོ་ཡི་ཡིན་ཞེས་བརྗོད་འདུག་པའི་ཕྲུག་གུ་དེ་ང་རང་རེད།

      དེ་སྐབས་ཕ་མ་ཚོས་ཁོང་ཚོའི་དོན་གནད་ལྟེ་བ་གང་ཡིན་མཁྱེན་ཡོད་པ་མིན་ཅིང༌། དེ་ནས་ཉིན་ཁ་ཤས་སོང་རྗེས་ཡང་སྲིད་འཚོལ་མི་བླ་མ་དང༌། དཔོན་རིགས་ཚང་མ་སྟག་འཚེར་ཁྱིམ་ནང་སླར་ཡང་ཕེབས་ཤིང༌། གཟི་བརྗིད་ཆེན་པོའི་མཇལ་འཕྲད་ཞུ་མི་སླེབས་གཤིས་ཕ་མ་ནས་ང་སྐྱེ་སྤྲུལ་འདྲ་མིན་ནམ་སྙམ་པ་བྱུང་འདུག  རྒྱུ་མཚན་ནི་བོད་ནང་སྤྲུལ་སྐུ་མང་པོ་ཡོད་པ་དང༌། ངའི་གཅེན་པོ་ཞིག་ཀྱང་སྐྱེ་སྤྲུལ་ཡིན་པ་མ་ཟད། ཉེ་ཆར་སྐུ་འབུམ་དགོན་པའི་སྤྲུལ་སྐུ་ཞིག་ཀྱང་དགོངས་པ་རྫོགས་པའི་སྐབས་ཡིན་པ་དང་བཅས་དེ་འདྲའི་ཡང་སྲིད་འཚོལ་མཁན་འདྲ་ཡིན་ལས་ཆེ་དགོངས་པ་བྱུང་འདུག འོན་ཏེ་ཏཱ་ལའི་བླ་མའི་ཡང་སྲིད་དུ་ངོས་འཛིན་བརྟག་དཔྱད་བྱེད་མཁན་ཡིན་པ་བློ་ཡི་ཟུར་ནའང་བྱུང་མི་འདུག
     ཕྲུག་གུ་ཆུང་ཆུང་སྐྱེ་སྤྲུལ་ཡིན་པ་རྣམས་ནས་སོ་སོའི་སྐྱེ་བ་སྔོན་མའི་དངོས་རྫས་དང༌། ངོ་ཤེས་པའི་མི་སོགས་ངོ་ཤེས་མཁན་མང་པོ་ཡོང༌། དེ་རིགས་འགའ་ཤས་དཔེ་ཆའང་དྲན་སྐྱོར་ཐུབ་ཀྱི་རེད། ངའི་སྤྱོད་ཚུལ་བྱེད་བབས་ལ་བརྟེན་བླ་མ་ཁོང་ནས་ཡང་སྲིད་དུ་ངེས་པ་ཕལ་ཆེར་བརྙེད་ཀྱང༌། ད་དུང་རོགས་ཟླ་གཞན་བརྟག་དཔྱད་བྱེད་པར་ཡོང་སྟེ་ཁོང་ཚོསྋརྒྱལ་དབང་གོང་མའི་ཕྱག་ཕྲེང་གཅིག་དང༌། དེ་མིན་གཅིག་བཅས་ཕྲེང་བ་ནག་པོ་ཆ་གཅིག་འཁུར་ཡོང་ནས། ཕྲེང་བ་གཉིས་ཀ་ང་ལ་སྤྲོད་སྐབས་སྐུ་གོང་མའི་ཡིན་པའི་ཕྲེང་བ་དེ་ངས་བླངས་ཏེ་སྐེར་གྱོན་འདུག་ཅིང༌། དེ་རྗེས་ཕྲེང་བ་སེར་པོ་གཉིས་འཁྱེར་ནས་བརྟག་དཔྱད་བྱེད་སྐབས་གོང་བཞིན་ངོས་འཛིན་པ་དང༌། དེ་རྗེས་ཌ་མ་རུ་ཆུང་བ་ྋརྒྱལ་དབང་སྐུ་གོང་མའི་སྐུ་མདུན་པར་སྐད་བརྡ་གནང་བྱེད་གཅིག་དང༌། ཆེ་བ་ཌམ་འཛར་ལ་གསེར་གྱི་ཆབ་རྩེ་དང༌། རྒྱན་ཆ་མཛེས་པོ་བཟོས་པ་གཅིག་བཅས་གཉིས་འཁྱེར་བྱུང་བ་ནས་ངས་ཆུང་བ་དེ་གདམས་ཏེ་ཞལ་འདོན་སྐབས་དཀྲོལ་སྟངས་ལྟར་དཀྲོལ་སྐད། དེ་ནས་འཁར་རྒྱུག་གཉིས་སྤྲད་བྱུང་བ་ནས་འཁར་རྒྱུག་རྫུས་མ་དེར་འཆང་ནས་ཡུད་ཙམ་ཉར་བལྟས་བྱས་ཏེ་དེ་ནས་ཏཱ་ལའི་བླ་མའི་ཡིན་པ་དེ་བླངས་འདུག  ངས་འཁར་རྒྱུག་ལ་ཐེ་ཚོམ་བྱས་པར་ཁོང་ཚོས་བསམ་བློ་གཏོང་སྐབས་འཁར་རྒྱུག་རྫུས་མ་དེ་ཡང་སྐབས་ཤིག་ལ་ྋརྒྱལ་དབང་གོང་མས་བསྣམས་རྗེས་བླ་མ་གཞན་ཞིག་ལ་སྩལ། དེས་ཀྱང་ཀེའུ་ཚང་རིན་པོ་ཆེ་ལ་གནང་བ་སོགས་ཤེས། བརྟག་དཔྱད་དེ་རྣམས་བྱས་རྗེས་ཁོང་ཚོས་ཡང་སྲིད་རྙེད་པར་ཡིད་ཆེས་ཆེ་རུ་ཕྱིན་པ་རེད། རྒྱལ་ཚབ་ཀྱི་མཚོ་གཟིགས་ཡི་གེ་གསུམ་པོ་དེ་ལའང་ཡིད་ཆེས་བྱུང་ཚུལ་ནི། ཡི་གེ་དང་པོ། ཨ་ནི་ཨ་མདོ་ཞེས་པའི་ཡུལ་མིང་དང༌། ཀ་ནི་སྐུ་འབུམ་ཞེས་པ་དེའི་ཁུལ་དགོན་པ་ཆེ་ཤོས་དེའི་མིང་ཡིག་དང་པོ་ཡིན་ནམ། ཡང་ན། ཀ་མ་ཡི་གེ་གཉིས་པོ་དེ་གྲོང་གསེབ་ཀྱི་རིའི་སྟེང་དུ་ཡོད་པའི་ཀརྨ་རོལ་པའི་རྡོ་རྗེའི་དགོན་པ་དེའི་རྟགས་མཚན་ཡིན་གྱི་རེད།     ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་རྒྱ་ནག་ནས་ཕེབས་སྐབས་ཀརྨ་པ་རོལ་པའི་རྡོ་རྗེའི་དགོན་པ་དེའི་སྤྲུལ་སྐུ་ནས་གདན་ཞུ་གནང་སྟེ་དགོན་པ་དེར་བཞུགས་པར་བརྟེན་ནས་ཁོང་ཚོས་གལ་ཆེན་པོ་མཐོང་གི་ཡོད་པ་རེད། དེའི་སྐབས་གྲོང་གསེབ་དེའི་མི་རྣམས་ནས་ཏཱ་ལའི་བླ་མར་གུས་འདུད་ཆེན་པོས་མཇལ་ཕྱག་ཏུ་བཅར་ཞིང༌། དེའི་སྐབས་ངའི་ཕ་རྒན་ཡང་མི་དམངས་དེ་ཚོ་མཉམ་དུ་ཡོད་པ་རེད། དེ་དུས་ཕ་རྒན་རང་ལོ་དགུ་ཡིན་འདུག་ད་དུང་དྲན་སོས་པ་ལ་ཏཱ་ལའི་བླ་མའི་ཞབས་ཕྱགས་འཇའ་ཆེན་ཆ་གཅིག་དགོན་པ་དེར་བཞག་གནང་ཡོད་པ་མ་ཟད། དེ་དུས་ཁོང་གིས་ང་སྐྱེས་སའི་ཕྱོགས་དེར་གཟིགས་སྟེ་སྙིང་རྗེ་པོ་འདུག་གསུངས་ཞེས་གྲགས། དངོས་འབྲེལ་གྱི་གནས་ལུགས་དེ་རྣམས་ལ་བརྟེན་ནས་ཡང་སྲིད་འཚོལ་མི་ཁོང་ཚོར་ཡང་སྲིད་བརྙེད་པའི་ཡིད་ཆེས་བྱུང་མཚམས་ཞིབ་ཆའི་གནས་ཚུལ་ཚང་མ་ཏར་ཐོག་ནས་ལྷ་སར་བཏང་བ་རེད། དེ་སྐབས་ལྷ་ས་ནས་རྒྱ་གར་བར་མ་གཏོགས་ཏར་ལམ་མེད་སྟབས་གནས་ཚུལ་རྣམས་ཟི་ལིང་ནས་རྒྱ་ནག་བརྒྱུད་རྒྱ་གར་ལ་གསང་ཏར་བཏང་བ་རེད། ལམ་དེ་རང་བརྒྱུད་ཏར་ལན་འབྱོར་གསལ། ང་ལྷ་སར་ལམ་སེང་གདན་ཞུ་བྱ་དགོས་ཀྱི་ལན་ཞིག་སླེབས་པ་རེད།
     དེ་སྐབས་བོད་ཤར་ངོས་ང་ཚོའི་སྐྱེ་ཡུལ་དེ་རྒྱ་ནག་གི་མངའ་འོག་དང་ཁུལ་དེའི་ས་ཁུལ་སྤྱི་ཁྱབ་པ་རྒྱ་ཁ་ཆེ་རྨ་སྤུ་ཧྥང་ཞེས་པ་དེ་ཡིན། ཡང་སྲིད་འཚོལ་མི་ཚོས་རྨ་སྤུ་ཧྥང་ལ་ཡང་སྲིད་འཁྲུལ་བྲལ་ཡིད་ཆེས་ཡོད་ཚུལ་བརྗོད་ན་ཁོང་གིས་འགལ་རྐྱེན་དཀའ་རྙོག་རིགས་བཟོས་ཡོང་སྙམ་ནས་ཁ་གསལ་མ་བཤད་པར་ཏཱ་ལའི་བླ་མའི་ཡང་སྲིད་མིན་ནམ་སྙམ་པའི་ཕྲུག་གུ་རྣམས་ལྷ་སར་འཁྲིད་རྒྱུའི་རོགས་རམ་གནང་དགོས་ཞུས་པར། རྨ་སྤུ་ཧྥང་ནས་དེར་ལན་མ་སྤྲད་པ་རེད། ཁོང་གིས་ཏཱ་ལའི་བླ་མའི་ཡང་སྲིད་རེ་འཆར་ཡོད་པའི་ཕྲུག་གུ་རྣམས་ཐེངས་གཉིས་བཀུག་སྟེ་ཁོང་རང་ཁ་ཆེ་ཡིན་ཀྱང་ཕྲུག་གུ་དེ་རྣམས་ལ་བརྟག་དཔྱད་ཅིག་བྱས་ཤིང༌། བྱེད་སྟབས་བདེ་བོ་ཞིག་བྱས། ང་ཚོ་ཕྲུག་གུ་རྣམས་ལ་མངར་ཆ་སྡེར་མ་གཅིག་གཏད་དེ་ཕྲུག་གུ་འགའ་ཤས་སྐྲག་སྣང་གིས་བྱེ་རིལ་མ་བླང་བ་དང༌། འགའ་ཤས་ནས་ལྟོགས་རྔམས་བྱས་ཏེ་སྦར་བ་གང་འཁུར་བ་སོགས་བྱས་ཤིང༌། ངས་བྱེ་རིལ་གཅིག་བླངས་ཏེ་སྤམ་པོ་བྱས་ནས་ཟོས་འདུག གཞན་ཡང་དྲི་བ་འགའ་ཤས་བྱས་ཏེ་ཁོང་ནས་ཕྲན་ལ་འདོད་བློ་ཁེངས་པའི་རྣམ་འགྱུར་བསྟན་ཞིང༌། འོས་སྤྲུལ་བྱིངས་ཀྱི་ཕ་མ་ཚོར་དངོས་སྐྱེས་རེ་སྤྲད་དེ་ཕྱིར་སློག་བྱས་པ་དང༌། ཁོང་གིས་ངའི་ཕ་མ་ལ་ང་སྐུ་འབུམ་དགོན་དུ་གཅེན་པོའི་སར་འཇོག་དགོས་བཀའ་གནང་བ་རེད། དེ་སྐབས་ངའི་གཅེན་པོ་གཉིས་སྐུ་འབུམ་དགོན་པའི་སྒྲིག་གྲྭར་ཞུགས་ཟིན་འདུག
     དེ་རྗེས་རྨ་སྤུ་ཧྥང་ནས་ང་བོད་དུ་གཏོང་རྒྱུའི་བཀའ་འཁྲོལ་མ་བྱས་གོང་བོད་གཞུང་གི་སྐུ་ཚབ་ཚོར་རྡ་ཡང་སྟོང་ཕྲག་བརྒྱ་ཐམ་པ་དགོས་ཞེས་ལབ་པ་རེད། དེ་དངུལ་འབོར་གང་ཆེ་མ་ཟད། ཁོང་ལ་དེ་འདྲ་བརྗོད་རྒྱུའི་ཐོབ་ཐང་གཏན་ནས་མེད་ཀྱང་བོད་གཞུང་སྐུ་ཚབ་ཚོ་ནས་དེ་དོན་དངུལ་འབབ་སྤྲོད་དགོས་བྱུང་ཞིང༌། ཁོང་ནས་ད་དུང་དེའི་ཁར་སྟོང་ཕྲག་སུམ་བརྒྱ་དགོས་ཞེས་ལབ་པར། སྐུ་ཚབ་ཚོ་ནས་ཡང་སྲིད་ངོ་མ་ཡིན་མིན་ད་ལྟ་གཏན་འཁེལ་ཡོད་པ་མིན་ཁར། བོད་ས་ཕྱོགས་གཞན་ནས་ཀྱང་ཕྲུག་གུ་དེ་ལྟ་བུ་མང་པོ་ཡོང་གི་རེད་ཅེས་བརྗོད་པ་རེད། དེ་ནི་སྐུ་ཚབ་ཚོ་ནས་ང་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱ་རྒྱུ་གཏན་འཁེལ་ཡིན་པ་རྨ་སྤུ་ཧྥང་ནས་ཤེས་ཚེ་དངུལ་འབོར་སྤར་བ་དང༌། དུས་ཚོད་བསྒྱངས་རྒྱུའི་བཀག་འགོག་བྱས་ཏེ་དཀའ་རྙོག་ཡོང་དྭོགས་ཀྱིས་འཇིགས་སྣང་བྱུང་བ་ཙམ་དུ་མ་ཟད། བོད་ལ་རྒྱ་ནག་གཞུང་གིས་དབང་ཆ་ཡོང་བའི་གོ་སྐབས་ཀྱང་མི་འཚོལ་བའི་ངེས་པ་མེད་སྙམ་པའི་ཉེན་དྭོགས་བྱུང་བ་རེད།
     སྐུ་ཚབ་རྣམས་ནས་དཀའ་ངལ་དེ་ཚོ་ལྷ་སར་ཞུ་དགོས་ཀྱི་ཡོད་སྟབས་རྒྱ་ནག་བརྒྱུད་གསང་ཏར་གཏོང་རྒྱུ་དེ་ཡང་གསང་བ་ཕྱི་གྱར་བྱུང་དྭོགས་ཀྱིས་བོད་ལ་བང་མི་ཆེད་བཏང་གིས་གོ་བསྡུར་བྱས་པར་ཕྱིར་ལན་འབྱོར་མ་ཐུབ་པར་ཟླ་བ་མང་པོ་འགོར་ཞིང༌། ཡང་སྲིད་བརྩད་གཅོད་དུ་ཕྱིན་པ་ནས། རྨ་སྤུ་ཧྥང་གི་འཕྲོས་མོལ་ཐག་གཅོད་མ་ཟིན་བར་ལོ་གཉིས་མ་ཟིན་ཙམ་འགོར་འདུག
     དེ་སྐོར་རྨ་སྤུ་ཧྥང་གིས་ཇི་འདྲ་བྱས་ཡོང་སྙམ་པའི་འཇིགས་སྣང་དང༌། བོད་ལ་དཔོན་འབངས་ཚང་མའི་སར་ངོས་འཛིན་བྱ་རྒྱུ་བསྡད་སྟབས་གསང་བ་ཆེན་པོ་བྱས་ཏེ། ཡང་སྲིད་འཚོལ་མི་བླ་མ་དཔོན་ཁག་ཚོའི་ཡིད་ཆེས་དེ་ངའི་ཕ་མ་ཚོ་ལའང་བཤད་པ་མ་བྱུང་བས། ཁོང་ཚོ་རྒྱུན་རིང་སྒུག་སྡོད་བྱས་ཀྱང་ཕ་མ་ཚོས་ང་བོད་ཀྱི་བླ་མ་མཐོ་ཤོས་ཤིག་གི་ཡང་སྲིད་ཡིན་པ་ད་དུང་དགོངས་ཡོད་པ་མ་རེད། ང་ལོ་ན་སོན་སྐབས་ཨ་མ་ལགས་ནས་ང་མ་སྐྱེས་གོང་གཞན་དང་མི་འདྲ་བའི་རྟགས་མཚན་ཁྱད་པར་ཅན་འགའ་ཤས་བྱུང་གསུང་གི་འདུག  བོད་ནང་སྤྱིར་བཏང་གི་སེམས་ལ་རྣམ་རྟོག་ཆེན་པོ་ཞིག་ཡོད་པ་རེད། གང་ཡིན་ཟེར་ན། བླ་མ་ཆེན་པོ་ཞིག་གི་སྐུ་སྐྱེ་འཁྲུངས་སའི་ཡུལ་དེར་དཀའ་ངལ་ཆེན་པོ་ཡོང་ཞེས་བརྗོད་སྲོལ་ལྟར། ང་མ་སྐྱེས་པའི་གོང་ལོ་བཞིའི་རིང་ལ་སྟག་འཚེར་ལུང་པའི་སྟོན་འབྲས་ལ་སད་སེར་དང༌། ཐན་པས་ལོ་ཉེས་བྱུང་བ་དེ་ལ་ཡུལ་མི་ཚོས་ལོ་ཉེས་འབྱུང་སྟངས་དེས་སྐྱེ་སྤྲུལ་ཞིག་ཡུལ་དེར་ཡོང་གྲབས་ཡོད་པ་འདྲ་ཞེས་གླེང་ཞིང༌། ལྷག་པར་ངའི་ནང་དེར་ནང་མི་ཚོས་རྩ་ཆེར་བརྩི་བའི་རྟ་བོང་དང༌། བ་ཕྱུགས་མང་པོ་ཤི་བ་སོགས་ནང་མི་ཚོར་དཀའ་ངལ་ཆེན་པོ་བྱུང་བ་རེད། ངའི་ཕ་ཡིས་དེ་ཚོ་ཤི་བའི་རྒྱུ་མཚན་ཤེས་ཀྱི་མེད་ཚོད། ང་མ་སྐྱེས་པའི་ཟླ་བ་གཉིས་ཙམ་གོང་ཕ་རྒན་བསྙུན་ཏེ་གཟིམ་ས་ནས་བཞེང་མ་ཐུབ་པར་ཡོད་པ་ལ། ང་སྐྱེས་པའི་ཞོགས་པ་དེར་སྐྱེད་བྱེད་བསྙུན་གཞི་མེད་པར་ཡར་བཞེངས་ནས་ནང་གི་མཆོད་གཤོམས་མདུན་མཆོད་མེ་སོགས་འབུལ་གནང་མཛད་ཅིང༌། སྐྱེད་མས་དེ་སྔོན་ཉལ་སར་བཞུགས་པ་དེ་ལས་ཀ་མ་སྒྱིད་པར་ཉལ་བ་འདྲ་གསུང་སྐབས། ཕ་དམ་པས་ང་དྲག་འདུག་གསུངས་ཏེ། བཙས་པའི་ཁྱེའུ་དེ་བུ་ཡིན་ན་གྲྭ་པ་བཟོ་དགོས་གསུངས་འདུག རྨ་སྤུ་ཧྥང་དང་གོ་བསྡུར་བྱེད་སྐབས་ང་དགོན་པའི་ནང་དུ་བཞག་ཡོད་ཅིང༌། དེའི་སྐབས་ང་ལོ་གསུམ་ཙམ་སླེབས་ཡོད། ཐོག་མར་ཕ་མ་ནས་ཁ་བྲལ་བར་བརྟེན་ང་སྐྱིད་པོ་རང་མ་བྱུང༌། ངའི་གཅེན་པོ་རྒན་པ་ཐུབ་བསྟན་འཇིགས་མེད་ནོར་བུ་དང༌། གཅེན་པོ་གསུམ་པ་བློ་བཟང་བསམ་གཏན་ལོ་ལྔ་ལ་སླེབས་པ་གཉིས་དགོན་པར་ཡོད་མུས་ཐོག བློ་བཟང་བསམ་གཏན་སློབ་སྦྱོང་འགོ་ཚུགས་ཏེ་དགེ་རྒན་སར་ཡོད་སྐབས་ང་ལ་རྩེད་མོ་རྩེ་རོགས་མེད་པས། ངས་བློ་བཟང་བསམ་གཏན་སློབ་སྦྱོང་བྱེད་སའི་སྒོ་འགག་དེར་སྒུག་བསྡད་དེ་སྐབས་རེ་དགེ་རྒན་གྱིས་མ་གཟིགས་པར་ཡོལ་བའི་སེང་ནས་བསམ་གཏན་ལ་བལྟས་པ་སོགས་ད་ལྟ་ཡང་དྲན་གསོས་ཀྱི་འདུག དགེ་རྒན་ཚ་བོ་ཡིན་སྟབས་བསམ་གཏན་སློབ་ཡུན་དེའི་རིང་རྩེད་རོགས་ལ་ཡོང་ཐབས་ཡོད་པ་མ་རེད།
     ང་ཚོར་ཨ་ཞང་ཞིག་ཡོད་དེ། ངས་བློ་འགྱོད་ཀྱིས་བརྗོད་རྒྱུར། ཨ་ཞང་དེར་བློ་བསམ་ང་གཉིས་དགའ་བོ་རང་ཡོད་པ་མིན་ཏེ། གང་གིས་ཟེར་ན། ཨ་ཞང་ཁོང་གདོང་ནག་པོ་དང༌། འབྲུམ་ཤུལ་མང་ཞིང༌། སྨ་ར་ལ་ཞག་རྩི་བྱུགས་ཏེ་སྨ་ར་ཀེར་ལངས་ཅན་བཟོས་ཡོད་པ་དང༌། ངོ་ནག་ཅིང༌། རླུང་ཡང་ལངས་པོ་ཡོད་པ་རེད། དེ་ལ་བརྟེན་ནས་ང་གཉིས་ཞེད་སྣང་དང༌། མ་དགའ་བ་ཆབས་ཅིག་བྱུང་བ་རེད། ཁོང་ལ་ཕྲེང་བ་ཆེན་པོ་ལྗིད་ཆེ་བ་ཞིག་ཡོད་པ་དེ་རྒྱུན་དུ་བགྲངས་གཤིས་ཕྲེང་བ་མདོག་སྨུག་ནག་ཏུ་བྱས་ཡོད་པ་གཅིག་དང༌། ཁོང་གི་དཔེ་ཆ་ཤོག་ལྷེ་ལྷུག་མ་མང་པོ་ཡོད་པ་སོགས་ངས་དྲན་གསོས་ཀྱི་འདུག  ཉིན་གཅིག་ཁོང་གི་དཔེ་ཆ་རྣམས་ངས་བལྟས་ཏེ་ཤོག་ལྷེ་འགའ་ཤས་འཁྲུགས་སོང་བར་ཨ་ཞང་རླུང་ལངས་ཏེ་ལྡན་ལྕག་ཅིག་བརྒྱབ་བྱུང༌། དེ་འདྲ་བྱེད་པའི་སྐབས་ལ་བསམ་གཏན་ང་གཉིས་ཁང་པ་ནས་བྲོས་ཏེ་གྱང་གསེབ་ལ་ཡིབ་བསྡད་ནས་ཨ་ཞང་འཚོལ་དུ་འཇུག་གི་ཡོད། དེ་སྐབས་རྨ་སྤུ་ཧྥང་གིས་ང་ལ་གནད་ཆེན་པོ་བརྩིས་པ་ཡིན་སྟབས་ཨ་ཞང་སེམས་ངལ་ཡོད་པ་དེ་དུས་ཤེས་ཀྱི་མེད། ཡིན་ནའང་ངེད་གཉིས་བྲོས་པ་རེད། ཁོང་གིས་ང་ཚོ་བརྙེད་པའི་སྐབས་ལ་རྗེས་སུ་འབྲེལ་བ་བཟང་པོ་ཡོང་རྒྱུའི་གོ་བསྡུར་གནང་གིན་ཡོད་དེ། ད་དུང་དེ་འདྲའི་སྐབས་ལ་ང་ཚོ་ལྷིངས་པོ་བཟོ་ཆེད་ཁོང་གིས་མངར་ཆ་ཤེལ་ཀར་ཡང་སྟེར་གྱི་ཡོད། སྒྲིག་ལམ་ཡག་པོ་བྱེད་སྐབས་བྱེ་རིལ་སྟེར་གྱི་མེད།
     སྤྱིར་བཏང་བྱས་ན་ངེད་རང་ཕྲུག་གུའི་སྐབས་ཀྱི་དུས་ཚོད་དེ་གཅིག་པུར་སྡོད་དགོས་པ་སྐྱོ་ཤོས་ཤིག་རེད། སྐབས་རེ་བསམ་གཏན་གྱི་དགེ་རྒན་ནས་པང་པར་ཉར་བ་དང༌། གཟན་འོག་བཅུག་སྟེ་ཤིང་ཏོག་སྐམ་རློན་རིགས་སྟེར་གྱི་ཡོད་པ་དེ་ངས་དྲན་སོས་པའི་སྐྱོ་བོའི་སྐབས་ལ་དྲག་ཤོས་ཤིག་རེད། གཅེན་མོ་ནས་གསུངས་གསལ། ངས་རྩེད་མོའི་སྐབས་རྩེད་ཆས་རྟར་བཞོན་ཏེ་ཕྱོགས་འགྲོའི་ཚུལ་བྱེད་ཀྱི་ཡོད་ཅེས་དྲན་གསོས་གནང་མྱོང༌། 
     ཕྱི་ལོ་ ༡༩༣༩ བོད་ས་ཡོས་ཟླ་ ༦ ཚེས་ཤར་ལ་དངོས་འབྲེལ་གྱིས་ཕྱོགས་ཐོན་བྱ་རྒྱུའི་དུས་ཚོད་དེ་སླེབས་སོང༌། བོད་ཀྱི་སྐུ་ཚབ་ཚོ་ནས་རྡ་ཡང་སྟོང་ཕྲག་སུམ་བརྒྱ་དེ་སྒྲུབ་འཚོལ་མ་ཐུབ་པར་རྒྱ་མིའི་ཁ་ཆེ་ཚོང་པ་འགའ་ཤས་མེ་ཀ་ཞེས་པར་གནས་བསྐོར་དུ་སྐྱོད་མཁན་ནས་སྔ་གཡར་བྱས་ཏེ་རྗེས་སུ་ལྷ་ས་ནས་སྤྲོད་རྒྱུ་བྱས་པ་རེད། དེ་ནས་རྨ་སྤུ་ཧྥང་གིས་ང་བོད་དུ་གཏོང་རྒྱུ་དང༌། སྐུ་ཚབ་ཁོངས་ནས་བགྲེས་པ་ཞིག་གཏེ་མར་སྡོད་དགོས། ང་ལྷ་སར་བདེ་སླེབས་བྱུང་མཚམས་སྐུ་འབུམ་དགོན་པར་གསེར་བྲིས་ཀྱི་བཀའ་འགྱུར་དང༌། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་ན་བཟའ་ཆ་ཚང་གཅིག་གཏོང་དགོས་བརྗོད་པར་དེ་རྣམས་འབུལ་རྒྱུ་ཐག་བཅད། འོན་ཀྱང་ང་ལྷ་སར་འབྱོར་ཟིན་རྗེས་མདོ་ཁམས་སུ་སྲིད་དོན་གྱི་རྙོག་གྲ་ཞིག་ལངས་སྐབས་གོང་གསལ་གཏེ་མར་ཚུད་པའི་སྐུ་ཚབ་དེ་རྨ་སྤུ་ཧྥང་ས་ནས་བྲོས་ཏེ་ལྷ་སར་བདེ་འབྱོར་བྱུང་འདུག ང་ལོ་བཞི་ལ་སོན་པའི་བདུན་ཕྲག་གཅིག་རྗེས་ང་ཚོ་ཕ་ཡུལ་ནས་ཐོན་ཏེ་ལམ་བར་ཟླ་བ་གསུམ་དང་ཞག་བཅུ་གསུམ་འགོར་བ་རེད། ངའི་ཕ་མ་ཚོ་སྟག་འཚེར་དང༌། ནང༌། ས་ཞིང༌། ཉེ་ལྟོས་སོགས་བཞག་སྟེ་ཕེབས་དགོས་བྱུང་བར་ཐུགས་སྐྱོ་བོ་བྱུང་ཚོད། རྒྱུ་མཚན་ནི། མ་འོངས་པར་གང་འདྲ་ཡོང་མིན་མ་མཁྱེན་སྟབས་བྱུང་བ་རེད། ང་ཚོ་ཐོག་མར་ཐོན་ཡོང་སྐབས་ངའི་ནང་མི་ཚོ་དང༌། བོད་ཀྱི་སྐུ་ཚབ། གནས་བསྐོར་ཐག་རིང་ལ་སྐྱོད་མཁན་ཁ་ཆེ་ཚོ་བཅས་མི་ལྔ་བཅུ་ཙམ་དང༌། རྟ་དྲེལ་སུམ་བརྒྱ་ལྔ་བཅུ་སྐོར་ཡོད། ཕ་མ་ཚོས་ངའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ལོ་དགུ་དང༌། བློ་བཟང་བསམ་གཏན་ལོ་དྲུག་ལ་སླེབས་པ་མཉམ་དུ་འཁྲིད་ཕེབས་ཤིང༌། དེ་དུས་བོད་ནང་འགྲིམ་འགྲུལ་འཁོར་ལོ་དང་འཁོར་ལམ་ཡོད་པ་མ་རེད། བསམ་གཏན་དང༌། ངེད་གཉིས་དྲེལ་བྱམས་ནང་ཡོང་བ་ཡིན། དྲེལ་བྱམས་ཞེས་པ་འདི་བཞིན་ཤིང་གཉིས་ལ་བསྒྲོགས་ཏེ་དེ་དྲེལ་གཉིས་ཀྱི་སྒལ་པར་འཁུར་ཡོད་པ་རེད། ལམ་རྩུབ་མོ་དང༌། ཉེན་ཁ་ཡོད་སར་ངོས་རང་ཡང་སྲིད་འཚོལ་མཁན་སོགས་ནས་རེ་མོས་ཀྱིས་འཁུར་ཞིང༌། ཉིན་ལྟར་ཞོགས་པ་ནམ་ལངས་མཚམས་ནས། ཉིན་དགུང་བར་བསྐྱོད་ཀྱི་ཡོད། དེ་སྤྱིར་བཏང་བོད་ཀྱི་འགྲུལ་པ་ཕྱོགས་འགྲོའི་ལུགས་སྲོལ་ཞིག་རེད། ལམ་ལ་ཁང་པ་དཀོན་པོ་ཡིན་སྟབས་ང་ཚོ་དགོང་དྲོ་གུར་ནང་སྡོད་ཀྱི་ཡོད། ང་ཚོ་ཐོག་མར་ཐོན་པ་ནས་བདུན་ཕྲག་མང་པོའི་རིང་ལམ་བར་འབྲོག་པ་རེ་གཉིས་ལས་མཐོང་མ་བྱུང༌། འབྲོག་པ་དེ་ཚོས་ཕྱག་དབང་ཞུ་བར་སླེབས་བྱུང༌།
     རྒྱ་མིའི་ས་མཚམས་ནས་བདེ་ཐར་བྱུང་མཚམས་བོད་དུ་ཚོགས་འདུ་རྒྱས་འཛོམས་ཐོག་ནས་དྲིལ་བསྒྲགས་ཤིག་བྱ་རྒྱུར་མོས་མཐུན་བྱས་ཏེ། རྒྱལ་ཚབ་ནས་མཚོ་གཟིགས་དང༌། བརྟག་དཔྱད་ངོས་འཛིན་ལེགས་བྱུང་གི་གནས་ཚུལ། སྐུ་ཕྲེང་བཅུ་གསུམ་པས་སླར་གང་དུ་འཁྲུང་མིན་གྱི་མཚོན་རྟགས་ཇི་བྱུང་རྣམས་ཞིབ་བཀོད་ཀྱིས་སྙན་ཞུ་ཞིག་ཚོགས་འདུ་དེར་ཕུལ་ཞིང༌། ངོས་འཛིན་ཞུ་མི་ནས་ཀྱང་བརྟག་དཔྱད་ཇི་བྱུང་དང༌། ལྷ་བླ་མའི་ལུང་ཕེབས་རྣམས་རྩེ་མཐུན་བྱུང་ལུགས་ཞུས་མཐར། ཚོགས་འདུ་རྒྱས་འཛོམས་དེ་ནས་ངེད་རང་ཏཱ་ལའི་བླ་མའི་ཡང་སྲིད་ཡིན་པ་ཐག་གཅོད་གཏན་འཁེལ་བྱས་འདུག དེ་རྗེས་དཔོན་རིགས་བགྲེས་པ་འགའ་ཤས་བསུ་བར་ཕེབས་འབྱོར་བྱུང༌།
     ང་ཚོ་ཐོན་ནས་ཟླ་བ་གསུམ་འགྲོ་ཉེའི་མཚམས་བསུ་མ་དཔོན་རིགས་དང་པོ་དེ་མཐུ་སྟོབས་ཆུ་ཁར་ངོ་འཕྲད་བྱུང་ཞིང༌། དཔོན་རིགས་དེ་རྣམས་ངོ་གཡོག་བཅུ་ཙམ་དང་དོ་པོ་བརྒྱ་སྐོར། ཆུ་སྒྲོལ་ཀོ་བ་བཞི་བཅས་འདུག  དེ་ནས་ང་ཚོ་ངོ་གཡོག་མང་དུ་སོང༌།
     དེ་ནས་ཉིན་འགའ་ཤས་ཡོང་རྗེས་ལྷ་ས་ནས་ཉིན་བཅོ་ལྔ་འགྱངས་ཁད་ཡོད་ས་ཁྲ་ཚང་ལ་བརྒྱབ་སྟེ་འབུམ་ཆེན་ཞེས་པའི་གྲོང་སྡེ་དེར་འབྱོར། ས་གནས་དེར་བོད་གཞུང་དཔོན་རིགས་ཤིག་ནས་དགའ་བསུ་ཞུས་ཏེ་མཇལ་རྟེན་ཁ་བཏགས་དང༌། མཎྜལ་རྟེན་གསུམ་བཅས་བཏེག་བྱུང༌། སྐབས་དེར་ངའི་ཕ་མ་གཉིས་ང་ཏཱ་ལའི་བླ་མའི་ཡང་སྲིད་ཡིན་པའི་གནས་ལུགས་ཐོག་མར་མཁྱེན་པ་ཡིན་སྟབས་འདི་འདྲ་དངོས་གནས་ཨེ་བདེན་ན་སྙམ་པའི་དགའ་སྤྲོ་ཆེན་པོ་བརྗོད་མི་ཤེས་པ་ཞིག་བྱུང་བ་རེད།
      ལྷ་ས་ནས་ཉིན་བཅུའི་ས་གནས་སུ་བསུ་མ་དཔོན་རིགས་བརྒྱ་སྐོར་དང༌། རྟ་དྲེལ་མང་པོ་ཐུག་བྱུང༌། དེའི་འགོ་འཁྲིད་བཀའ་ཤག་དང༌། གཞན་ཡང་དཔོན་རིགས། གདན་ས་གསུམ་གྱི་ལས་སྣེ་སོགས་ཀྱིས་ང་ལ་མཇལ་དར་དང༌། མཎྜལ་རྟེན་གསུམ་བཏེག་བྱུང༌། དཔོན་རིགས་དེ་ཚོས་བོད་ཀྱི་རྒྱལ་ཚབ་དང༌། ཚོགས་འདུ། བཀའ་ཤག་བཅས་ཚང་མས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པར་ངོས་འཛིན་མོས་མཐུན་བྱུང་བའི་ངོ་སྤྲོད་ཀྱི་ཡི་གེ་ཞིག་འཁྱེར་འདུག དེ་ནས་ངས་སོ་ནམ་པའི་གྱོན་ཆས་ཕུད་དེ་གྲྭ་ཆས་གྱོན་པ་ཡིན། དེ་ནས་སྐུ་བཅར་བ་འགའ་ཤས་བཞག་བྱུང༌། དེ་ནས་བཟུང་ཕེབས་བྱམས་ཤིག་ནང་ཡོང་བ་ཡིན་ཞིང༌། ང་ཚོའི་ཆིབས་གྲལ་དེ་ཡང་ཇེ་རྒྱས་སུ་ཕྱིན་འདུག  ལམ་འཁེལ་དགོན་པ་དང༌། གྲོང་གསེབ་ཚང་མར་བླ་མ་ལས་སྣེ དགེ་འདུན་ཚོ་ནས་སེར་སྦྲེང་དང༌། དུང༌། རྒྱ་གླིང༌། རོལ་མོ་དཀྲོལ་བ་དང༌། བསངས་དུད་སྤྲིན་ལྟར་དཀྲིགས་ཏེ། སེར་སྐྱ་མི་མང་ཚང་མ་གྱོན་ཆས་གཟབ་མཆོར་ལེགས་པོའི་ཐོག་ནས་བསྟར་བསྒྲིགས་ཀྱིས་ལག་གཉིས་ཐལ་མོ་སྦྱར་ཏེ་དགའ་བའི་རྣམ་འགྱུར་དུ་མས་དགའ་བསུ་བྱེད་ཀྱིན་འདུག  ངས་ཕེབས་བྱམས་ནས་ལྟ་དུས་མི་ཚང་མས་དགའ་སྤྲོའི་མིག་ཆུ་བཏང་བ་དྲན་སོས་ཀྱི་འདུག  ས་གང་སར་དགའ་བསུའི་གླུ་གཞས་དང་ཞབས་བྲོ་རྒྱག་མཁན་ཡང་འདུག
     དེ་ནས་གལ་ཆེའི་ས་གནས་འདམ་དབུ་མ་ཐང་དུ་སླེབས་ཤིང༌། དེར་བོད་ཀྱི་རྒྱལ་ཚབ་དང༌། སྤྱི་ཁྱབ་མཁན་པོ་ནས་དགའ་བསུ་གནང་སྟེ་རྭ་སྒྲེང་དགོན་པར་ཉིན་གསུམ་བསྡད་པ་ཡིན། གཞུང་སྲོལ་དགའ་བསུ་ངོ་མ་རྒྱ་ཆེ་བ་དེ་འདོད་རྒུ་ཐང་ལ་སླེབས་སྐབས་བྱུང་བ་རེད། དེར་བརྟེན་བོད་ཀྱི་སྲིད་བློན་དང༌། བཀའ་ཤག  དཔོན་རིགས་འཕྲོས་ཚང་མ་དང༌། གདན་ས་གསུམ། གཞིས་དགོན་བཅས་ཀྱི་མཁན་པོ། བླ་མ། ལས་སྣེ་རྣམས་ཕེབས་ཡོད་པ་རེད། དེར་ལྷ་སར་ཡོད་པའི་དབྱིན་ཇིའི་སྐུ་ཚབ་ཀྱི་འགོ་འཁྲིད་ཧིའུ་རི་ཅར་སན་དང༌། བལ་ཡུལ། འབྲུག  རྒྱ་ནག་སྐུ་ཚབ་བཅས་ནས་དགའ་བསུ་ཞུས། དེ་ནས་ང་ཚོ་ངོ་འཁོར་བརྒྱ་ཕྲག་མང་པོ་བྱས་པ་རྣམས་རྟ་གྲལ་རིང་པོ་བསྒྲིགས་ཏེ་ལྷ་སར་བསྐྱོད་སྐབས་ལམ་གཡས་གཡོན་དུ་གྲྭ་པ་སྟོང་ཕྲག་མང་པོས་མཆོད་རྫས་སྣ་ཚོགས་ཀྱི་སེར་སྦྲེང་བསྒྲིགས་ཏེ་བཞུགས་འདུག མི་མང་ཁག་མང་པོས་དགའ་བསུའི་གཞས་དང༌། རོལ་ཆ་གཏོང་གི་འདུག བོད་ཀྱི་དམག་སྒར་ཚང་མའི་འགོ་དམག་ནས་རུ་བསྒྲིགས་ཀྱིས་གུས་འདུད་བྱེད་ཅིང༌། བོད་ལྷ་སར་ཡོད་པའི་སེར་སྐྱ་ཕོ་མོ་རྒན་བྱིས་བར་གསུམ་ཡོངས་རྫོགས་ནས་གྱོན་ཆས་ལེགས་ཤོས་ཀྱི་གཟབ་མཆོར་སྤྲས་ཏེ་དགའ་བསུ་དང༌། གུས་འདུད་ཞུ་བར་སླེབས་འདུག མི་དེ་ཚོས། ད་སྐྱིད་པའི་ཉི་མ་ཤར་སོང་ཞེས་སྐད་བརྒྱབ་པ་མཐོང་བྱུང༌། ང་རང་ནི་རྨི་ལམ་རྨིས་པ་ལྟར་གླིང་ག་རྒྱ་ཆེན་པོ་ཞིག་ནང་རང་བཞིན་གྱིས་སྐྱེས་པའི་མེ་ཏོག་སྣ་ཚོགས་བཞད་ཅིང༌། ལྷག་རླུང་བསིལ་བསིལ་གྱིས་དྲི་ངད་བཟང་པོ་འཐུལ་བ་དང༌། མདུན་ན་རྨ་བྱའི་གར་སྟབས་བསྒྱུར་བ་ལྟ་བུའི་ཟང་ཟིང་འདུ་ལོང་ཆེན་པོ་འདུག རང་དབང་བདེ་སྐྱིད་ཅེས་པ་ལ་སོགས་པའི་གླུ་དབྱངས་དང༌། རོལ་ཆའི་སྒྲས་ནམ་མཁའ་ཡོངས་སུ་གང་སྟེ་ལྷ་སར་འབྱོར་ཟིན་དུས་ཀྱང་རྨི་ལམ་ལྟ་བུའི་སྣང་བ་ཡལ་མི་འདུག དེ་ནས་ངེད་རང་གཙུག་ལག་ཁང་དུ་འཁྲིད་དེ་རྟེན་གཙོ་ཁག་ལ་མཆོད་མཇལ་གསོལ་འདེབས་ཞུས་ནས་སླར་ཡང་ང་ཚོ་སྐུ་འཁོར་རྣམས་ཏཱ་ལའི་བླ་མའི་དབྱར་ཁའི་བཞུགས་ས་ནོར་བུ་གླིང་གར་བསྐྱོད། དེ་དུས་ཀྱང་རྨི་ལམ་གྱི་བཟོ་འདྲའི་ཐོག་སྐུ་གོང་མའི་ཕོ་བྲང་དང༌། གཟིམ་ཆུང་ལེགས་པོ་དེ་ཚོའི་ནང་འཁྲིད་བྱུང༌།
     ང་ལྷ་སར་འབྱོར་རྗེས་སྤྱི་ལོ་ ༡༩༤༠ བོད་ལྕགས་འབྲུག་ཟླ་ ༡ ཚེས་ ༡༤ ཉིན་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་དེ་འཚོགས་རྒྱུ་བྱས་པ་རེད། དེ་ནི་ངོས་སེངྒེའི་ཁྲི་སྟེང་སྡོད་རྒྱུའི་མཛད་སྒོ་རེད། ཚེས་གྲངས་འདི་བོད་ཀྱི་བླ་རྩིས་པའི་བསམ་འཆར་དང་བསྟུན་ཚོགས་ཆེན་ལ་གོ་བསྡུར་ཐོག རྒྱལ་ཚབ་ནས་གཏན་འཁེལ་བཟོ་གནང་གིས་རྒྱ་ནག་གཞུང་དང༌། རྒྱ་གར་ནང་དབྱིན་གཞུང༌། བལ་ཡུལ་རྒྱལ་པོ། འབྲུག་དང༌། འབྲས་ལྗོངས་ཀྱི་རྒྱལ་པོ་བཅས་སོ་སོར་གློག་འཕྲིན་ཡང་བཏང་བ་རེད།
     མཛད་སྒོ་དེ་རྩེ་ཕོ་བྲང་གི་ཤར་བརྒྱུད་ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས་ནང་བྱས་ཤིང༌། སྲིད་ཞིའི་ཕུན་ཚོགས་ཞེས་པ་འདི་ལས་དོན་ཡག་པོ་ཤ་སྟག་བྱེད་ས་རེད། མཛད་སྒོ་འདིར་ཕེབས་མཁན་བོད་ཀྱི་ཁྱིམ་མཚེའི་རྒྱལ་ཁབ་ཚོའི་སྐུ་ཚབ་དང༌། བོད་གཞུང་གི་དཔོན་རིགས་སེར་སྐྱ་ཁག གདན་ས་གསུམ། གཞིས་དགོན་བཅས་པའི་སྤྲུལ་སྐུ། མཁན་པོ། ལས་སྣེ། ངའི་ནང་མི་ཚོ་བཅས་ཡོད་པ་རེད། སྲིད་ཞིའི་ཕུན་ཚོགས་ལ་བསྐྱོད་སྐབས་ང་དང་མཉམ་དུ་ྋརྒྱལ་ཚབ་རིན་པོ་ཆེ་ཡོད། ཁོང་ནི་ཡོངས་འཛིན་བགྲེས་པ་ཡང་ཡིན། ཡོངས་འཛིན་སྐུ་གཞོན། བཀའ་ཤག སྤྱི་མཁན། གསོལ་གཟིམ་མཆོད་གསུམ། མགྲོན་ཆེ། སྔར་བོད་ཀྱི་ས་ཁུལ་ཁག་གི་སྐུ་ཚབ་བཅས་ཡོད། ང་ཡར་བསྐྱོད་པ་དང་ཁོང་ཚོ་ཚང་མ་ཡར་འགྲེང་སྟེ་སྡོད་མུར། བཀའ་ཤག་དང༌། སྤྱི་ཁྱབ་མཁན་པོ་ནས་ངེད་རང་སེང་ཁྲིའི་སྟེང་དུ་ཕྱག་འདྲེན་སོགས་མཛད། མགྲོན་ཆེ་ནས་ཁོང་ཚོ་གཞན་རྣམས་ཀྱི་སྣེ་ལེན་བྱས་སོང༌།
     སེང་ཁྲིའམ། གསེར་ཁྲི་འདི་དབྱིབས་གྲུ་བཞི་ཤིང་ལ་གསེར་རིས་དང༌། ཕྱོགས་བཞི་ལ་སེངྒེ་བརྒྱད་བཀོད་ཡོད་པ་རེད། དེ་ཆོས་ཀྱི་ལུགས་སྲོལ་དང་བསྟུན་ཏེ་བཟོས་ཤིང༌། དེ་སྟེང་གོས་འབོལ་ཚོས་སྣ་ལྔ་བརྩེགས་མཐོ་ཚད་ཕུ་ཁྲུ་དྲུག་བདུན་ཙམ་ཡོད། དེའི་མདུན་དུ་ཅོག་ཙེ་ཞིག་ཡོད་པའི་ཁར་ཏཱ་ལའི་བླ་མའི་དབང་ཆའི་དམ་ག་ཚང་མ་ཡོད་པ་རེད།
     པོ་ཏཱ་ལའི་ནང་གཏན་བཞུགས་དགེ་འདུན་རྣམས་ནས་དམིགས་བསལ་གྱི་ཞལ་འདོན་གནང་ཞིང་མཛད་སྒོ་ཚུགས་ཏེ། དེ་རྣམས་ནི་རྒྱལ་བའི་ཆོས་ཀྱི་མཛད་སྒོ་ཚང་མར་གསུང་ཞབས་ཀྱི་ལས་འགན་ཡོད་པ་ཞིག་ཡིན། དེ་ནས་ཁོང་ཚོས་རྟེན་འབྲེལ་བཟང་པོའི་ཚིགས་བཅད་ཐོག་ནས་མཆོད་པ་ཕུལ་རྗེས་རྒྱལ་ཚབ་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་གནང་བྱུང༌། དེ་ལ་དང་པོ་གསེར་གྱི་ཐུབ་དབང་སྐུ་ཞིག་དང༌། གཉིས་པ་གསུང་རབ་གླེགས་བམ། གསུམ་པར་མཆོད་རྟེན་བཅས་ཀྱི་རྒྱུ་མཚན་ནི། དང་པོ་ཚེ་རིང་པོ་ཡོང་བ་དང༌། གཉིས་པ་དེ་བསྟན་པ་དར་ཁྱབ། གསུམ་པ་དེ་སངས་རྒྱས་ཀྱི་ཐུགས་བཞེད་ལྟར་འབྱུང་བའི་མཚན་དོན་དང་དགོས་པ་སོགས་ཡོད་པ་ཡིན།
     དེ་ནས་རྒྱལ་ཚབ་དང༌། ཡོངས་འཛིན། སྲིད་བློན་སོ་སོས་མཇལ་དར་གནང་བྱུང༌། རྒྱལ་ཚབ་དང༌། ཡོངས་འཛིན་ལ་ཕར་དབུ་གཏུགས་ཞུས། སྲིད་བློན་ལ་ལག་པ་གཉིས་ཀའི་ཕྱག་དབང་བྱས། དེ་ནས་མཁན་མགྲོན་ཆེ་བ་ནས་སྣེ་འཁྲིད་བྱས་ཏེ་དཀར་ཡོལ་དང༌། རྫུལ་གྱི་སྡེར་མ་ཞིག་ནང་གྲོ་མ་ཕུལ་རྗེས། གསོལ་ཐབ་པ་གཞན་གྱིས་མཛད་སྒོ་དེར་ཡོད་ཚང་མར་གྲོ་འབྲས་ཕུལ། དེ་ནི་བོད་ཀྱི་མཛད་སྒོ་ཚང་མར་རྟེན་འབྲེལ་བཟང་པོའི་རྟགས་མཚན་དུ་གྲགས་ཏེ་བཀྲ་ཤིས་པའི་རྫས་ལྟ་བུར་བྱེད། དེ་རྗེས་གསོལ་ཇ་བཏེག་སྟེ་རིམ་པས་ཚང་མར་གསོལ་ཇ་ཕུལ་རྗེས་འབྲས་བསིལ་འབུལ་གྱི་རེད། འདི་ཚོའི་སྐབས་གདན་སའི་མཁས་པ་གཉིས་ནས་ཆོས་ཀྱི་བགྲོ་གླེང་དང༌། དེ་རྗེས་ཕྲུག་གུ་འགའ་ཤས་ནས་རོལ་ཆ་དང་བསྟུན་ཏེ་གར་འཁྲབ། ཡང་ཆོས་ཀྱི་བགྲོ་གླེང་མཇུག་མཐུད་དུ་བྱས་ཏེ། དེའི་སྐབས་ཚོམས་ཆེན་དེའི་དབུས་སུ་བོད་པའི་ཁ་ཟས། ཤིང་ཏོག་སོས་པ་དང༌། སྐམ་པོ་སོགས་སྣེ་མང་རྒྱ་ཆེར་བསྒྲིགས་ཏེ། དེ་མཚམས་རྒྱལ་ཚབ་ནས་བོད་གཞུང་གི་མཎྜལ་འཇིག་རྟེན་འདིར་ཡོད་རྒུའི་རྟགས་ཞིབ་རྒྱས་བཀོད་པ་ལོགས་གཅིག་ནས་བཀའ་ཤག་དང༌། གཅིག་ནས་སྤྱི་ཁྱབ་མཁན་པོས་བཏེག་སྟེ་རྒྱལ་ཚབ་ནས་བཤད་པ་ཡུན་རིང་གནང་སྟེ་ཁོང་གིས་གསུངས་གསལ། བོད་ཀྱི་བླ་མ་ལྷ་དང་བཅས་པའི་ལུང་དོན་བཞིན་ཡང་སྲིད་ཡུན་རིང་འཚོལ་ཞིབ་ཀྱིས་ལུང་དང་མཐུན་པར་ངོས་བོད་གཞུང་མི་མང་སེར་སྐྱ་ཡོངས་རྫོགས་ནས་གསེར་ཁྲི་ལ་མངའ་གསོལ་ཞུས་པའི་གནས་ལུགས་དང༌། ཁོང་གི་རེ་འདུན་གནང་བར་བོད་ཀྱི་ཆོས་སྲིད་དར་རྒྱས་དང༌། མི་མང་བདེ་སྐྱིད་ཡོང་ཆེད་དུ་ང་ཚེ་རིང་པོ་སྡོད་དགོས་གསུངས། དེ་རྗེས་བོད་གཞུང་ནས་འབུལ་བར། དང་པོ། གསེར་གྱི་འཁོར་ལོ་དང༌། དུང་དཀར་ཕུལ། དེ་ཆོས་སྲིད་གཉིས་ཀྱི་དབང་ཆའི་རྟགས་མཚན་རེད། བཀྲ་ཤིས་ལེགས་འཛོམས་གོང་འཕེལ་གྱི་རྟགས་མཚན་བཀྲ་ཤིས་རྟགས་བརྒྱད། རྒྱལ་པོའི་རིགས་ཀྱི་ཕུན་ཚོགས་རྒྱལ་སྲིད་སྣ་བདུན་སོགས་ནོར་སྣ་མང་པོ་སེར་སྐྱ་ལས་བྱེད་པས་རིམ་བཏེགས་བགྱིས་བསྟར་འབུལ་བྱས་ཤིང༌།
     དེ་ནས་མཇལ་ཁའི་སྐབས་ལ་དང་པོ་བོད་གཞུང་དཔོན་རིགས་རྣམས་ལ་ཕྱག་དབང་དང༌། དེ་ནས་ཕྱི་རྒྱལ་སྐུ་ཚབ་ཚོས་མཇལ་དར་འབུལ་སློག་སྐབས་སྐུ་ཚབ་རིམ་པ་མཐོ་བ་རྣམས་ལ་ངོས་རང་གིས་མཇལ་དར་ཕྱིར་སློག བྱིངས་རྣམས་མགྲོན་གཉེར་ཆེན་མོ་ནས་མཇལ་དེར་འབུལ་སློག དེ་ནས་ཚོམས་ཆེན་དབུས་སུ་བསྒྲིགས་པའི་ཤིང་འབྲས་ཐོག་མར་ངོས་ལ་བཏེག  དེ་རྗེས་རིམ་པས་ཚང་མར་འགྲེམས་སྤྲོད་རྗེས་སླར་ཡང་གར་དང༌། ལྷ་དང༌། ཀླུ། དྲི་ཟ། གྲུལ་བུམ། མིའམ་ཅི། གནོད་སྦྱིན་སོགས་ཀྱི་ཚུལ་དུ་འབག་གྱོན་པ་གྲལ་བསྒྲིགས་ནས་ཡུལ་ལ་བསྟོད་པའི་གླུ་གཞས་གཏོང་བ་དང༌། དེ་རྗེས་སྔར་རྒྱ་གར་གྱི་ཨ་ཙ་ར་ཡའི་འདྲ་འབག་གྱོན་མཁན་བཞི་ཡོང་ནས་གར་འཁྲབ། ཡང་གྲལ་འཕྲོས་པ་ཟེར་བའི་གྲྭ་པ་གཉིས་ནས་བོད་ཀྱི་རྒྱལ་རབས་ནང་གི་ལོ་རྒྱུས་ཀྱི་འབེལ་གཏམ་བཤད། དེ་རྗེས་གར་འཁྲབ་མཇུག་བགྲོ་གླེང་པ་རྒན་པ་དེས་རང་བརྩམས་ཀྱིས་ཏཱ་ལའི་བླ་མ་སྐུ་ཚེ་རིང་པོར་བརྟན་པ་དང༌། ཆོས་དར་རྒྱས་ཡོང་བ། ཏཱ་ལའི་བླ་མའི་གཞུང་གི་དབང་ཆའི་འོག་ཞི་བདེ་དང༌། ཡར་རྒྱས་ཡོང་བ་སོགས་ཀྱི་ཚིགས་བཅད་སྐྱོར། ངས་ཁོང་གཉིས་ཀྱི་རང་རྩོམ་ཚིགས་བཅད་ལ་དགའ་བོའི་ངང་ནས་ཁོང་གཉིས་ལ་དམིགས་བསལ་གྱི་ཕྱག་དབང་དང༌། ཁ་བཏགས་རེ་གཡོགས། དེ་ནས་མཛད་སྒོ་གྲོལ། མཛད་སྒོ་དེ་རྒྱུན་རིང་པོ་བྱུང་སོང༌། དེར་ཡོད་སེར་སྐྱ་དཔོན་རིགས་རྣམས་ནས་ང་ལོ་ཆུང་ཆུང་ཡིན་ཀྱང་མཛད་སྒོ་དེར་སྡོད་སྟངས་དང༌། བྱ་སྟངས་ཀྱི་རྣམ་འགྱུར་ཧ་ཅང་ཡག་པོ་བྱུང་སོང་ཞེས་དགའ་བོ་བྱེད་ཀྱི་འདུག དེ་ནས་གཟིམ་ཆུང་ཕུན་ཚོགས་འདོད་འཁྱིལ་ནང་དུ་ཕྱིན་པ་ཡིན། ཕུན་ཚོགས་འདོད་འཁྱིལ་ཞེས་པ་ནི། འདོད་པའི་བྱ་བ་ཐམས་ཅད་འགྲུབ་ཅེས་པ་རེད། དེའི་ནང་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོར་ཡོད་པའི་དཔོན་རིགས་མཐོ་བ་ཚང་མ་ཕེབས་ཏེ་ཏཱ་ལའི་བླ་མའི་དབང་ཆའི་དམ་ཕྲུག་རྣམས་ང་ལ་སྤྲད། དེ་ནས་ཡིག་ཆ་འགའ་ཤས་དང༌། དགོན་པ་ཚོར་སྤྲོད་བྱེད་ཀྱི་སངས་རྒྱས་ཀྱི་སྐུ། རྟེན་རྫས་ཁ་བཏགས་སོགས་ལ་དམ་རྒྱ་ཕབ། དེ་ཚོ་དབང་ཆ་ཚང་མ་ཡོད་པའི་རྟགས་མཚན་གྱི་ཐོག་མ་དེ་རེད།
     ང་ལོ་བཞི་དང་ཕྱེད་ཀ་ལ་སླེབས་པའི་སྐབས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་བོད་ལྗོངས་རྒྱལ་སྲིད་དང༌། ཆོས་སྲིད་གཉིས་ཀྱི་འགོ་འཁྲིད་ཡིན་པར་ངོས་འཛིན་བྱས་ནས་བོད་མི་ཚང་མས་མ་འོངས་པའི་དུས་སུ་བདེ་སྐྱིད་ཡུན་བརྟན་ཡོང་བའི་རྨང་གཞི་ཚུགས་པར་སེམས་སོ།། ༎