༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག https://www.gyalwarinpoche.com/ en-us ཨོག་སི་ཌེ་ཝ་ཤིང་ཊོན་དགེ་རྩ་ཁང་གི་གཟེངས་རྟགས་འབུལ་བཞེས་བསྐྱངས་པ། https://www.gyalwarinpoche.com/news/10-29 JIgme Tsering https://www.gyalwarinpoche.com/news/10-29 ༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་ཨོག་སི་ཌེ་ཝ་ཤིང་ཊོན་དགེ་རྩ་ཁང་(The Washington Oxi Day Foundation)གིས་ཕྱི་ལོ་ ༢༠༢༦ ལོའི་མེ་ཐོ་པོ་ལི་ཐན་ཁི་རི་སི་ཐོ་མོའོ་སི་(Metropolitan Chrysostomos)གཟེངས་བསྟོད་ཀྱི་བྱ་དགའ་ཕུལ་ཡོད་པ་རེད།

དེ་ཡང་ཨོག་སི་ཌེ་ཝ་ཤིང་ཊོན་དགེ་རྩ་ཁང་(The Washington Oxi Day Foundation)གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸སྐུ་ཚེ་ཧྲིལ་པོར་འགྲོ་བ་མིའི་བཟང་སྤྱོད་དང་། བྱམས་བརྩེ། འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་བཅས་གོང་སྤེལ་དང་། འཚེ་བ་མེད་པའི་ཐབས་ལམ་བརྒྱུད་ཞི་བདེ་ལྡན་པའི་འཛམ་གླིང་སྐྲུན་ཐབས་སུ་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་གནང་མཛད་པར་ངོས་འཛིན་ཆེ་བསྟོད་ཞུ་ཕྱིར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་རྒྱལ་ཡོངས་གཙུག་ལག་ཁང་(Washington National Cathedral) དུ་ཕྱི་ལོ་ ༢༠༢༦ ལོའི་མེ་ཐོ་པོ་ལི་ཐན་ཁི་རི་སི་ཐོ་མོའོ་སི་(Metropolitan Chrysostomos) གཟེངས་རྟགས་འབུལ་ལམ་ཞུས་ཡོད་པ་དང་། སྐབས་དེར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་འཐུས་མི་ལས་ཐོག་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་བརྙན་གྱི་བརྒྱུད་ནས་ངོ་སྤྲོད་དང་ཆེ་བསྟོད་ཞུས་ཡོད་ཅིང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་༸གོང་ས་མཆོག་གི་གསུང་འཕྲིན་སྒྲོག་སྦྱང་ཞུས་ཏེ་བྱ་དགའ་བཞེས་གནང་ཡོད།

མེ་ཐོ་པོ་ལི་ཐན་ཁི་རི་སི་ཐོ་མོའོ་སི་(Metropolitan Chrysostomos)གཟེངས་རྟགས་འདི་ནི། འཛམ་གླིང་སྟེང་འཇིགས་སྐུལ་དང་། སྡང་ཟུག་སོགས་ཀྱི་བྱ་སྤྱོད་ལ་ཞུམ་པ་མེད་པར་ངོ་རྒོལ་གནང་མཁན་དང་། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སྲུང་སྐྱོབ་གནང་མཁན་རྣམས་ལ་ཆེ་བསྟོད་ཞུ་བྱེད་ཀྱི་རྒྱལ་སྤྱིའི་གཟེངས་རྟགས་མཐོ་ཤོས་ཤིག་ཡིན་པ་དང་། གྷི་རི་སིའི་ (Greece) ཆོས་དཔོན་ཆེན་མོ་མེ་ཊོ་པོ་ལི་ཊན་ཁྲི་སོ་སི་ཏོ་མོ་སི་ (Metropolitan Chrysostomos of Zakynthos) མཆོག་ལ་རྗེས་དྲན་ཞུ་ཆེད་ཁོང་གི་མཚན་ཐོག་ནས་ཕུལ་བཞིན་པ་ཞིག་ཡིན།

ཕྱི་ལོ་ ༡༩༤༣ ལོར་ཛ་ཀིན་ཐོ་སི་ (Zakynthos) གླིང་ཕྲན་གྱི་ཡ་ཧུ་དཱ་པའི་(Jewish) མི་མང་རྣམས་ནཱ་ཚི་ (Nazi) དམག་དཔུང་ལ་རྩིས་སྤྲོད་བྱ་དགོས་པའི་བཀའ་བཏང་བ་དང་། སྐབས་དེར་ཆོས་དཔོན་ཆེན་མོ་ཁྲི་སོ་སི་ཏོ་མོ་སི་དང་། གྲོང་ཁྱེར་སྤྱི་ཁྱབ་ལོ་ཁོ་ཐེ་ཏི་སི་ (Loukatis) གཉིས་ཀྱིས་རང་གི་སྲོག་ལ་མ་འཛེམས་པར་ནཱ་ཚི་དམག་དཔོན་ལ་ཤོག་བུ་ཞིག་སྤྲད། ཤོག་བུ་དེའི་སྟེང་ཁོང་གཉིས་རང་ཉིད་ཀྱི་མཚན་མ་གཏོགས་མེད་པར། "གལ་ཏེ་ཁྱེད་ཀྱིས་ང་ཚོའི་གླིང་ཕྲན་གྱི་ཡ་ཧུ་དཱ་པ་རྣམས་འཛིན་བཟུང་བྱེད་འདོད་ན། ཐོག་མར་ང་ཚོ་གཉིས་ཟུངས་ཤིག་" ཅེས་གསུངས། ཁོང་གཉིས་ཀྱི་བློ་ཁོག་དང་གསང་བའི་རོགས་རམ་ལ་བརྟེན་ནས། གླིང་ཕྲན་དེའི་ཡ་ཧུ་དཱ་པའི་མི་གྲངས་ ༢༧༥ ཡོད་པ་ཚང་མ་ནཱ་ཚིའི་དམར་གསོད་ལས་གསོན་པོར་ཐར་ཐུབ་པ་བྱུང་ཡོད།

ཨོག་སི་ཌེ་ཝ་ཤིང་ཊོན་དགེ་རྩ་ཁང་(The Washington Oxi Day Foundation)གིས་ཆོས་དཔོན་ཆེན་མོ་ཁོང་གི་མཚན་ཐོགས་ཡོད་པའི་གཟེངས་རྟགས་འདི་ལོ་ལྟར་འབུལ་ལམ་ཞུ་བཞིན་ཡོད་པ་དང་། ད་ལྟའི་བར་དུ་གཟེངས་རྟགས་བཞེས་མཁན་ནང་དུ་ཨི་སི་རེལ་གྱི་སྲིད་འཛིན་ཟུར་པ་དང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཤི་མོན་པེ་རེ་སི་(Shimon Peres)མཆོག་དང་། ནཱ་ཚིའི་བཙོན་ར་ལས་གསོན་པོར་ཐར་བའི་དྲན་ཐོ་འགོད་མཁན་རྩོམ་པ་པོ་དང་། འཛམ་གླིང་སྟེང་སྐད་གྲགས་ཆེ་བའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཨེ་ལི་ཝི་ཟེལ། (Elie Wiesel)མཆོག དབྱིན་ཇིའི་རྒྱལ་སྲས་ཕི་ལིབ་ (Prince Philip) ཀྱི་ཡུམ་གྷི་རི་སིའི་རྒྱལ་ལྕམ་ ཨེ་ལི་སི། (Princess Alice of Greece)མཆོག འཛམ་གླིང་གི་ཡེ་ཤུ་ཆོས་ལུགས་ཀྱི་(Eastern Orthodox Church) དབུ་ཁྲིད་མཐོ་ཤོས་ཆོས་དཔོན་ཆེན་མོ་ བྷར་ཐོ་ལོ་མིའུ། (Ecumenical Patriarch Bartholomew)མཆོག ཨ་རིའི་ཡ་ཧུ་དཱ་པའི་ཚོགས་པའི་ (AJC) འགན་འཛིན་ཟུར་པ་དང་། འཛམ་གླིང་སྟེང་མི་རིགས་དབྱེ་འབྱེད་དང་ཐལ་སྐྱོད་རིང་ལུགས་ལ་མཐའ་གཅིག་ཏུ་རྒོལ་མཁན་གྱི་འགོ་ཁྲིད་ཌེ་བིར་ ཧེ་རི་སི་(David Harris)མཆོག ཨ་རིའི་གཞུང་གི་ཕྱི་འབྲེལ་མི་སྣ་མཐོ་གྲས་དང་། ནཱ་ཚིའི་སྐབས་འཕྲོག་བཅོམ་བྱས་པའི་རྒྱུ་ནོར་རྣམས་ཕྱིར་སློག་བྱེད་པའི་རྒྱལ་སྤྱིའི་ཕྱག་ལས་ལ་མཛད་རྗེས་ཆེ་བའི་སྐྱེས་བུ་སུ་ཊི་ཧོར་ ཨའེ་ཛེན་སི་ཊེཊ་(Stuart Eizenstat)མཆོག་སོགས་ལ་འབུལ་ལམ་ཞུས་ཡོད་པ་རེད།

]]>
ཨ་རིའི་གྲོས་ཚོགས་འོག་མའི་ཁྲལ་བསྡུ་དང་ཐབས་བྱུས་ཚོགས་ཆུང་གི་ཚོགས་མི་རྣམས་ལ་མཇལ་འཕྲད་གནང་བ། https://www.gyalwarinpoche.com/news/10-21-2 JIgme Tsering https://www.gyalwarinpoche.com/news/10-21-2 ༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༢༡ ཉིན་གྱི་ཕྱི་དྲོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཁྲལ་བསྡུ་དང་ཐབས་བྱུས་ཚོགས་ཚོང་ (Ways and Means Committee) གི་ཚོགས་གཙོ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཇེ་སན་སི་མི་དཱ་ (Jason Smith) ལགས་ཀྱིས་འགོ་ཁྲིད་པའི་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་སྐུ་ཚབ་ཚོགས་ཆུང་མི་གྲངས་ ༡༧ ལ་མཇལ་ཁ་སྩལ་ཡོད།

དེ་ཡང་ཕོ་བྲང་གི་མཇལ་འཕྲད་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་མི་རྣམས་མགོན་པོ་མཆོག་ལ་ངོ་སྤྲོད་དང་འབྲེལ་མཇལ་ཁ་ཞུས་རྗེས་ཨ་རིའི་གྲོས་ཚོགས་འོག་མའི་ཁྲལ་བསྡུ་དང་ཐབས་བྱུས་ཚོགས་ཚོང་ (Ways and Means Committee) གི་ཚོགས་གཙོ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཇེ་སན་ སི་མིད་ (Jason Smith) ལགས་ཀྱིས། དེ་རིང་ཁོ་ཚོ་བཅར་ཡོད། ༸རྒྱལ་བ་རིིན་པོ་ཆེ་མཆོག་ལ་མཇལ་ཐུབ་པ་ནི་ཧ་ཅང་བསྐལ་པ་བཟང་པོ་བྱུང་། ཐུགས་རྗེ་ཆེ་ཞེས་ཞུས། 

སྐབས་དེར་༸གོང་ས་མཆོག་གིས། ང་ཚོ་ཚང་མ་འགྲོ་བ་མི་གཅིག་མཚུངས་རེད། ང་ཚོ་ཚང་མ་འཛམ་གླིང་འདིར་མཉམ་དུ་འཚོ་གནས་བྱེད་བཞིན་ཡོད། ང་ཚོར་ལྟ་ཚུལ་མི་འདྲ་བ་དང་། སྲོལ་རྒྱུན་གྱི་གོམས་སྲོལ་མི་འདྲ་བ་སོགས་ཡོད་ཀྱང་། དེ་དག་གིས་ཕན་ཚུན་ལ་རོགས་རམ་བྱེད་པ། ཕན་ཚུན་ལ་ཞབས་ཞུ་སྒྲུབ་པར་བེད་སྤྱོད་བྱ་དགོས། ནུབ་ཕྱོགས་པའི་རྒྱབ་སྐྱོར་དང་ལྷག་པར་ཨ་མི་རི་ཀའི་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད་པར་ཧ་ཅང་དགའ་ཚོར་ཡོད། ཅེས་བཀའ་སྩལ་ཡོད།

ཐེངས་རྡ་རམ་ས་ལར་ཆེད་ཕེབས་གནང་བའི་ཨ་རིའི་ཁྲལ་བསྡུ་དང་ཐབས་བྱུས་ཚོགས་ཚོང་གི་ཚོགས་མི་རྣམས་ནི། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཇེ་སོན་སི་མིཌ་ (Jason Smith) ལགས་དང་། གྲོས་ཚོགས་འཐུས་མི་དེ་ཝིཌ་ཤི་ཝེ་ཀཊ་ (David Schweikert) ལགས། གྲོས་ཚོགས་འཐུས་མི་ཨེ་ལིས་སི་ཊེ་ཕ་ནིཀ་ (Elise Stefanik) ལགས། གྲོས་ཚོགས་འཐུས་མི་ལོ་ར་ཧྥིཌ་མཱན་ (Laura Friedman) ལགས། གྲོས་ཚོགས་འཐུས་མི་ཨེན་ཌི་ཨོ་གཱལ་སི་ (Andy Ogles) ལགས་སོགས་ཡིན།

]]>
ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ། https://www.gyalwarinpoche.com/news/10-21 JIgme Tsering https://www.gyalwarinpoche.com/news/10-21 ༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༢༡ ཉིན་གྱི་ཞོགས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་དང་ལས་ཟུར། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ལས་བྱེད་དང་ལས་ཟུར། བོད་ཀྱི་ཨ་ཅེ་ལྷ་མོ་ཚོགས་པ་དང་ཚོགས་ཟུར། བལ་ཡུལ་བོད་ཀྱི་ལྷ་མོའི་ཚོགས་པའི་ལས་བྱེད་དང་ལས་ཟུར་བཅས་ནས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་དང་ལས་ཟུར། བོད་ཀྱི་ཨ་ཅེ་ལྷ་མོ་ཚོགས་པ་དང་ཚོགས་ཟུར། བལ་ཡུལ་བོད་ཀྱི་ལྷ་མོའི་ཚོགས་པའི་ལས་བྱེད་དང་ལས་ཟུར། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ལས་བྱེད་དང་ལས་ཟུར་བཅས་ཐུན་མོང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་ཞལ་བཞེས་བཀའ་དྲིན་ཆེ་ཐོབ་བཞིན། ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་བསྟན་འགྲོ་སྤྱི་དང་བྱེ་བྲག་རང་ཅག་བོད་གངས་ཅན་པ་ཡོངས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་ཟབ་མོ་རྣམས་ལྷུན་གྱིས་འགྲུབ་པའི་ཕྱིར། ༸གོང་ས་ལྔ་པ་ཆེན་པོའི་དག་སྣང་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཆེད་སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་པ་དང་བསྙེན་མཚམས་པ་སོགས་ནས་ཉིན་གཉིས་རིང་སྐུའི་ཚེ་སྒྲུབ་གནང་ཡོད་པ་དང་།

དེ་རིང་གཟའ་སྐར་དགེ་འཛོམས་ཉིན་སྔ་དྲོའི་ཆུ་ཚོད་ ༦ ཐོག་ཆོག་གྲྭ་འདུས་ཚོགས་ནས་སྐུའི་ཚེ་སྒྲུབ་དང༌། ཆུ་ཚོད་ ༨ དང་སྐར་མ་བཅུའི་ཐོག་༸སྤྱི་ནོར་༸གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་སྒོ་ཆེན་ནས་གདན་ཞུའི་སྐབས་རྣམ་གྲྭའི་སྤྱན་རྒྱ་སྤོས་འཛིན་དང༌། སྦྱིན་བདག་འཐུས་ཚབ་མི་དྲུག་ནས་སྤོས་སྣེ། ཕེབས་ལམ་གཡས་གཡོན་དུ། ཤེལ་གྲོང་འབྲོང་རྩེད། སེངྒེ་གཡུ་རལ་ཅན། མདོ་དབུས་ཁམས་གསུམ་གྱི་གཟབ་མཆོར་སྤྲས་པའི་ཕེབས་གསུ་བ། བོད་ཀྱི་ཟློས་གར་ཚོགས་པའི་བྲོ་པ་བྲོ་མ་རྣམས་ནས་གླུ་དབྱངས། གར་ཁྱུང་དཀར་པོ་འཁྲབ་སྟོན་དང་བཅས་ཕེབས་བསུ་གཟབ་རྒྱས་དང་། གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་སོགས་ནས་ཕེབས་བསུ་དང་བཅས་གདན་ཞུས་ཀྱིས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་གྲུབ་པ་དང་བརྟན་བཞུགས་ཀྱི་དབུ་བཞུགས་རྡོར་སློབ་གླིང་རིན་པོ་ཆེ་མཆོག་ནས་མཇལ་དར་རྐྱང་འབུལ་ཞུས།

བརྟན་བཞུགས་ཀྱི་ཆོ་ག་གསུང་མུར་གསོལ་འབྲས་རིམ་པར་ཕེབས་ཤིང་། དངོས་གཞི་བླ་མ་ལྷར་བསྐྱེད་ནས་བཟུང་ཞལ་འདོན་ཐར་ཆགས་སུ་གསུངས་ཏེ་ཚེ་འགུགས་རྗེས་ཚེ་མདའ་འབུལ་བཞེས་གནང༌། གསོལ་འདེབས་མཎྜལ་སྐབས་དབུ་བཞུགས་རྡོར་སློབ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་ནས་མཎྜལ་ཚོམ་བུ་འདེགས་འབུལ་སྐབས་ནོར་གླིང་འགན་འཛིན་བཀའ་ཟུར་བློ་བཟང་སྙན་གྲགས་དང༌། ཟློས་གར་འགན་འཛིན་དོན་གྲུབ་ཚེ་རིང་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་གཙོ་བྱམས་པ་རྡོ་རྗེ་གསུམ་ནས་ཟུར་འདེགས། མཎྜལ་གྲུབ་རྗེས་དབུ་བཞུགས་སྐུ་བཞེངས་ཐོག་ཞལ་འདོན་ཚིག་བསྟུན་གྱིས་སྐུ་རྟེན། གསུང་རྟེན། ཐུགས་རྟེན། ཚེ་བུམ། ཚེ་ཆང༌། ཚེ་རིལ། མདའ་དར། དབང༌། དྲག་པོ། ཞི་བ། རྒྱས་པ་ བཅས་ཀྱི་ལས་བཞི་འབྲང་རྒྱས་དང༌། བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད་བཅས་ཕུལ་ཟིན་པ་དང་དབུ་བཞུགས་མཆོག་མཇལ་ཁ་དང་། ཞལ་འདོན་༸རྒྱལ་བའི་ཞབས་བརྟན་གསུང་མུར་སྦྱིན་བདག་གི་འཐུས་ཚབ་མི་བཅོ་བརྒྱད་ནས་མཇལ་ཞུ་དང༌། འབུལ་དངོས་སྤྱན་ལམ་དུ་བསྟར། ཡོན་འགྱེད། ཚོགས་འགྲེམས། གླུ་དབྱངས་ཀྱི་མཆོད་པ་ཕུལ།

གཏང་རག་མཎྜལ་ཚོམ་བུ་བརྟན་བཞུགས་སྦྱིན་བདག་འཐུས་ཚབ་ནོར་གླིང་འགན་འཛིན་ཚེ་རིང་ཕུན་ཚོགས་ནས་འདེགས་འབུལ། ཟློས་གར་འཐུས་མི་ནས་སྐུ་དང༌། བལ་ཡུལ་ལྷ་མོ་ཚོགས་པ་ནས་གསུང༌། ནོར་གླིང་ནས་ཐུགས་རྟེན་བཅས་རིམ་པར་ཕུལ་ཏེ་ཚོགས་མི་གྲངས་ ༡༥ ནས་མཇལ་ཁ་ཞུས་པ་དང་། ཚོགས་མང་ནས་ཉི་གཞོན་འཆར་ཀ་མ་དང༌། བསྟན་འབར་མ། (ཀ་ཁྲི་སྒྲོག) བཀྲ་ཤིས། བདེན་ཚིག་སྨོན་ལམ་བཅས་གསུངས་ནས་བརྟན་བཞུགས་དངོས་གཞི་ལེགས་པར་གྲུབ་རྗེས། འཐུས་ཚབ་མི་དྲུག་ནས་སྤོས་སྣེ་དང༌། རྣམ་གྲྭའི་སྤྱན་རྒྱ་བཅས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་དུ་གདན་འདྲེན་ཞུས་ཡོད།

]]>
དགེ་བཤེས་མའི་བསླབ་པ་མཐར་སོན་གྱི་དམ་འཇོག་དང་མཛད་སྒོར་ཆིབས་བསྒྱུར། https://www.gyalwarinpoche.com/news/10-18 JIgme Tsering https://www.gyalwarinpoche.com/news/10-18 ༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༡༨ ཉིན་གྱི་ཞོགས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་བརྒྱུད་ནང་བསྟན་གྱི་སྐབས་དགུ་པའི་དགེ་བཤེས་མའི་བསླབ་པ་མཐར་སོན་གྱི་དམ་འཇོག་དང་མཛད་སྒོར་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ནས་ཕོ་བྲང་རྒྱལ་སྒོ་རུ་ཆིབས་བསྒྱུར་སྐབས་གོ་སྒྲིག་ཚོགས་ཆུང་གིས་སྤོས་སྣེ་མདུན་བསུ་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ཁང་གི་གསུང་ཆོས་ར་བར་༸ཞབས་སྟེགས་སུ་འཁོད་མཚམས་བཙུན་མའི་འཇང་དགུན་ཆོས་དང་མཛད་སྒོ་གོ་སྒྲིག་ཚོགས་ཆུང་འཐུས་མིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། དགེ་བཤེས་མའི་བསླབ་པ་མཐར་སོན་པ་རྣམས་ཀྱིས་མཇལ་ཁ་ཞུས།

དེ་རྗེས་དགེ་བཤེས་མ་རྣམས་ཀྱིས་ཐེག་ཆེན་སེམས་བསྐྱེད་སྐོར་གྱི་རྟགས་གསལ་གཟིགས་འབུལ་དང་། འཇང་དགུན་ཆོས་ཀྱི་ཆོས་ཐོག་ལ་ཕེབས་པའི་བཙུན་མ་རྣམས་ཀྱིས་རྣམ་འགྲེལ་རྩ་བའི་མཆོད་བརྗོད། རྟོག་པའི་དྲ་བ་རྣམ་བསལ་ལས་འཕྲོས་ཏེ་ྋརྒྱལ་དབང་དགེ་འདུན་གྲུབ་ཀྱི་ཚད་མ་རིགས་རྒྱན་ལྟར་གྱི་གང་ཟག་གི་བདག་ངོས་བཟུང་བ། གང་ཟག་གི་བདག་མེད་སྒྲུབ་པའི་རྟགས་ཡང་དག་སྐོར་གྱི་རྟགས་གསལ་བཅས་རིམ་པར་གཟིགས་འབུལ་ཞུས་རྗེས། མགོན་པོ་གང་ཉིད་མཆོག་གིས་མཛད་པའི་འཕགས་བོད་གྲུབ་ཆེན་སྐྱེས་མའི་གསོལ་འདེབས་དད་པའི་མཆོད་སྤྲིན་ཞེས་བྱ་བ། སྲིད་ཞི་བདེན་སྟོང་མཉམ་པ་ཉིད་གཟིགས་པས། ། ཕོ་མོ་མཉམ་ཉིད་གདོད་ནས་དག་པའི་གཤིས། ། ངོ་མཚར་རྟེན་འབྱུང་ཆོས་ཉིད་གསལ་མཛད་པའི། ། ཐུབ་དབང་སྨྲ་བའི་དབང་པོར་མགོས་ཕྱག་འཚལ། ། ཞེས་སོགས་ཀྱི་ལྗགས་ལུང་བཀའ་དྲིན་སྩལ་རྗེས་སྐུ་པར་ལྷན་སྒྲོན་མཛད།

མཐར་མགོན་པོ་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དུས་འཁོར་ལྷ་ཁང་དུ་གནས་གཟིགས་དང་། ཐུབ་དབང་ལྷ་ཁང་དུ་རྣམ་རྒྱལ་གྲྭ་ཚང་གི་སློབ་གཉེར་བས་རྩོད་རྒྱུགས་གཏོང་བཞིན་པར་འཁྱུག་ཙམ་རིང་གཟིགས་ཞིབ་མཛད་རྗེས་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད།

]]>
ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ལ་མཇལ་འཕྲད་གནང་བ། https://www.gyalwarinpoche.com/news/9-30 JIgme Tsering https://www.gyalwarinpoche.com/news/9-30 ༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༣༠ ཉིན་གྱི་ཞོགས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ཕོ་བྲང་དུ་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་བྷི་རི་ཨན་མཱ་སི་ཊི་ (Brian Mast) མཆོག་གིས་དབུ་ཁྲིད་པའི་སྤྱི་མཐུན་ཚོགས་པའི་འཐུས་མི་བྷི་རི་ཨན་མཱ་སི་ཊི་ (Brian Mast) དང་། ཇེམས་གྷལ་ལཱ་གྷར་ (James Gallagher)། ཇི་མི་པཱ་ཊོ་ནི་སི་ (Jimmy Patronis) དང་། མང་གཙོ་ཚོགས་པའི་འཐུས་མི་ཤྲི་ཐཱ་ནེ་ཌར་ (Shri Thanedar) དང་། ཧེ་ལི་སི་ཊིབ་སི་ (Haley Stevens) བཅས་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ལ་མཇལ་འཕྲད་གནང་བ་དང་། དེ་རྗེས་ཐའེ་ཝན་ཚོགས་གཉིས་ཆོས་ཚོགས་ཀྱི་ཚོགས་མི་ ༤༡༢ ལ་མཇལ་ཁ་དང་ལྗགས་ལུང་ཁག་ཅིག་སྩལ་ཡོད་པ་རེད།

དེ་ཡང་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་འཐུས་མི་ཚོར་མཇལ་འཕྲད་སྐབས་སུ་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་བྷི་རི་ཨན་མཱ་སི་ཊི་ (Brian Mast) མཆོག་གིས་༸གོང་ས་མཆོག་ཁྱོད་ཀྱིས་སྣེ་ལེན་དང་འབྲེལ་ང་ཚོའི་མཉམ་དུ་དུས་ཚོད་བཏང་བར་ཐུགས་རྗེ་ཆེ་ཞུ། དེ་ནི་ང་ཚོར་ཆེ་མཐོང་ཆེན་པོ་ཞིག་རེད། ཅེས་སྙན་སེང་ཞུས་པ་དང་། མགོན་པོ་མཆོག་གིས། ངོས་རང་ལ་གཞིས་ལུས་བོད་རྒྱ་ཆེའི་མི་མང་དང་། རྒྱ་གར་དུ་ཡོད་པའི་བོད་པ་ཚོ་ཚང་མས་རེ་བ་བྱེད་བཞིན་ཡོད། ངོས་ཀྱིས་བོད་མི་རིགས་ཀྱི་ལམ་སྲོལ་བཟུང་ནས་བསྡད་ཡོད། དེ་ལ་དོ་སྣང་ཆེན་པོ་བྱེད་ཀྱི་འདུག

ངོས་རང་ཞོགས་པ་ཡར་ལངས་པ་དང་ང་ཚོའི་བོད་མིའི་ཞི་བདེ་དོན་གཉེར་གྱི་སེམས་དེ་དྲན་ཡོང་གི་འདུག ད་ལྟའི་བར་དུ་ངོས་ཀྱི་གཟུགས་པོ་ནི་ཧ་ཅང་བདེ་པོ་འདུག ངོས་རང་མགོ་དམར་མ་རེད། ཅེས་སྐུ་རྩེད་གནང་ཞིང་། སྐུ་ཞབས་བྷི་རི་ཨན་མཱ་སི་ཊི་མཆོག་གིས་ཁྱེད་ནི་སྐུ་གཟུགས་ཧ་ཅང་བཟང་པོ་ཞིག་རེད། མི་མང་པོ་ཞིག་གིས་ཁྱེད་ལྟར་སྐུ་གཟུགས་ཡག་པོ་མཐོང་རྒྱུའི་རེ་བ་བྱེད་བཞིན་ཡོད། ཅེས་དང་། ༸གོང་ས་མཆོག ང་ཚོས་ཁྱེད་ལ་ཕྱག་རྟགས་ཤིག་འཁྱེར་ཡོང་ཡོད། བོད་ཀྱི་མེ་ལྕེ་གསོན་པོར་གནས་པ་ནི་རང་དབང་གི་མེ་ལྕེ་གསོན་པོར་འཇོག་པའི་ཆེད་དུ་རེད། ང་ཚོའི་རང་དབང་གི་མེ་ལྕེ་དེ་ལོ་ངོ་ ༢༥༠ སྔོན་ལ་བྱུང་བ་དང་། ངས་ང་ཚོའི་རྒྱལ་ཁབ་ཀྱི་ལྟེ་གནས་སྟེང་དུ་རྒྱལ་དར་འདི་ང་ཚོར་རང་བཙན་ཐོབ་པའི་དུས་ཆེན་ཐེངས་ ༢༥༠ སྐབས་བསྒྲེངས་པ་ཡིན། ཁྱེད་ཚོར་ཡང་དེ་ལྟ་བུའི་དུས་ཚོད་ཡོང་བར་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་སྙན་སེང་དང་འབྲེལ་ཨ་རིའི་རྒྱལ་དར་ཞིག་ཕྱག་རྟགས་སུ་འབུལ་ལམ་ཞུས་ཤིང་།

༸གོང་ས་མཆོག་གིས། བོད་མི་མང་གིས་ཏཱ་ལའི་བླ་མ་ཞེས་ཡིད་ཆེས་དང་ཧ་ཅང་དགའ་བོ་བྱེད་ཀྱི་ཡོད། ངོས་ཀྱིས་བོད་མིའི་ཚབ་བྱེད་ནས་སྐད་ཆ་བཤད་པ་ལ་སྤོབས་པ་ཡོད། ཅེས་བཀའ་སློབ་སྩལ་རྗེས་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་རྣམ་པ་རེར་མཇལ་ཁ་དང་། ཕྱག་རྟགས་གནང་ཡོད་པ་དང་། མཐར་མཇལ་འཕྲད་ཁང་གི་མདུན་ཐང་དུ་ཐའེ་ཝན་ནས་ཕེབས་པའི་ཚོགས་གཉིས་ཆོས་ཚོགས་ཀྱི་ཚོགས་མི་རྣམས་ལ་ཐུབ་པའི་མཚན་སྔགས་དང་མ་ཎི་ཡི་གེ་དྲུག་མ་སོགས་ཀྱི་ལྗགས་ལུང་བཀའ་དྲིན་སྩལ་ཡོད་པ་རེད།

]]>
མར་ཡུལ་ལ་དྭགས་ཀྱི་མཛད་འཕྲིན་རེ་ཞིག་ལེགས་པར་གྲུབ་ནས་རྡ་རམ་ས་ལར་ཆིབས་བསྒྱུར་བསྐྱངས་པ། https://www.gyalwarinpoche.com/news/9-4 JIgme Tsering https://www.gyalwarinpoche.com/news/9-4 ༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ནས་ཟླ་བ་གཉིས་ལྷག་གི་མཛད་འཕྲིན་རེ་ཞིག་ལེགས་པར་གྲུབ་ནས་གླེ་ཡི་བ་ཀུ་ལ་གནམ་ཐང་ནས་མཁའ་ལམ་བརྒྱུད་རྡ་རམ་ས་ལར་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་ ༦ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་ལ་དྭགས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པ་དང་། ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་ལ་དྭགས་ནང་པ་ཚོགས་འདུ་དང་ལ་དྭགས་དགོན་པ་ཡོངས་ཀྱི་ཚོགས་པ། དབུས་བོད་མིའི་སྒྲིག་འཛུགས་བཅས་ཀྱིས་ལ་དྭགས་ཞི་བའི་ཚལ་གསུང་ཆོས་རྭ་བར་སྐུའི་འཁྲུངས་སྐར་གཟབ་རྒྱས་སྲུང་བརྩི་ཞུས་པར་མགོན་པ་གང་ཉིད་མཆོག་ཆིབས་བསྒྱུར་བསྐྱངས་ཏེ་བཀའ་སློབ་བཀའ་དྲིན་སྩལ། ཚེས་ ༡༩ ཉིན་ལ་དྭགས་ཏོག་ཡུལ་གྱི་ཐུབ་དབང་སྐུ་བརྙན་ཆེན་མོར་མཆོད་མཇལ་དུ་ཆིབས་བསྒྱུར་གྱིས་ལ་དྭགས་དམག་སྡེའི་ཁྲོད་ཀྱི་ཏོག་གི་སྐོར་སྲུང་དམག་མི་ཟུར་པས་གཙོས་དད་ལྡན་མི་མང་ལ་བཀའ་སློབ་དང་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད།

དེ་བཞིན་ཟླ་ ༨ ཚེས་ ༩ ཉིན་ལ་དྭགས་ལྕོག་ལམ་སར་གྱི་ཉེ་ཁུལ་དུ་རྟེན་གཞི་བྱས་པའི་མ་ཧཱ་བྷོ་དྷི་རྒྱལ་སྤྱིའི་སྒོམ་སྒྲུབ་ལྟེ་གནས་ཁང་དུ་ཆིབས་བསྒྱུར་གྱིས་སངས་རྒྱས་སྟོང་སྐུར་རབ་གནས་བྱིན་རླབས་དང་། ལྟེ་གནས་ཀྱི་བགྲེས་ཁང་ལུས་སྟོབས་ཉམས་ཆུང་ཀུན་གྱི་ཁྱིམ་ཞེས་པའི་རྨང་རྡོ་འཇོག་གནང་མཛད་ཡོད་པ་དང་། ཚེས་ ༡༦ ཉིན་བོད་དང་རྒྱ་གར་གྱི་ས་མཚམས་ཀྱི་དམག་སྡེ་(ITBF)ཡི་སྤྱི་ཁང་གསར་པ་དབུ་འབྱེད་བྱིན་རླབས་དང་། གླེ་ཡི་དགོན་པ་གྲོང་སྡེའི་སྟོན་པའི་སྐུ་བརྙན་ཆེན་མོར་གནས་གཟིགས་དང་རབ་གནས་མཛད། ཚེས་ ༢༣ ཉིན་མང་སྤྲོ་དགོན་པར་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྟེ་ཆོས་འབྲེལ་བཀའ་དྲིན་སྩལ་བ་དང་། ཚེས་ ༣༠ ཉིན་ལ་དྭགས་ནང་པའི་ཚོགས་འདུ་དང་། ལ་དྭགས་དགོན་ཚོགས། ལ་དྭགས་བསོད་ནམས་གླིང་གཞིས་ཆགས་བཅས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་ཞི་བའི་ཚལ་གསུང་ཆོས་ར་བར་བརྟན་བཞུགས་བསྟར་འབུལ་ཞུས་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༢༨ ནས་ཟླ་ ༩ ཚེས་ ༤ བར་ལ་དྭགས་ས་གནས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ནས་གོང་གསལ་མཛད་འཕྲིན་ལས་གཞན་ལ་དྭགས་ཕོ་བྲང་དགེ་འཕེལ་གླིང་དུ་ཁྱོན་ཉིན་གྲངས་ ༤༩ རིང་ཕྱི་རྒྱལ་ཡུལ་གྲུ་ཁག་དང། ཧི་མ་ལ་ཡའི་རི་རྒྱུད། རྒྱ་གར། ས་གནས་མི་མང་། བོད་མི་མང་ཚོགས་བཅས་ཁྱོན་མི་གྲངས་ ༢༡༥༧༢ ལ་མཇལ་མང་སྩལ་ཡོད་པ་དང་། ཟླ་ ༩ ཚེས་ ༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་གླེ་ཞི་བའི་ཚལ་དུས་འཁོར་ལྷ་ཁང་དུ་ལ་དྭགས་ནང་པའི་ཚོགས་འདུ་དང་དགོན་ཚོགས་བཅས་ནང་པའི་ཚོགས་པ་དང་། ལ་དྭགས་ཨན་ཇུ་མན་ཨི་མ་མི་ཡ། (Anjuman Immamia) ཨན་ཇུ་མན་མོ་ཡིན་ཨུལ་ཨི་སི་ལཱམ་ (Anjuman Moin-Ul Islam)བཅས་ཁ་ཆེའི་སོ་ནི་དང་ཤི་ཡ་ཆོས་ཚོགས། དེ་བཞིན་གླེ་ཡི་ཡི་ཤུའི་ཚོགས་ (Christian Community of Leh) བཅས་ཐུན་མོང་ནས་གོ་སྒྲིག་ཞུས་པའི་གུས་བསྟོད་གསོལ་སྟོན་ལ་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།


]]>
གླེ་ཡི་ཆོས་ལུགས་ཁག་ཐུན་མོང་གིས་གུས་བསྟོད་གསོལ་སྟོན་འདེགས་འབུལ་ཞུས་པ། https://www.gyalwarinpoche.com/news/9-1 JIgme Tsering https://www.gyalwarinpoche.com/news/9-1 ༄༅། །ཕྱི་ལོ་༢༠༢༦ ཟླ་ ༩ ཚེས་ ༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་གླེ་ཞི་བའི་ཚལ་དུ་ལ་དྭགས་ནང་པའི་ཚོགས་འདུ་དང་དགོན་ཚོགས་བཅས་ནང་པའི་ཚོགས་པ་དང་། ལ་དྭགས་ཨན་ཇུ་མན་ཨི་མ་མི་ཡ། (Anjuman Immamia) ཨན་ཇུ་མན་མོ་ཡིན་ཨུལ་ཨི་སི་ལཱམ་ (Anjuman Moin-Ul Islam)བཅས་ཁ་ཆེའི་སོ་ནི་དང་ཤི་ཡ་ཆོས་ཚོགས། དེ་བཞིན་གླེ་ཡི་ཡི་ཤུའི་ཚོགས་ (Christian Community of Leh) བཅས་ཐུན་མོང་ནས་གོ་སྒྲིག་ཞུས་པའི་གུས་བསྟོད་གསོལ་སྟོན་ལ་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།

དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༤༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གླེ་ཡི་ཆོས་ལུགས་ཁག་གི་འཐུས་ཚབ་མི་སྣས་ཕེབས་བསུ་དང་བཅས་ཕོ་བྲང་དགེ་འཕེལ་གླིང་ནས་ཞི་བའི་ཚལ་དུ་ཆིབས་བསྒྱུར་གྱིས་གསོལ་སྟོན་དུ་དབུ་བཞུགས་མཛད་མཚམས་ལ་དྭགས་ནང་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་རྡོ་རྗེ་ལགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཁུལ་དུ་ཆིབས་བསྒྱུར་གྱིས་མཛད་འཕྲིན་བསྐྱངས་པར་བཀའ་དྲིན་ཆེ་ཞུས་པ་སོགས་ཕེབས་བསུའི་གསུང་བཤད་གནང་རྗེས་ལ་དྭགས་ཀྱི་སྲོལ་རྒྱུན་བསྟོད་གཞས་ཤིག་གཟིགས་འབུལ་ཞུས།

དེ་རྗེས་མུ་མཐུད་ཨན་ཇུ་མན་ཨི་མཱ་མི་ཡའི་ཚོགས་གཞོན་ཤེ་ཁ་ནཱ་ཛིར་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཙམ་མ་ཡིན་པར་འཇིག་རྟེན་ཡོངས་ལ་བཀའ་དྲིན་ཆེན་པོ་ཡིན་པ་སོགས་གསུང་བཤད་དང་། ཁ་ཆེའི་ཆོས་ལུགས་ཨན་ཇུ་མན་མོན་གྱི་ཚོགས་གཙོ་མོ་ཧ་མཱད་ཤཱ་ཧྥི་ལཱ་སུ་ལགས། གླེ་ཡི་ཤུའི་ཚོགས་པའི་ཚོགས་གཙོ་བདེ་ཆེན་ཆམ་གྷ་ལགས་བཅས་ནས་རིམ་པར་གསུང་བཤད་གནང་རྗེས། ལ་དྭགས་ཡུལ་མི་སོགས་ཚོགས་སྡེ་ཁག་དང་། བསོད་ནམས་གླིང་བོད་མིའི་གཞིས་ཆགས་སོགས་ནས་འཁྲབ་གཞས་གཟིགས་འབུལ་ཞུས། མཐར་ལ་དྭགས་དགོན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་རྡོ་རྗེ་བསྟན་འཛིན་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད།

]]>
མར་ཡུལ་ལ་དྭགས་ནས་གནས་བཅུ་དང་འབྲེལ་བའི་མདོ་ལུགས་བརྟན་བཞུགས་བསྟར་འབུལ་ཞུས་པ། https://www.gyalwarinpoche.com/news/8-30 JIgme Tsering https://www.gyalwarinpoche.com/news/8-30 ༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༣༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་ནང་པའི་ཚོགས་འདུ་དང་། ལ་དྭགས་དགོན་ཚོགས། ལ་དྭགས་བསོད་ནམས་གླིང་གཞིས་ཆགས་བཅས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་ཞི་བའི་ཚལ་གསུང་ཆོས་ར་བར་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བསྟན་འགྲོ་སྤྱི་དང་བྱེ་བྲག་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པའི་སླད་དུ། ལ་དྭགས་ནང་པའི་ཚོགས་འདུ་དང་། ལ་དྭགས་དགོན་ཚོགས། ལ་དྭགས་བསོད་ནམས་གླིང་གཞིས་ཆགས་བཅས་ནས་གནས་བཅུ་དང་འབྲེལ་བའི་མདོ་ལུགས་བརྟན་བཞུགས་འབུལ་ཆེད་སྔ་དྲོའི་ཆུ་ཚོད་ ༨།༡༥ ཙམ་ཕོ་བྲང་དགེ་འཕེལ་གླིང་ནས་ནང་ཚོགས་དང་དགོན་ཚོགས་ཀྱི་ཚོགས་གཙོ་དང་། ལ་དྭགས་བསོད་གླིང་བོད་མིའི་གཞིས་ཆགས་ཀྱི་སྤྱི་ཁྱབ་བཀྲ་ཤིས་དོན་གྲུབ་བཅས་ནས་སྤྱན་རྒྱ་སྤོས་སྣེ་དང་བཅས་དུས་འཁོར་ལྷ་ཁང་དུ་གདན་ཞུ་ཞུས་པ་དང་། ལྷ་ཁང་མདུན་ནས་འབྲུག་པ་ཐུགས་སྲས་རིན་པོ་ཆེས་མཇལ་ཁ་ཞུས་ཏེ་དུས་འཁོར་ལྷ་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད།

དེ་རྗེས་བརྟན་བཞུགས་ཀྱི་རྡོར་སློབ་སྐྱབས་རྗེ་འབྲུག་པ་ཐུགས་སྲས་རིན་པོ་ཆེ་མཆོག་ནས་མཇལ་དར་རྐྱང་འབུལ་ཞུས་ཤིང་། ཞལ་འདོན་ཐོག་མར་རྒྱུན་ཆགས་གསུམ་པ་གསུང་མུར་གསོལ་ཇ་བཞེས་འབྲས་ཕེབས་པ་དང་། སྤྱན་འདྲེན་ཁྲུས་གསོལ་སོགས་བརྟན་བཞུགས་ཀྱི་གནང་སྒོ་རིམ་པར་བསྐྱངས་ཏེ། བཟང་སྤྱོད་ཡན་ལག་བདུན་མ། རྩ་རུའི་ཚོགས་མཆོད། ཞལ་ཟས་རོ་བརྒྱ་མ་རིམ་པར་ཕེབས་པ་དང་། དབུ་བཞུགས་འབྲུག་པ་ཐུགས་སྲས་རིན་པོ་ཆེ་མཆོག་གིས་གསོལ་འདེབས་མཎྜལ་སྐབས་ནང་པའི་ཚོགས་འདུ་དང་དགོན་ཚོགས་འཐུས་མི་ནས་མཎྜལ་ཚོམ་བུ་ཟུར་འདེགས་གནང་། དབུ་བཞུགས་མཆོག་སྐུ་བཞེངས་ཐོགས་མཎྜལ། སྐུ་རྟེན། གསུང་རྟེན། ཐུགས་རྟེན། ན་བཟའ་སྣམ་སྦྱར། བླ་གོས། ཐང་གོས། དབུ་ཞྭ། གདིང་བ། ལྷུང་བཟེད། མཁར་བསིལ། རྒྱལ་སྲིད་སྣ་བདུན། བཀྲིས་རྟགས་བརྒྱད། བཀྲིས་རྫས་བརྒྱད་བཅས་ཕུལ་ཏེ་ཚོགས་མི་རྣམས་ཀྱིས་རིམ་བཞིན་མཇལ་ཁ་ཞུས།

དེ་རྗེས་ཉེ་ལམ་བོད་དང་བལ་ཡུལ་གཉིས་ཀྱི་ས་མཚམས་བོད་ཕྱོགས་སྐྱིད་གྲོང་དང༌། བལ་ཡུལ་ཕྱོགས་ར་སུ་ཝ་(Rasuwa)ཁུལ་ས་གནས་མང་པོར་ཆུ་ལོག་དང་ས་རུད་ཚབས་ཆེའི་རྐྱེན་ངན་གོད་ཆག་འོག་འདས་གྲོངས་ཕྱིན་པ་དང་། གར་སོང་ཆ་མེད་དུ་གྱུར་བ། རྨས་སྐྱོན་ཕོག་པ་དང་དཀའ་ངལ་འཕྲད་ཡོད་པའི་བཀའ་ཕེབས་པ་དང་འབྲེལ་བཀའ་སློབ་སྩལ་དོན།

འདིར་འདུས་རབ་བྱུང་ཕོ་མོ་གཙོ་བོར་གྱུར་པའི་ཆོས་དད་སྙིང་ནས་ཡོད་པའི་ཆོས་གྲོགས་ཚོ། ད་རེས་རྐྱེན་ངན་བྱུང་བའི་རྐྱེན་གྱིས་བོད་ནང་གི་གཞིས་ལུས་མི་མང་དང་། དེ་བཞིན་རྒྱ་ནག་གི་ནང་པ་མང་པོར་རྐྱེན་ངན་ཏོག་ཙམ་བྱུང་ཡོད་པ་ལྟ་བུ་རེད། ངོས་རང་ལ་ཆ་མཚོན་ན་རྐྱེན་ངན་རུ་འཛིང་བའི་འོག་ནས་རྒྱ་གར་གྱི་ས་གནས་སུ་འཁོད་པ་རེད། ང་ཚོ་ཚང་མས་ལྷག་བསམ་རྣམ་དག་གི་ཐོག་ནས་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་དང་། བོད་ཙམ་དུ་མ་ཟད་རྒྱ་ནག་ཏུའང་སངས་རྒྱས་ཀྱི་བསྟན་པ་ཤུགས་ཆེན་པོ་རེད། ད་དུང་ཉམས་པ་སོར་ཆུད་དང་། མི་ཉམས་གོང་སྤེལ་ཡག་པོ་དགོས། རྒྱ་ནག་གིས་མཚོན་པའི་བོད་ཀྱི་ས་ཕྱོགས་གང་སར་སངས་རྒྱས་པའི་ཆོས་བསྲེག་གཏུབ་འཕེར་བ་ཞིག་མུ་མཐུད་ནས་ཡར་རྒྱས་འགྲོ་བ་དང་། ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་བར་ང་ཚོ་ཚང་མས་སྨོན་ལམ་རྒྱག་པ་དང་། སྨོན་ལམ་བརྒྱབ་པ་དང་ཆབས་ཅིག་ཆོས་ལག་ལེན་བསྐྱེལ་ནས་འཛམ་གླིང་འདིའི་སྒང་གང་སར་དར་ཡོད་པ་རེད།

དེ་རིང་སྐབས་སུ་བབ་པ་བོད་ཀྱི་ས་ཆ་དམིགས་བསལ་ཅན་འདིའི་སྒང་ལ་སངས་རྒྱས་པའི་ཆོས་འདི་སྤུས་དག་པོ་ཞིག་མུ་མཐུད་ནས་ཡོང་ཐུབ་པ་ཞིག་དང་། དེ་བརྒྱུད་ནས་ད་ལྟ་ཡིན་ནའང་འཛམ་གླིང་ནུབ་ཕྱོགས་སོགས་གང་ས་གང་དུ་སངས་རྒྱས་པའི་ཆོས་དར་རྒྱས་ཆེན་པོ་ཡོད་པ་ཞིག་རེད། རྒྱ་ནག་ཏུའང་ནང་པའི་ཆོས་ཤུགས་ཆེན་པོ་དར་གྱི་འདུག ཡུ་རོབ་ཁུལ་དུའང་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་བཞིན་ཡོད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་བྱེད་མི་མང་དང་། གང་ལྟར་སངས་རྒྱས་པའི་ཆོས་ལ་དད་མོས་རྩེ་གཅིག་བྱེད་མཁན་ཚང་མས་འཛམ་གླིང་འདིར་སངས་རྒྱས་ཆོས་རྒྱ་ཆེ་གཏིང་ཟབ་ཅིག་ཡོད་པ་འདི་མི་ཉམས་གོང་འཕེལ་དང་། ཉམས་པ་སོར་ཆུད་ལ་ངོས་ནས་སྨོོན་ལམ་རྒྱག ཁྱོད་རང་ཚོས་ཀྱང་སྨོན་ལམ་རྒྱོབ།

དེ་རིང་རྒྱ་གར་འཕགས་པའི་ཡུལ་གཙོ་བོར་གྱུར་པའི་ནང་པ་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་མཁན་གྱི་ས་ཁུལ་མང་པོའི་མི་སྣ་འདིར་འཛོམས་ཡོད་པ་རེད། ཚང་མས་ཆོས་ཟེར་བ་ཁ་ནས་ཚིག་ཙམ་འདོན་པ་མ་ཡིན་པར་དོན་དག་ལག་ལེན་གྱི་ཐོག་ནས་རྒྱལ་བའི་དགོངས་པ་དང་མཐུན་པ་ཞིག་བྱེད་ཀྱི་ཡིན་བསམ་པ་དང་། སངས་རྒྱས་པའི་ཆོས་ཀྱི་གནད་འགག་ཤེས་པའི་ཐོག་ནས་བྱེད་དགོས། ངོས་རང་ལ་མཚོན་ན་སངས་རྒྱས་པའི་ཆོས་ཀྱི་ཉམས་ལེན་ཧུར་ཐག་བྱེད་བཞིན་ཡོད། ཁྱོད་རང་ཚོས་ཀྱང་དེ་དེ་བཞིན་སངས་རྒྱས་པའི་ཆོས་ཁ་ནས་བཤད་པ་ཙམ་མ་ཡིན་པར་ལག་ལེན་གྱི་ཐོག་ནས་ཉམས་ལེན་ཧུར་ཐག་གནང་ཤོག ཅེས་བཀའ་སློབ་སྩལ་བ་དང་།

དེ་རྗེས་ཐུབ་པའི་མཚན་སྔགས་ཀྱི་ལྗགས་ལུང་དང་། སྤྱན་རས་གཟིགས་ཀྱི་གཟུངས་སྔགས། རྗེ་བཙུན་འཇམ་པའི་དབྱངས་ཀྱི་གཟུངས་སྔགས། སྒྲོལ་མའི་གཟུངས་སྔགས། གུ་རུའི་མཚན་སྔགས་བཅས་ཀྱི་ལྗགས་ལུང་བཀའ་དྲིན་སྩལ་རྗེས། དགེ་བ་འདི་ཡིས་མྱུར་དུ་བདག། ཐུབ་དབང་ལ་སོགས་འགྲུབ་གྱུར་ནས།། འགྲོ་བ་གཅིག་ཀྱང་མ་ལུས་པ།། དེ་ཡི་ས་ལ་འགོད་པར་ཤོག། ཅེས་བསྔོ་བ་མཛད་རྗེས། ང་ཚོ་བོད་ཀྱི་མཐའ་མཚམས་ལ་བསྡད་ཡོད་པ་རེད། ཡིན་ནའང་། སངས་རྒྱས་པའི་ཆོས་ཀྱི་བྱིན་རླབས་བརྟན་པོར་ཡོད། དེ་བརྒྱུད་ནས་རིམ་པར་རྒྱ་གར་ནག་གི་ས་ཆ་དང་། ལྷག་པར་དུ་རྒྱ་ནག་ཏུ་ནང་པ་སངས་རྒྱས་པའི་ཆོས་ཡག་པོ་དར་ཐུབ་པ་ཞིག་རེད། དེང་སང་ནུབ་ཕྱོགས་རྒྱལ་ཁབ་ཏུའང་ནང་པའི་ལྟ་གྲུབ་སྐོར་ལ་དོ་སྣང་གསར་པ་ཞིག་སླེབས་ཀྱི་ཡོད། ནུབ་ཕྱོགས་རྒྱལ་ཁབ་དང་ཨ་ཧྥུ་རི་ཀའི་ནང་སོགས་སུ་ལྟ་གྲུབ་དང་འབྲེལ་བའི་སངས་རྒྱས་པའི་ཆོས་འདི་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱིས་བསྟན་པ་དར་རྒྱས་ཡག་པོ་ཞིག་ཡོང་བ་ལ་ཚང་མས་ཐུགས་སྨོན་གནང་རོགས། ཞེས་བཀའ་སློབ་བཀའ་དྲིན་སྩལ།

མཐར་གནོད་ཐེབས་ས་ཁུལ་གྱི་འདས་གསོན་ཡོངས་ལ་དམིགས་ནས་ཚོགས་མང་གིས་འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་མ་ཎི་ཡི་གེ་དྲུག་མ་ཕྲེང་སྐོར་གཅིག་བགྲངས་གསོག་མཛད་པ་དང་། དབུ་མཛད་ནས་༸རྒྱལ་བའི་ཞབས་བརྟན་གསུང་མུར་འབུལ་དངོས་སྤྱན་ལམ་དུ་བསྟར། གཏང་རག་མཎྜལ་སྐབས་སུ་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཡིས་གཙོས་ཚོགས་མི་ཁག་ཅིག་ལ་མཇལ་ཁ་དང་འབྲེལ་ཉི་གཞོན་འཆར་ཀ་མ། རིས་མེད་བསྟན་རྒྱས་སྨོན་ལམ་གསུང་སྐབས་ཀ་ཁྲི་སྒྲོག་བཀྲ་ཤིས་དང་བདེན་ཚིག་སྨོན་ལམ་བཅས་གསུངས་ཏེ་བརྟན་བཞུགས་ལེགས་པར་གྲུབ་པ་དང་། ཐེངས་འདིར་ལ་དྭགས་གླེ་ཁུལ་གྱི་མི་མང་གིས་གཙོས་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་ཁྱོན་ཆིག་ཁྲི་ལྔ་སྟོང་བརྒལ་བ་ལྷན་འདུས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།

]]>
ལ་དྭགས་དབྱར་ཆོས་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་པ། https://www.gyalwarinpoche.com/news/8-23 JIgme Tsering https://www.gyalwarinpoche.com/news/8-23 ༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༢༣ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མང་སྤྲོ་དགོན་པར་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་པ་རེད།

དེ་ཡང་ཆུ་ཚོད་༨།༣༠ ཙམ་ལ་ཤེལ་གྱི་ཞི་བའི་ཚལ་ཕོ་བྲང་ནས་མང་སྤྲོ་དཔལ་ཐུབ་བསྟན་ཤྭ་གླིང་ཆོས་འཁོར་དགོན་དུ་ཆིབས་བསྒྱུར་བསྐྱངས་ཤིང་། ཕེབས་ལམ་དུ་ཡུལ་མི་རྣམས་ཀྱིས་ལག་ཏུ་མེ་ཏོག་དང་བདུག་སྤོས་སོགས་ཐོགས་ནས་ཕེབས་བསུ་དང་བཅས་མངོན་པར་དགའ་བའི་ཕོ་བྲང་མདུན་ཐང་དུ་༸ཞབས་སོར་འཁོད་པ་དང་། སྐབས་དེར་ཆོས་ར་རུ་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ཀྱིས་རྟགས་གསལ་གཟིགས་འབུལ་དང་། ཁྲིག་རྩེ་རིན་པོ་ཆེ། འབྲུག་པ་ཐུགས་སྲས་རིན་པོ་ཆེ། ས་སྐྱའི་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་ཨ་སངྒ་བཛྲ་རིན་པོ་ཆེ། གོ་སྒྲིག་ཚོགས་ཆུང་གི་འཐུས་མི་སོགས་ཀྱིས་ཕེབས་བསུ་དང་། མངོན་པར་དགའ་བའི་ཕོ་བྲང་དུ་དུས་ཡུན་ཐུང་ཙམ་རིང་སྐུས་ངལ་གསོ་མཛད་ཡོད།

ཆུ་ཚོད་ ༡༠།༠༠ ཙམ་ལ་དབྱར་ཆོས་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་ཐོག་མར་མཆོད་མེ་ཞལ་འབྱེད་དང་། དེ་རྗེས་ས་སྐྱའི་གདུང་སྲས་ཨ་སངྒ་བཛྲ་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་གྱིས་མཇལ་ཁ་ཞུས་རྗེས། མང་སྤྲོ་དགོན་པའི་མཁན་རིན་པོ་ཆེ་འཕྲིན་ལས་ཆོས་གསལ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་ཞིང་། དབྱར་ཆོས་ཆེན་མོར་ཕེབས་པའི་དགེ་འདུན་པ་དང་བཙུན་མ། སློབ་ཕྲུག་རྣམས་ཀྱིས་རྟགས་གསལ་གཟིགས་འབུལ་ཞུས་ཡོད།

མཐར་ལ་དྭགས་ཀྱི་སྲོལ་རྒྱུན་ཞབས་གཞས་ཤིག་གཟིགས་ཤིག་གཟིགས་འབུལ་གྲུབ་མཚམས་ཇི་ལྟར་བཀའ་སློབ་བཀའ་དྲིན་སྩལ་གནང་ཡོང་བའི་གསོལ་འདེབས་དང་འབྲེལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།

སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་རིམ་པ་མང་པོ་བསྐོར་ནས་གསུངས་པའི་ཆོས་ནི་བོད་གངས་ཅན་གྱི་ལྗོངས་ལ་ལེགས་སྦྱར་སྐད་ནས་བོད་སྐད་དུ་བསྒྱུར་ཅིང་། བོད་པ་ཚོས་བོད་ཡིག་གི་ཐོག་ནས་སློབ་སྦྱོང་བྱས་པ་དང་། སློབ་སྦྱོང་དེ་ཡང་ཚིག་ཙམ་ལ་མ་བཞག་པར་མཐའ་ཆོད་པ་ཞིག་ལ་རྩོད་པ་བརྩད་ནས་སྦྱངས་པ་རེད། དཔེར་ན། ངོས་རང་ལ་མཚོན་ན་ཆུང་ཆུང་སྐབས་ནས་བསྡུས་གྲྭ་དང་། དབུ་མའི་གཞུང་བསླབས་པ་རེད། བོད་ལ་ནཱ་ལེནྡྲའི་གཞུང་ཆེན་རྣམས་རྩ་བ་བློ་ལ་འཛིན་ཞིང་། འཕགས་བོད་ཀྱི་མཁས་པ་ཚོས་མཛད་པའི་གཞུང་འགྲེལ་རྣམས་ལ་བལྟ་བ་རེད། ངོས་རང་ཆུང་ཆུང་སྐབས་ནས་གཞུང་ཆེན་རྣམས་ཀྱི་རྩ་བ་བློ་ལ་བཟུང་བ་དང་། འགྲེལ་བ་ལ་གྲྭ་སའི་ཡིག་ཆར་གཞིར་བཞག་གིས་འཆད་རྩོད་རྩོམ་གསུམ་གྱིས་ཕྱིན་པ་རེད། དེ་ལྟ་བུའི་སློབ་སྦྱོང་ནི་དཔལ་ནཱ་ལེནྡྲ་ནས་བརྒྱུད་པ་རེད། ཕྱིས་སུ་ནཱ་ལེནྡྲ་ནི་མིང་སྐམ་པོ་ཞིག་མ་གཏོགས་ཡོད་པ་མ་རེད། ང་ཚོ་བོད་པས་གཞུང་དེ་རྣམས་ལ་བདག་པོ་བརྒྱབ་པ་རེད། ངོས་རང་ལ་མཚོན་ན་མཚན་ཞབས་བདུན་བརྒྱད་ཅིག་ཡོད་པ་རྣམས་དང་མཉམ་དུ་རྟགས་གསལ་གཏོང་བ་དང་། རྩ་འགྲེལ་སྦྲགས་ནས་འགྲེལ་བཤད་རྒྱག་པ་སོགས་བྱས་པ་ཡིན། སྐབས་ཐོག་དེར་ཁྲལ་སྣང་ལྟ་བུ་ཤར་གྱི་འདུག་ཀྱང་། དོན་གྱི་ཆ་ནས་རིགས་ལམ་གྱི་ཐོག་ནས་གཞུང་དེ་དག་ལ་སློབ་སྦྱོང་བྱས་པ་ནི་ཧ་ཅང་བློ་གྲོས་ཀྱི་མིག་འབྱེད་པ་དང་། ཤེས་རབ་ཀྱི་སྣང་བ་མེ་ལྟར་འབར་བའི་ཐབས་ཤེས་དམིགས་བསལ་ཞིག་རེད།

རྒྱ་ནག་ལ་ནང་པའི་ཆོས་དར་གྱི་ཡོད་ཀྱང་རིགས་ལམ་གྱི་འགྲོ་སྟངས་སམ། བཤད་སྦྱངས་བྱ་རྒྱུ་དེ་ཙམ་ཤུགས་ཆེན་པོ་མི་འདུག ང་ཚོ་བོད་ཆོལ་ཁ་གསུམ་དུ་ཚད་མ་རིག་པ་དང་། དབུ་མ། ཕར་ཕྱིན་བཅས་ཆ་ཚང་བ་ཞིག་སློབ་ཀྱི་ཡོད། དེ་ཡང་རྟགས་གསལ་དང་སྦྲགས་ནས་སློབ་སྦྱོང་བྱེད་སྲོལ་ཞིག་ཡོད། སེ་འབྲས་དགའ་གསུམ་གཙོས་འཆད་རྩོད་རྩོམ་གསུམ་གྱི་ཐོག་ནས་སྦྱང་བ་བྱེད་པ་ནི་ཧ་ཅང་ཡག་པོ་ཞིག་རེད། ངོས་རང་ཡང་ཆུང་ཆུང་སྐབས་ནས་བསྡུས་གྲྭ་དང་བློ་རིག རྟགས་རིགས། གཞན་གཞུང་ཆེན་རྣམས་ཁ་ཡོད་ལག་ཡོད་ཀྱིས་སློབ་སྦྱོང་བྱས་པ་ཡིན། བོད་ཀྱི་ཆོས་ཕྱོགས་ཀྱི་རིག་གཞུང་རྣམས་ཧ་ཅང་རྒྱ་ཆེན་པོ་དང་ཞིབ་ཚགས་པོ་རེད།

བོད་ལ་ཆོས་ཀྱི་སློབ་སྦྱོང་བྱེད་པ་ནི་ཧ་ཅང་སྤུས་དག་པོ་རེད། བར་སྐབས་བོད་དུ་ཉམས་ཆག་ཆེན་པོ་ཕྱིན་ཡོད་ཀྱང་། རྒྱ་གར་དུ་སླེབས་ནས་བོད་ལ་ཉམས་ཆག་ཕྱིན་པ་དེ་ག་ཚོད་ཐུབ་ཐུབ་ཀྱིས་བདག་པོ་བརྒྱབ་ནས་མུ་མཐུད་གཞུང་ཆེན་རྣམས་ཀྱི་རྩ་བ་བློ་འཛིན་བྱེད་པ་དང་། འགྲེལ་བ་རྣམས་ལ་ཧུར་ཐག་བྱས་པ་རེད། ང་ཚོའི་མི་རབས་གོང་མ་ཚོས་ཧུར་ཐག་འབད་ཐག་བྱས་པ་རེད། དངོས་གནས་བཀའ་དྲིན་རྗེས་སུ་དྲན་དགོས་པ་རེད་འདུག

དེང་སང་ནང་པའི་གཞུང་ནས་སེམས་ཁམས་རིག་པའི་སྐོར་དང་། ཚད་མ་རིག་པ་ལ་ཚན་རིག་པའི་ནང་ནས་དམིགས་བསལ་དོ་སྣང་བྱེད་བཞིན་འདུག ངོས་རང་འཛམ་གླིང་ས་ཕྱོགས་གང་སར་སླེབས་པའི་སྐབས་སུ་སེམས་ཁམས་རིག་པ་དང་། ཚད་མ་རིག་པའི་སྐོར་ནས་ཚན་རིག་པ་ཚོར་ཐུག་འཕྲད་དུ་ཡོང་གི་འདུག ང་ཚོས་བགྲོ་གླེང་བྱས་པ་ཡིན། མང་པོ་ཞིག་གིས་རིགས་པ་གསར་པ་རྙེད་ནས་ཧ་ཅང་དགའ་བོ་བྱེད་བཞིན་འདུག ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་དུ་ཚད་མ་རིག་པ་དང་འབྲེལ་ནས་ཡོང་དུས་ཐུན་མོང་གི་རིག་གནས་ཆགས་ཡོད། ཚད་མ་རིག་པའི་འགྲོ་སྟངས་དང་མཐུན་པར་དེང་སང་ང་ཚོར་གོ་བསྡུར་བྱེད་པ་ཡོང་གི་ཡོད། རྒྱ་ནག་ལ་མཚོན་ནའང་ཚད་མ་རིག་པའི་སྐོར་ལ་དོ་སྣང་ཆེན་པོ་སླེབ་ཡོང་གི་འདུག ང་ཚོ་བོད་པས་ལོ་སྟོང་ཕྲག་རིང་བདག་པོ་བརྒྱབ་པ་དེ་ད་ལྟ་དུས་རབས་ཉེར་གཅིག་པའི་ནང་དུའང་བེད་སྤྱོད་བྱེད་རྒྱུ་ཡོད་པ་ཞིག་དང་། བསམ་བློ་གཏོང་རྒྱུ་ཡོད་པ་ཧ་ཅང་ཡག་པོ་རེད། ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཅེས་སོགས་བཀའ་སློབ་བཀའ་དྲིན་སྩལ།

མཐར། ཚེ་འདི་ལ་ཞེན་ན་ཆོས་པ་མིན།། འཁོར་བ་ལ་ཞེན་ན་ངེས་འབྱུང་མིན།། བདག་དོན་ལ་ཞེན་ན་བྱང་སེམས་མིན།། འཛིན་པ་བྱུང་ན་ལྟ་བ་མིན།། ཞེས་པ་ཞེན་པ་བཞི་བྲལ་གྱི་ལྗགས་ལུང་དང་། སྟོན་པའི་མཚན་སྔགས། སྤྱན་རས་གཟིགས་ཀྱི་གཟུངས་སྔགས། རྗེ་བཙུན་འཇམ་པའི་དབྱངས་ཀྱི་གཟུངས་སྔགས། སྒྲོལ་མའི་གཟུངས་སྔགས། སློབ་དཔོན་གྱི་མཚན་སྔགས་བཅས་ཀྱི་ལྗགས་ལུང་སྩལ་རྗེས་བསྟོད་གཞས་གཟིགས་འབུལ་དང་། དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་གོ་སྒྲིག་ཚོགས་ཆུང་གི་དྲུང་ཆེ་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་ལེགས་པར་གྲུབ་པ་དང་། མགོན་པོ་གང་ཉིད་མཆོག་གིས་ཉིན་གུང་མངོན་པར་དགའ་བའི་ཕོ་བྲང་དུ་ལྗགས་སྨིན་བསྐྱངས་རྗེས་ཞི་བའི་ཚལ་གྱི་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད།

]]>
དགོན་པ་གྲོང་སྡེའི་སྟོན་པའི་སྐུ་བརྙན་ཆེན་མོར་གནས་གཟིགས་དང་རབ་གནས་མཛད་པ། https://www.gyalwarinpoche.com/news/8-16-2 JIgme Tsering https://www.gyalwarinpoche.com/news/8-16-2 ༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༡༦ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དང་རྒྱ་གར་གྱི་ས་མཚམས་ཀྱི་དམག་སྡེ་(ITBF)ཡི་སྤྱི་ཁང་གསར་པ་དབུ་འབྱེད་བྱིན་རླབས་དང་། གླེ་ཡི་དགོན་པ་གྲོང་སྡེའི་སྟོན་པའི་སྐུ་བརྙན་ཆེན་མོར་གནས་གཟིགས་དང་རབ་གནས་མཛད་ཡོད་པ་རེད།

དེ་ཡང་ཞོགས་པའི་ཆུ་ཚོད་༧/༡༥ ཙམ་ལ་ཞི་བའི་ཚལ་ཕོ་བྲང་ནས་གླེ་ཡི་དགོན་པ་གྲོང་སྡེར་ཆིབས་བསྒྱུར་སྐབས་ཕེབས་ལམ་གཡས་གཡོན་དུ་བསོད་གླིང་བོད་མིའི་གཞིས་ཆགས་ཀྱི་མི་མང་དང་། ལ་དྭགས་ཡུལ་མི་སོགས་ཀྱིས་ཕེབས་བསུ་དང་འབྲེལ་ཆིབས་བསྒྱུར་བསྐྱངས་ཤིང་། ཕེབས་ལམ་དུ་འཁེལ་བའི་གླེ་གྲོང་ཁྱེར་དུ་བོད་དང་རྒྱ་གར་གྱི་ས་མཚམས་ཀྱི་དམག་སྡེ་(ITBF)ཡི་སྤྱི་ཁང་གསར་པ་དབུ་འབྱེད་བྱིན་རླབས་གནང་།

དེ་ནས་གླེ་ཡི་དགོན་པ་གྲོང་ཚོའི་ཐུབ་དབང་སྐུ་བརྙན་ཆེན་མོའི་ཉེ་ཁུལ་དུ་༸ཞབས་སོར་འཁོད་མཚམས་དགོན་པ་གྲོང་ཚོའི་དབུ་སྐྱོང་དང་། སེར་སྐྱ་མི་མང་། སློབ་ཕྲུག་སོགས་ཀྱིས་ཕེབས་བསུ་གནང་ཞིང་། ཐོག་མར་མགོན་པོ་གང་ཉིད་མཆོག་གིས་ཐུབ་དབང་སྐུ་བརྙན་ཆེན་མོར་ཞབས་འཁོར་ (wheelchair) ཐོག་ནས་སྐོར་བ་མཛད་པ། སྐུ་བརྙན་མདུན་དུ་ཐུགས་སྨོན་དང་འབྲེལ་རབ་གནས་གསོལ་འདེབས་མདོར་བསྡུས། མར་མེའི་མཆོད་པ་ཕུལ་རྗེས་སྐུ་བརྙན་རྒྱབ་ཀྱི་མཆོད་རྟེན་ཐང་ཞེས་པར་ཆིབས་བསྒྱུར་གྱིས་རབ་གནས་སྨོན་ལམ་ལ་དབུ་བཞུགས་མཛད་ཡོད།

སྐབས་དེར་མགོན་པོ་མཆོག་བཞུགས་ཁྲིར་འཁོར་མཚམས་དགོན་པ་གྲོང་སྡེའི་འབྲེལ་ཡོད་ནས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། ཕེབས་བསུའི་གསུང་བཤད་དང་འབྲེལ་གསོལ་ཇ་འབྲས་བསིལ་ཕེབས། དེ་རྗེས་མཆོད་འབུལ་དབུ་འཛུགས་ཀྱིས་རྒྱུན་ཆགས་གསུམ་པ་དང་རྟེན་འབྲེལ་བསྟོད་པ། སྐྱབས་སེམས། ཁྲུས་གསོལ། བཟང་སྤྱོད་ཡན་ལག་བདུན་པ། བོད་སྐྱོང་ལྷ་སྲུང་གི་འཕྲིན་བསྐུལ། རབ་གནས་མདོར་བསྡུས། མཆོག་གསུམ་ཤིས་བརྗོད་བཅས་གསུང་འདོན་གནང་གྲུབ་མཚམས་དགོན་པ་གྲོང་སྡེའི་སྐུ་ཚབ་ནས་ཐུགས་རྗེ་ཆེ་ཞུ་བའི་གསུང་བཤད་གནང་རྗེས་ཞི་བའི་ཚལ་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད།

]]>
འཛམ་གླིང་གི་ཞི་བདེའི་ཆེད་དུ་སངས་རྒྱས་སྐྱེད་ཚལ་ཞེས་པར་ཆིབས་བསྒྱུར་གྱིས་རབ་གནས་བྱིན་རླབས་མཛད་པ། https://www.gyalwarinpoche.com/news/8-9 JIgme Tsering https://www.gyalwarinpoche.com/news/8-9 ༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༩ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞི་བའི་ཚལ་གྱི་ཕོ་བྲང་དགེ་འཕེལ་གླིང་ནས་ལ་དྭགས་ལྕོག་ལམ་སར་གྱི་ཉེ་ཁུལ་དུ་རྟེན་གཞི་བྱས་པའི་མ་ཧཱ་བྷོ་དྷི་རྒྱལ་སྤྱིའི་སྒོམ་སྒྲུབ་ལྟེ་གནས་ཁང་དུ་ཆིབས་བསྒྱུར་གྱིས་སངས་རྒྱས་སྟོང་སྐུར་རབ་གནས་བྱིན་རླབས་དང་། ལྟེ་གནས་ཀྱི་བགྲེས་ཁང་ལུས་སྟོབས་ཉམས་ཆུང་ཀུན་གྱི་ཁྱིམ་ཞེས་པའི་རྨང་རྡོ་འཇོག་གནང་མཛད་ཡོད་པ་རེད།

དེ་ཡང་ཐོག་མར་ཕེབས་ལམ་དང་འཁེལ་བའི་ཞི་བའི་ཚལ་གསུང་ཆོས་ར་བའི་སྐོར་ལམ་གྱི་དང་ཟུར་དྲན་རྟེན་ས་ཚིགས་སུ་བཞེངས་པའི་དང་ཞབས་འདས་པོའི་དྲན་རྟེན་བྱང་ཆུབ་མཆོད་རྟེན་ལ་རབ་གནས་མཛད་པ་དང་། དེ་ནས་མ་ཧཱ་བྷོ་དྷི་རྒྱལ་སྤྱིའི་སྒོམ་སྒྲུབ་ལྟེ་གནས་ཁང་དུ་ཆིབས་བསྒྱུར་སྐབས་ཕེབས་ལམ་གཡས་གཡོན་དུ་ལ་དྭགས་ཡུལ་མི་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་སེར་སྐྱ་མི་མང་གིས་གདུག་སྤོས་དང་། མེ་ཏོག ཁ་བཏགས་སོགས་ཐོགས་ནས་ཕེབས་བསུ་དང་ཞལ་མཇལ་ཞུས་ཤིང་། མགོན་པོ་གང་ཉིད་མཆོག་ཕེབས་ཊོར་ལས་ག་ལེར་ཆིབས་བསྒྱུར་གྱིས་ཐུགས་བརྩེའི་ཞལ་གྱི་དཀྱིལ་འཁོར་སྙིང་རྗེའི་མདངས་ཀྱིས་བརྒྱན་ཏེ་འགྲོ་བ་རྣམས་ཀྱི་ཡིད་གདུང་སེལ་བའི་བྱིན་རླབས་དང་བཅས་འཛམ་གླིང་གི་ཞི་བདེའི་ཆེད་དུ་སངས་རྒྱས་སྐྱེད་ཚལ་ཞེས་པའི་སངས་རྒྱས་སྟོང་སྐུ་གསར་བཞེངས་ཀྱི་གནས་སུ་ཞབས་སོར་འཁོད་ཡོད།

སྐབས་དེར་༸གོང་ས་མཆོག་སངས་རྒྱས་སྟོང་སྐུའི་གཙོ་སྐུའི་མདུན་བཞུགས་གྲུབ་མཚམས་མ་ཧཱ་བྷོ་དྷི་རྒྱལ་སྤྱིའི་སྒོམ་སྒྲུབ་ལྟེ་གནས་ཁང་གི་དགེ་སློང་སེངྒེ་སེ་ནཱ་ (Ven. Sanghasena) ལགས་ཀྱིས་༸གོང་ས་མཆོག་ལ་ལྷུང་བཟེད་འབུལ་ལམ་ཞུས་པ་དང་འབྲེལ་པཱ་ལིའི་སྐད་ཡིག་ཐོག་ནས་གསོལ་འདེབས་སྨོན་ལམ་གསུངས་འདོན་དང་། དགེ་སློང་སེངྒེ་སེ་ནཱ་ནས་ཕེབས་བསུའི་གསུང་བཤད་གནང་རྗེས་སློབ་ཕྲུག་ཁག་ཅིག་གིས་མགོན་པོ་གང་ཉིད་མཆོག་ལ་བསྟོད་གཞས་གཟིགས་འབུལ་ཞུས་ཡོད།

དེ་རྗེས་མ་ཧཱ་བྷོ་དྷི་རྒྱལ་སྤྱིའི་སྒོམ་སྒྲུབ་ལྟེ་གནས་ཁང་གི་སློབ་གྲྭས་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་སི་ཤེས་ཡོན་སློབ་གསོ་ལ་སློབ་སྦྱོང་བྱེད་བཞིན་པ་སོགས་སློབ་ཕྲུག་ཅིག་གིས་དབྱིན་སྐད་ཐོག་༸སྙན་སེང་ཞུས་རྗེས་ཐུབ་དབང་སྐུ་བརྙན་མདུན་དུ་མཆོད་འབུལ་སྨོན་ལམ་དབུ་འཛུགས་ཀྱིས་རྒྱུན་ཆགས་གསུམ་པ་དང་། རྟེན་འབྲེལ་བསྟོད་པ། བཟང་སྤྱོད་ཡན་ལག་བདུན་པ། རབ་གནས་མདོར་བསྡུས། མཆོག་གསུམ་ཤིས་བརྗོད་གསུང་འདོན་ཞུས།

མཐར་༸གོང་ས་མཆོག་སྟོན་འཁོར་གྱིས་སྟོན་པའི་སྐུ་བརྙན་ལ་བསྐོར་བ་དང་ཐུགས་སྨོན་རྒྱ་ཆེར་མཛད་རྗེས། མ་ཧཱ་བྷོ་དྷི་རྒྱལ་སྤྱིའི་སྒོམ་སྒྲུབ་ལྟེ་གནས་ཁང་གི་རྒས་གསོ་ཁང་གི་རྨང་རྡོར་བྱིན་རླབས་དང་། ལྗོན་ཤིང་གསར་འཛུགས་གནང་རྗེས་ཞི་བའི་ཚལ་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད།

]]>
ལ་དྭགས་བོད་ཁྱིམ་སློབ་གྲྭར་ལོ་ངོ་ཉི་ཤུ་ལྷག་ལ་ཞབས་ཕྱི་ཞུ་མཁན་གྱི་ལས་བྱེད་སོགས་ལ་མཇལ་ཁ། https://www.gyalwarinpoche.com/news/7-29 JIgme Tsering https://www.gyalwarinpoche.com/news/7-29 ༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཞི་བའི་ཚལ་གྱི་ཕོ་བྲང་དགེ་འཕེལ་གླིང་དུ་ལ་དྭགས་གཞུང་གི་འབྲེལ་ཡོད་ལས་བྱེད་དང་། ཤྲི་ལངྒ། ཨི་ཟི་རལ། རཱ་ཤི་ཡ། བྷེལ་ཇམ། ཌན་མག ཧྥ་རན་སི། འཇར་མན། ལྷོ་ཀོ་རི་ཡ་བཅས་ནས་ཕེབས་པའི་དད་ལྡན་མཇལ་བཅར་བ་དང་། དེ་བཞིན་ལ་དྭགས་ཀྱི་སློབ་ཕྲུག་གིས་གཙོས་བོད་དང་ཧི་མ་ལ་ཡའི་རི་རྒྱུད་ནས་ཕེབས་པའི་དད་ལྡན་བཅལ་བཅར་བ་སུམ་བརྒྱ་དགུ་བཅུ་བརྒལ་བར་མཇལ་ཁ་བཀའ་དྲིན་སྩལ་ཡོད།

དད་ལྡན་མཇལ་བཅར་བ་རྣམས་ཀྱིས་མཇལ་ཁ་དང་འབྲེལ་དོགས་གནས་སྣ་ཚོགས་བཀའ་འདྲི་ཞུས་པར་རིམ་བཞིན་བཀའ་ལན་སྩལ་ཡོད་པ་དང་། དེ་ཡང་མི་ཚེ་སྐྱིད་པོ་ཡོང་སྟངས་སྐོར་ལ་བཀའ་འདྲི་ཞུས་པར། སེམས་ལ་ཞི་བདེ་ཡོད་ན་སྐྱིད་པོ་ཡོང་གི་རེད། སེམས་ལ་ཞི་བདེ་མེད་པར་དངངས་སྐྲག་ཡོད་ན་སྐྱིད་པོ་མེད་པས་ཞི་བདེ་ཧ་ཅང་གལ་ཆེན་པོ་རེད། ཅེས་དང་། བདེ་སྐྱིད་ཀྱི་རྩ་བ་ཅི་ཞིག་ཡིན་པར་བཀའ་ལན་དུ། བརྩེ་བ་ནི་བདེ་སྐྱིད་ཀྱི་རྩ་བ་རེད། ཅེས་བཀའ་ལན་སྩལ་ཡོད།

གཞན་ཡང་། ནང་པའི་རྗེས་འཇུག་གི་དད་པའི་སྐོར་ལ་བཀའ་འདྲི་ཞུས་པར། ནང་ཆོས་ཀྱིས་གཞི་ཡི་གནས་ཚུལ། ལམ་གྱི་གནས་ཚུལ། འབྲས་བུའི་གནས་ཚུལ་ཞེས་བཤད་བཞིན་ཡོད། གཞི་དངོས་པོའི་གནས་ཚུལ་ཅི་ཞིག་ཡོད་པ་དེ་ལ་ཞིབ་འཇུག་བྱས་ཏེ། དེའི་ནང་ནས་སྐྱོན་དང་ཡོན་ཏན་གྱི་དབྱེ་བ་ཕྱེས་ནས་ཉམས་སུ་ལེན་པའི་སྡེ་ཚན་གཅིག་དང་། དོར་བའི་སྡེ་ཚན་གཅིག་བཅས་བླང་དོར་བྱེད་བཞིན་ཡོད། མཐར་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས་གོ་འཕང་ཅི་ལྟར་བརྙེས་པ་བཞིན་སྒྲུབ་པའི་འགྲོ་སྟངས་དེ་ལྟར་རེད། ཅེས་བཀའ་སྩལ་བ་དང་།

སློབ་ཕྲུག་ཅིག་གིས་སློབ་སྦྱོང་སྐབས་སློབ་གྲོགས་ཕན་ཚུན་དབར་འགྲན་བསྡུར་གྱིས་མ་སྐྱིད་པ་ཡོང་གི་འདུག་པ་༸སྙན་སེང་ཞུས་པར། འགྲན་བསྡུར་བྱེད་པ་ནི། དཔེར་ན། ངོས་རང་དཔེ་ཆར་བལྟ་བའི་སྐབས་སུ་ཡང་འགྲན་བསྡུར་བྱེད་པ་ཡོང་གི་འདུག དེ་ཀུན་སློང་མ་དག་པ་བྱེད་ཀྱི་ཡོད་པ་མ་རེད། ཀུན་ལ་ཕན་ཞིང་ཡག་པོ་ཞིག་ཡོང་ན་བསམ་ནས་འགྲན་བསྡུར་བྱེད་ཀྱི་ཡོད། འགྲན་བསྡུར་ལ་རིགས་མི་འདྲ་བ་འདུག ཅེས་དང་། ནམ་རྒྱུན་སེམས་ནང་ཅི་ཞིག་ཉར་དགོས་སྐོར་བཀའ་འདྲི་ཞུས་པར། སེམས་པ་བཟང་པོ་དང་སྤྱི་སེམས་འཁྱེར་དགོས་པའི་ལམ་སྟོན་སྩལ་བ་དང་།

ཡང་མཇལ་བཅར་བ་ཞིག་གིས་མི་ཤི་བའི་དུས་སུ་སེམས་མུ་མཐུད་དུ་འགྲོ་གི་ཡོད་དམ། ཞེས་བཀའ་འདྲི་ཞུས་པར། དེ་འགྲོ་གི་ཡོད། དཔེར་ན། ངོས་ཀྱི་སེམས་འདི་༸རྒྱལ་དབང་གོང་མ་ཚོའི་སེམས་ཀྱི་རྒྱུན་ཆགས་ཡོད། ལུས་ཁ་ཁ་རེད། ཅེས་སོགས་བཀའ་སློབ་བཀའ་དྲིན་སྩལ་རྗེས། ཟངས་དཀར་ནང་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་ཟངས་དཀར་གྱི་ཕོ་བྲང་བསྐྱར་བཞེངས་གནང་འཆར་སྐོར་༸སྙན་སེང་དང་། མགོན་པོ་གང་ཉིད་མཆོག་གིས་ཕོ་བྲང་གསར་བཞེངས་ཀྱི་རྨང་རྡོ་ལ་རབ་གནས་བྱིན་རླབས་མཛད་ཡོད། 

]]>
ལ་དྭགས་ཀྱི་མཐོ་རིམ་སློབ་ཕྲུག་གིས་གཙོས་དད་ལྡན་རྣམས་ལ་མཇལ་ཁ་སྩལ་བ། https://www.gyalwarinpoche.com/news/7-24 JIgme Tsering https://www.gyalwarinpoche.com/news/7-24 ༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཞི་བའི་ཚལ་གྱི་ཕོ་བྲང་དུ་ལ་དྭགས་ཀྱི་མཐོ་རིམ་སློབ་ཕྲུག་གིས་གཙོས་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་དད་ལྡན་ཕོ་མོ་དང་། བསོད་གླིང་བོད་མིའི་གཞིས་ཆགས་ཀྱི་བརྒྱ་ཤོག་བཅུ་གཉིས་པའི་གཞིས་མི། ནད་པ་སོགས་མཇལ་བཅར་བ་སུམ་བརྒྱ་བདུན་ཅུ་ལྷག་ལ་མཇལ་ཁ་སྩལ་ཡོད་པ་རེད།

དེ་ཡང་མཇལ་ཁའི་སྐབས་སུ་མཇལ་བཅར་བ་རྣམས་ཀྱིས་བཀའ་འདྲི་དགོངས་སྐོར་ཞུས་པར་བཀའ་ལན་བརྩེ་གཟིགས་གནང་བཞིན་པ་ལྟར། གཞོན་སྐྱེས་མཇལ་ཞུ་བ་ཞིག་གིས། མི་ལ་རོགས་རམ་བྱེད་པར་འབྱོར་ལྡན་ཡིན་དགོས་སམ། ཞེས་བཀའ་འདྲི་ཞུས་པར། སློབ་སྦྱོང་བྱེད་དགོས། ངོས་རང་ལ་མཚོན་ན་མི་ལ་དངུལ་སྟེར་གྱི་ཡོད་པ་མ་རེད། ལྷག་བསམ་རྣམ་དག་གི་ཐོག་ནས་བསླབ་བྱ་རྒྱག་གི་ཡོད། ལ་ཏིན་ཨ་མི་རི་གའི་(latin america) ཕྱོགས་སུ་ངོས་ལ་ཧ་ཅང་དགའ་བོ་བྱེད་མཁན་མང་པོ་ཡོད། དེ་དག་ལ་ངོས་ཀྱིས་བསླབ་བྱ་བརྒྱབ་ནས་དགའ་བོ་བྱུང་བ་མ་གཏོགས། ༸རྒྱལ་བ་རིན་པོ་ཆེས་ཨམ་ཕྲག་ནང་དུ་དངུལ་མང་པོ་འཁྱེར་ནས་དགའ་བོ་བྱུང་བ་མ་རེད། ཅེས་དང་། སེམས་ཅན་ཐམས་ཅད་ལ་བརྩེ་བ་དང་། སེམས་ཅན་སྤྱི་ཡོངས་ལ་བརྩེ་བའི་བློ་སྦྱངས་དགོས། རེ་ཟུང་གིས་སེམས་མི་བདེ་བ་བྱུང་ཚེ་བཏང་སྙོམས་སུ་ཞོག ཅེས་བཀའ་སྩལ་བ་དང་།

གཞན་ཡང་། ལ་དྭགས་ཀྱི་ཚན་རིག་སློབ་གཉེར་བ་ཞིག་གིས་མགོན་པོ་གང་ཉིད་མཆོག་ཁོ་ཚོས་ཚན་རིག་པར་ངོས་འཛིན་ཞུ་བཞིན་ཡོད་སྐོར་༸སྙན་སེང་ཞུས་པར། ངོས་རང་ནང་པའི་དགེ་སློང་ཞིག་ཡིན། ཚན་རིག་པས་སེམས་ཁམས་རིག་པ་བཤད་སྐབས་ང་ཚོ་མཉམ་དུ་འགྲོ་བཞིན་ཡོད། ཚན་རིག་པ་ཁ་ཤས་ངོས་ཀྱི་སར་སླེབས་ནས་སྐད་ཆ་འདྲི་བཞིན་འདུག ནང་པས་གཞི་ལམ་འབྲས་གསུམ་བཤད་སྐབས་གཞི་ཡི་གནས་ཚུལ་དང་ལམ་གྱི་གནས་ཚུལ། འབྲས་བུའི་གནས་ཚུལ་བཅས་དངོས་ཡོད་ཐོག་བཤད་ཡོང་དུས་ཚན་རིག་པ་ཚོ་ངོས་ཀྱི་སར་ཡོང་གི་འདུག ཅེས་དང་།

བཙན་བྱོལ་ནང་འཚར་ལོངས་བྱུང་བའི་གཞོན་སྐྱེས་ཤིག་གིས་ང་ཚོའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཅི་ལྟར་སྲུང་སྐྱོབ་བྱེད་དགོས་སམ། ཞེས་བཀའ་འདྲི་ཞུས་པར། དེང་སང་ཨ་རི་སོགས་སུ་བོད་ཀྱི་རིག་གཞུང་ལ་དོ་སྣང་གསར་པ་ཞིག་བྱེད་བཞིན་འདུག གང་ལྟར་ངོས་ཏཱ་ལའི་བླ་མར་དགའ་མོས་བྱེད་མཁན་དང་། ཕྱི་རྒྱལ་ཁག་ཏུ་བོད་ཡིག་ལ་དོ་སྣང་བྱེད་མཁན་ཡོང་གི་འདུག སེམས་ཁམས་རིག་པ་དང་ལྟ་གྲུབ་ཀྱི་སྐོར་ལ་བོད་ཡིག་བོད་སྐད་ཡག་ཤོས་རེད། དབྱིན་སྐད་སོགས་ཀྱིས་བོད་སྐད་ནང་བཞིན་འདང་གི་མེད་པས་ཁོ་ཚོས་བོད་ཡིག་བསླབ་རྒྱུར་དོ་སྣང་བྱེད་བཞིན་འདུག ཅེས་དང་། གཞོན་སྐྱེས་མཇལ་ཞུ་བ་ཞིག་གིས། ནང་ཆོས་མགོ་ཚོས་ཀྱི་མེད་ཀྱང་སྦྱང་འདོད་འདུག དེ་བཞིན་བོད་ཀྱི་རིག་གཞུང་ལ་དོ་ཡོད་པས་གཙོ་བོ་ཅི་བྱེད་དགོས་སམ་ཞེས་བཀའ་འདྲི་ཞུས་པར། སྔོན་ལ་བོད་ཡིག་ཡག་པོ་ཞིག་ཤེས་པར་བྱོས། དེ་ནས་སྤྱོད་འཇུག་གི་དཔེ་ཆ་ལྟ་བུར་ཏོག་ཙམ་བལྟས་པ་ཡིན་ན་ཡག་ཏུ་འགྲོ་རྒྱུ་རེད། ཅེས་སོགས་བཀའ་སློབ་སྩལ་ཡོད།

]]>
ཏོག་ཡུལ་གྱི་ཐུབ་དབང་སྐུ་བརྙན་ཆེན་མོར་མཆོད་མཇལ་དུ་ཆིབས་བསྒྱུར་བསྐྱངས་པ། https://www.gyalwarinpoche.com/news/7-19 JIgme Tsering https://www.gyalwarinpoche.com/news/7-19 ༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཏོག་ཡུལ་གྱི་ཐུབ་དབང་སྐུ་བརྙན་ཆེན་མོར་མཆོད་མཇལ་དུ་ཆིབས་བསྒྱུར་གྱིས་ལ་དྭགས་དམག་སྡེའི་ཁྲོད་ཀྱི་ཏོག་གི་སྐོར་སྲུང་དམག་མི་ཟུར་པ་གཙོས་དད་ལྡན་མི་མང་ལ་བཀའ་སློབ་དང་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད་པ་རེད།

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྔ་དྲོའི་ཆུ་ཚོད་ ༧།༣༠ ཙམ་ལ་ཤེལ་གྱི་ཕོ་བྲང་དགེ་འཕེལ་གླིང་ནས་ཆིབས་འཁོར་དུ་བཞུགས་ཏེ་ཏོག་ཡུལ་དུ་ཆིབས་བསྒྱུར་བསྐྱངས་པ་དང་། ཕེབས་ལམ་ཏུ་བསོད་གླིང་བོད་མིའི་གཞིས་ཆགས་ཀྱི་མི་མང་དང་། ལ་དྭགས་ཡུལ་མི། ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་སྟོང་ཕྲག་མང་པོས་བདུག་སྤོས་དང་ཁ་བཏགས། མེ་ཏོག་སོགས་བཟུང་ནས་ཞལ་མཇལ་དང་བཅས་སྟོན་པའི་སྐུ་བརྙན་ཆེན་མོའི་མདུན་དུ་༸ཞབས་སོར་འཁོད་པ་དང་། ཡུལ་དགོན་གྱི་དགེ་འདུན་པ་རྣམ་པས་སེར་སྦྲེང་དང་། ལ་དྭགས་དམག་སྡེའི་ཁྲོད་ཀྱི་ཏོག་གི་སྐོར་སྲུང་དམག་མི་ཟུར་པ་ཚོས་ཕེབས་བསུའི་གུས་འདུད་དང་བཅས་བཞུགས་ཁྲིར་འཁོད་མཚམས། ཞལ་འདོན་རྒྱུན་ཆགས་གསུམ་པ་དབུ་འཛུགས་གནང་ཞིང་། དགེ་བཤེས་ཚེ་དབང་རྡོ་རྗེ་སོགས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེ་ཙོང་ཁ་པ་ཆེན་པོ་མཆོག་གིས་མཛད་པའི་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་སྟོན་པ་བླ་ན་མེད་པ་ལ་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བ་གསུང་བའི་སྒོ་ནས་བསྟོད་པ་ལེགས་པར་བཤད་པའི་སྙིང་པོའམ། ཡོངས་གྲགས་སུ་རྟེན་འབྲེལ་བསྟོད་པ་གསུང་འདོན་མཛད་རྗེས་བཀའ་སློབ་སྩལ་དོན།

དེ་རིང་ང་ཚོ་འདིར་འཛོམས་ནས་ལས་འགན་ནི། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག། ཅེས་པ་འདི་རེད། སྟོན་པ་བཅོམ་ལྡན་འདས་ཀྱིས་ལོ་ ༢༥༠༠ གོང་དུ་ཆོས་འཁོར་རིམ་པ་གསུམ་ལ་སོགས་པ་བསྐོར་བར་མཛད་ནས་དུས་ད་ལྟའི་བར་དུ་འཛམ་བུ་གླིང་ལ་སངས་རྒྱས་ཀྱི་ཆོས་ཟེར་དུས་གང་ལྟར་ཤར་ཕྱོགས་ལུང་པར་དད་པ་རྩེ་གཅིག་ཏུ་ཡོད་པ་རེད། དེ་ནས་ནུབ་ཕྱོགས་ལུང་པར་ཡང་སངས་རྒྱས་པའི་ཆོས་ལ་དོ་སྣང་གསར་པ་ཞིག་སླེབས་ཡོང་གི་འདུག དེར་བརྟེན། འཛམ་བུ་གླིང་གི་བདེ་བ་འདོད་ཅིང་། སྡུག་བསྔལ་མི་འདོད་པའི་མི་ཚང་མར་སེམས་ཀྱི་ཞི་བདེ་ཡོང་བར་སྟོན་པའི་བྱིན་རླབས་ནམ་ཡང་བསླུ་བ་མེད་པར་ཡོད་པ་རེད། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་འདིས་ཆོས་ཡོད་པ་དང་མེད་པ་ཚང་མར་སེམས་རྒྱུད་ཞི་བདེ་དང་། འཛམ་གླིང་སྤྱི་ལ་བསམ་བློ་གཏོང་བ་ཞིག་ཡོང་བསྡད་ཡོད། གང་ལྟར་སངས་རྒྱས་ཀྱི་འཕྲིན་ལས་དུས་ད་ལྟ་ཡིན་ནའང་། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཞེས་སོགས་གསུངས་པ་བཞིན། དུས་ཀྱི་མཐའ་ལ་སངས་རྒྱས་པའི་ཆོས་འདི་ལ་འཛམ་གླིང་གང་སར་དམིགས་བསལ་གྱིས་དོ་སྣང་ཞིག་བྱེད་བཞིན་འདུག

ངོས་ལ་ཆ་བཞག་ན་ཞོགས་པ་ཡར་ལངས་པ་དང་། སངས་རྒྱས་ཀྱི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་བ་དང་། འགྲོ་བ་མང་པོར་ཕན་ཐོགས་པར་རྟག་ཏུ་སྨོན་ལམ་རྒྱག་བཞིན་ཡོད། དེ་རིང་འདིར་སྟོན་པའི་སྣང་བརྙན་ཁྱད་པ་འདིའི་མདུན་དུ་ང་ཚོ་རུབ་རུབ་བྱེད་རྒྱུ་བྱུང་བ་རེད། སངས་རྒྱས་པའི་ཆོས་འདི་སེམས་འདུལ་དགོས་པའི་སྐོར་རེད། སེམས་བཏུལ་བའི་ཐོག་ནས་ལུས་དང་ངག་གི་སྤྱོད་ལམ་ཚང་མ་ཞི་ཞིང་དུལ་བ་ཞིག་ཡོང་བ། གང་ལྟར་སངས་རྒྱས་བཅོམ་ལྡན་འདས་བཞུགས་པའི་སྐབས་སུ་སེམས་རྒྱུད་དུལ་བ་ཞིག་དགོས་ཞེས་བཀའ་སློབ་གནང་བ་བཞིན་དུས་ད་ལྟའི་བར་དུ་ང་ཚོ་ཚང་མས་སངས་རྒྱས་ཀྱི་དགོངས་པ་བཞིན་སེམས་རྒྱུད་ཞི་ཞིང་དུལ་བ་ཞིག་བྱས་ཏེ། འགྲོ་བ་མང་པོར་ཕན་ཐོགས་པ་དང་། རྒྱུན་དུ་བསྟན་པ་རིན་པོ་ཆེས་མ་ཁྱབ་པའི་སར་ཁྱབ་པ་དང་། ཉམས་པའི་སར་སྙིང་རྗེ་ཆེན་པོས་སོར་ཆུད་པ་ལ་སྨོན་ལམ་རྒྱག་པ་བཞིན་རེད།

འཛམ་བུ་གླིང་འདིར་ཆོས་ལུགས་མང་པོ་ཡོད་པ་དང་། བྱེ་བྲག་ཏུ་སངས་རྒྱས་པའི་ཆོས་འདི་ནི་སེམས་རྒྱུད་ཞི་ཞིང་བཏུལ་བ་ཞིག་དང་། ཀུན་ལ་ཕན་པ་སྒྲུབ་པ་ཞིག་མ་གཏོགས་ཕྱོགས་ལྷུང་བྱས་ཏེ་ང་ཚོ་དང་ཁྱོད་ཚོ་ཟེར་བའི་སྐད་ཆ་མེད་པ་རེད། གང་ལྟར་ཀུན་ལ་ཕན་པ་སྒྲུབ་པ་ཞིག་ཡིན། ངོས་ལ་མཚོན་ན་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཞིག་བྱས་ཏེ། ཆུང་ཆུང་སྐབས་ནས་རྩ་བ་ཤེས་རབ་དང་དབུ་མ་འཇུག་པ་སོགས་གཞུང་རྣམས་བློ་ལ་བཟུང་ནས་དུས་རྒྱུན་དུ་བཅོམ་ལྡན་འདས་ཀྱི་གསུང་གི་འཕྲིན་ལས་ཐུན་མོང་མ་ཡིན་པར་བློ་སྦྱངས་པ་ཡིན།

དེང་སང་སངས་རྒྱས་པའི་ཆོས་ཀྱིས་སེམས་ཞི་ཞིང་བཏུལ་བར་བྱེད་པ་ལ་ས་ཕྱོགས་གང་ས་གང་དུ་དོ་སྣང་གསར་པ་ཞིག་སླེབས་བཞིན་འདུག ངོས་ནས་ཀྱང་སྟོན་པའི་བསྟན་པ་ལ་ཞབས་འདེགས་གང་ཡོང་ཅི་ཡོང་གིས་སྒྲུབ་བཞིན་ཡོད། དེ་རིང་འདིར་འདུས་པའི་ཆོས་གྲོགས་ཚོ་ཡིན་ནའང་། སངས་རྒྱས་པའི་ཆོས་ཟེར་དུས་ཕྱི་ལོགས་ལ་ལྷ་ཁང་རྫིག་པོ་ཡོད་པའི་སྐད་ཆ་མ་ཡིན་པར་སེམས་རྒྱུད་འདུལ་དགོས་ཀྱི་ཡོད། དེར་བརྟེན། ཚང་མས་ཧུར་ཐག་བྱེད་རོགས། ཞེས་བཀའ་སྩལ་རྗེས་མགོན་པོ་གང་ཉིད་མཆོག་གི་ལམ་སྟོན་བཀའ་སློབ་ལ་དྭགས་ཡུལ་སྐད་དུ་གསུང་བསྒྱུར་ཞུས་ཡོད།

དེ་བཞིན་མགོན་པོ་མཆོག་གིས་མུ་མཐུད་བཀའ་སློབ་སྩལ་དོན། སངས་རྒྱས་པའི་ཆོས་འདི་ལ་ནུབ་ཕྱོགས་སོགས་འཛམ་གླིང་ཁྱོན་ཡོངས་དོ་སྣང་བྱེད་བཞིན་པ་ཡོད་པ་དང་། ང་རང་ཚོ་ཕ་མེས་ནས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་ཆགས་ཡོད། དེར་བརྟེན། སངས་རྒྱས་པའི་ཆོས་ལ་དད་པ་ཙམ་མ་ཡིན་པར་ཆོས་ཀྱི་གནད་འགག་གང་འདྲ་ཡིན་པར་སློབ་སྦྱོང་དང་། དོ་སྣང་བྱས་ཏེ་སེམས་རྒྱུད་འདུལ་ཐབས་བྱ་རྒྱུ་ང་ཚོ་ཚང་མའི་ལས་འགན་རེད། ཧུར་ཐག་གནོངས། ཆོས་ཀྱི་སྙིང་པོ་ནི། སེམས་པ་བཟང་པོ་བྱ་རྒྱུ་དེ་རེད། དེར་བརྟེན། ངོས་རང་ཞོགས་པ་གཉིད་སད་པ་དང་སེམས་ཅན་ཐམས་ཅད། བྱེ་བྲག་ཏུ་མི་རིགས་ཀྱི་དབྱེ་བ་མེད་པར་བཅོམ་ལྡན་འདས་ཀྱི་རྗེས་འབྲང་ཚང་མའི་སེམས་རྒྱུད་ཞི་བདེའི་ཐོག་ནས་སྒོ་གསུམ་གྱི་སྤྱོད་ལམ་གང་གི་ཐོག་ནས་ཡིན་ཡང་གཞན་ཕན་སྒྲུབ་པ་ཞིག་ལ་སྨོན་ལམ་རྒྱག་བཞིན་ཡོད། ཅེས་དང་།

ང་ཚོ་ཚང་མ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་ཡིན་པས་སེམས་པ་བཟང་པོ་དང་། གཞན་ཕན་གྱི་བློ་རྩ་ཆེན་པོ་བྱས་ཏེ་བསྡད་ཡོད། དེང་སང་འཛམ་གླིང་འདིར་སངས་རྒྱས་པའི་ཆོས་ལ་དམིགས་བསལ་དོ་སྣང་དང་། ལྷག་པར་རྒྱ་ནག་ཏུ་སངས་རྒྱས་པའི་ཆོས་ལ་དམིགས་བསལ་གྱིས་དོ་སྣང་བྱེད་བཞིན་པའི་སྐབས་འདིར་ང་ཚོ་ཕ་མེས་ནས་སངས་རྒྱས་པའི་ཆོས་བྱེད་བཞིན་ཡོད་པས་ང་ཚོས་སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་དང་། སེམས་རྒྱུད་ལ་སྦྱར། གཞན་ཕན་རྒྱ་ཆེན་པོ་ཡོང་བར་འབད་བརྩོན་བྱེད་དགོས། ཚན་རིག་པའི་ནང་ནས་ཀྱང་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་ལ་དོ་སྣང་གིས་ངོས་ལ་ཐུག་འཕྲད་དུ་སླེབས་ནས་གོ་བསྡུར་བྱ་རྒྱུ་བྱུང་། སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན་པས་ཚང་མས་ཧུར་ཐག་བྱོས། ཅེས་བཀའ་སློབ་སྩལ་རྗེས་སྟོན་པ་ཐུབ་པའི་དབང་པོའི་མཚན་སྔགས་དང་སྤྱན་རས་གཟིགས་ཀྱི་མཚན་སྔགས་ཀྱི་ལྗགས་ལུང་བཀའ་དྲིན་སྩལ་བ་དང་། ངོས་རང་ཞོགས་པ་གཉིད་སད་པ་དང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་བཞིན་ཡོད། ཚང་མས་སངས་རྒྱས་པའི་ཆོས་ག་ཚོད་ཐུབ་ཐུབ་ཀྱིས་ཉམས་ལེན་བྱེད་ཐུབ་པར་ཧུར་བརྩོན་བྱོས། ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ་བ་དང་། མཐར་གནད་ཡོད་མི་སྣའི་ཐོ་དེབ་(Visitor’s Book)ཏུ་མཚན་རྟགས་བཀོད་རྗེས་ཤེལ་གྱི་ཕོ་བྲང་དགེ་འཕེལ་གླིང་ལ་ཆིབས་བསྒྱུར་བསྐྱངས་ཡོད།

]]>
ལ་དྭགས་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་དང་མཐོ་སློབ་སློབ་ཕྲུག་སོགས་ལ་མཇལ་ཁ་སྩལ་བ། https://www.gyalwarinpoche.com/news/7-14 JIgme Tsering https://www.gyalwarinpoche.com/news/7-14 ༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཤེལ་གྱི་ཕོ་བྲང་དགེ་འཕེལ་གླིང་དུ་ལ་དྭགས་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་དང་མཐོ་སློབ་འགྲིམས་བཞིན་པའི་སློབ་ཕྲུག་སོགས་མི་གྲངས་སུམ་བརྒྱ་ལྔ་བཅུ་བརྒལ་བར་མཇལ་ཁ་བཀའ་དྲིན་སྩལ་ཡོད་པ་རེད།

དེ་ཡང་ཐོག་མར་རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི་ཨར་ཀེ ཆའུ་དྷ་རི། (R.K. Chaudhary) ལགས་སོགས་རྒྱ་གར་བ་དང་། འཇར་མན་དང་ནོར་ཝེ། སུད་སི། ཨོ་སི་ཁྲི་རི་ཨ། ཉི་ཧོང་། ཐའེ་ཝན། སོགས་ནས་ཕེབས་པའི་མཇལ་བཅར་བ་རྣམས་ལ་མཇལ་ཁ་རིམ་པར་སྩལ་རྗེས་ལ་དྭགས་དབུས་འཛིན་མངའ་ཁུལ་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་དང་། མཐོ་སློབ་འགྲིམས་བཞིན་པའི་སློབ་ཕྲུག་སོགས་མི་གྲངས་ ༡༤༣ ལ་མཇལ་ཁ་བཀའ་དྲིན་སྩལ་བ་དང་། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་ཧིན་དུའི་ཐོག་བརྩམས་པའི་ཕྱག་དཔེའི་པར་ཕུད་སྤྱན་འབུལ་དང་། མཇལ་ཞུ་བས་མགོན་པོ་གང་ཉིད་མཆོག་ལ་དོགས་འདྲི་སྣ་ཚོགས་ཞུས་པར་བཀའ་ལན་བརྩེ་གཟིགས་གནང་ཡོད་པ་རེད།

དེ་ཡང་ལ་དྭགས་ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ནས་མགོན་པོ་གང་ཉིད་མཆོག་གི་ལམ་སྟོན་ལྟར་ལ་དྭགས་སློབ་གྲྭ་ཁག་ཏུ་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་གི་སི་སློབ་གསོ་ཞེས་པ་སློབ་བཞིན་ཡོད་པ་༸སྙན་སེང་ཞུས་པར། ༸གོང་ས་མཆོག་གིས། སྤྱི་ཚོགས་ནང་ཡ་རབས་ཀྱི་སྤྱོད་པ་ཉམས་ན་ཞི་བདེ་ཡོང་གི་མ་རེད། ཡ་རབས་ཀྱི་སྤྱོད་པ་ཞེས་པ་ནི་ཆོས་ཀྱི་སྐད་ཆ་མ་རེད། ཕྱོགས་གཅིག་ནས་མིའི་སྤྱི་ཚོགས་དངོས་གནས་ལྷིང་འཇགས་དང་། བདེ་སྐྱིད་ལྡན་པ་ཞིག་ཡོང་བར་སེམས་པ་བཟང་པོ་བྱུང་ན་དེ་གལ་ཆེན་པོ་འདུག ཅེས་དང་། མཇལ་བཅར་བ་ཞིག་གིས་ཞེད་སྣང་སླེབས་ནས་དཀའ་ངལ་འཕྲད་ཀྱི་འདུག་པས་དེ་བཟློག་ཐབས་སུ་ལམ་སྟོན་ཞུས་པར། མགོན་པོ་གང་ཉིད་མཆོག་གིས། མི་ཚེའི་ནང་དཀའ་ངལ་མེད་པ་ཞིག་མེད། སོ་སོས་ལྷག་བསམ་བསྐྱེད་ཅིང་སེམས་ཤུགས་སྒྲིལ་ནས་སྡོད་དགོས། ཞེས་བཀའ་སྩལ་བ་དང་། མཇལ་བཅར་བ་ཞིག་གིས་ཨ་མ་འདས་གྲོངས་སུ་ཕྱིན་ནས་ལོ་བཅུ་གྲངས་འགོར་ཡང་ད་དུང་རྨི་ལམ་དུ་རྨིས་བཞིན་འདུག་པ་ཅི་ཡིན་བཀའ་འདྲི་ཞུས་པར། དེ་ནི་ཨ་མ་དང་ལས་འབྲེལ་ཤུགས་ཆེན་པོ་ཡོད་པའི་རྟགས་རེད། ཡག་པོ་རེད། ཅེས་བཀའ་ཕེབས་ཡོད།

གཞན་ཡང་། མཇལ་ཁ་ཞུ་མཁན་གྱི་ཁྲོད་ནས་མཐོ་སློབ་འགྲིམས་བཞིན་པའི་བུ་མོ་རང་ལོ་ ༢༡ ཅན་གྱི་བསྟན་འཛིན་ཆོས་མཚོ་ཞུ་བས་མགོན་པོ་གང་ཉིད་མཆོག་གིས་གནང་བའི་མིང་འདིའི་དོན་ཅི་ཡིན་བཀའ་འདྲི་ཞུས་པར། བསྟན་འཛིན་ནི་ངོས་ཀྱི་མིང་ཟུར་དང་། བསྟན་པ་འཛིན་མཁན་གྱི་དོན་རེད། ཆོས་མཚོ་ཞེས་པ་ནི་ཆོས་ཕྱོགས་ནས་ཆོས་ཀྱི་རྒྱ་མཚོ་ཞེས་པའི་དོན་རེད། ཅེས་དང་། བསམ་བློ་རྣལ་དུ་མི་གནས་པར་བློ་སྣ་མང་བས་དམིགས་ཡུལ་འགྲུབ་ཐུབ་ཀྱི་མི་འདུག་པའི་བློ་ལྷིང་འཇགས་སུ་གནས་ཐབས་ལམ་སྟོན་ཞུས་པར། གང་ལྟར་དམིགས་ཡུལ་གཙོ་བོ་ནི་སྤྱི་ཚོགས་ལྷིང་པོ་དང་བྱམས་བརྩེ་ལྡན་པ་ཞིག་ཡོང་རྒྱུ་དེ་རེད། དཔེར་ན། ངོས་ཀྱིས་སྐྱེ་བ་མང་པོའི་བསམ་བློ་གཏོང་བ་ནི་ཆོས་ཕྱོགས་ནས་སྒེར་གྱི་བསམ་ཚུལ་རེད། ཁ་ཐུག་ལ་རང་ཉིད་ཡོད་སའི་སྤྱི་ཚོགས་འདི་ཞི་བདེ་ཡོང་བར་བསམ་བློ་གཏོང་དགོས། ཞེས་བཀའ་སྩལ་བ་དང་།

ཡང་མཇལ་ཁ་ཞུ་མཁན་ཞིག་གིས་མི་ལ་ཕར་བལྟ་དུས་ཡག་སྡུག་ཤེས་ཀྱི་མི་འདུག་པས་དེ་ལ་ཅི་བྱེད་དགོས་ཞེས་བཀའ་འདྲི་ཞུས་པར། གཙོ་བོ་སེམས་པ་བཟང་ངན་ལ་བལྟ་དགོས། ཕྱི་རོལ་གྱི་རྣམ་འགྱུར་གང་འདྲ་ཡོད་ཀྱང་སེམས་པ་བཟང་པོ་ཡོད་ཚེ་དེ་ནི་གལ་ཆེ་ཤོས་རེད། ཅེས་བཀའ་སྩལ་རྗེས་སློབ་ཕྲུག་ཅིག་གིས་ཨ་ར་པ་ཙའི་ལྗགས་ལུང་ཞུས་སྩལ་གནང་ཡོང་བའི་གསོལ་འདེབས་ཞུས་པར་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གསོལ་འདེབས་དང་གཟུངས་སྔགས། བསྔོ་བ་བཅས་ཀྱི་ལྗགས་ལུང་བཀའ་དྲིན་སྩལ་རྗེས། རང་ཉིད་ལ་བརྩེ་བ་ཡོད་སའི་ཕ་མ་སྤུན་མཆེད་ཉིན་ཞིག་གྲོངས་འགྲོ་བར་ཞེད་སྣང་ཡོང་གི་འདུག་པས་ཅི་བྱེད་དགོས་སམ། ཞེས་བཀའ་འདྲི་ཞུས་པར། ནང་པའི་གཞུང་ནས་སྐྱེ་བ་མུ་མཐུད་ནས་ཡོང་བ་བཤད་ཀྱི་ཡོད། དེར་བརྟེན། ཚེ་འདི་ལ་ཕ་མ་བྱས་ཏེ་ཧ་ཅང་ཉེ་བོ་ཡོད་ཀྱང་། ཕ་མ་གྲོངས་རྗེས་རྣམ་ཤེས་མུ་མཐུད་ནས་བསྡད་ཡོད། ཅེས་བཀའ་སྩལ།

དེ་བཞིན་མཇལ་ཁ་ཞུ་མཁན་གཞོན་སྐྱེས་ཤིག་གིས། འཛམ་གླིང་སྟེང་སྡུག་བསྔལ་ཅན་གྱི་མི་ཧ་ཅང་མང་པོ་ཞིག་འདུག དེ་ལ་རོགས་པ་བྱེད་འདོད་འདུག་པས་རོགས་རམ་ཇི་ལྟར་བྱེད་དགོས་སམ། ཞེས་བཀའ་འདྲི་ཞུས་པར། ང་ཚོའི་སྤྱི་ཚོགས་ནང་བྱམས་བརྩེའི་ཚོར་བ་ཤུགས་ཆེ་རུ་འགྲོ་བ་ཞིག་དང་། བརྣབ་སེམས་དང་གནོད་སེམས་བྱེད་པ་ཉུང་དུ་འགྲོ་བ་ལ་ག་ཚོད་ཐུབ་ཐུབ་ཀྱིས་འབད་བརྩོན་བྱ་དགོས། ཅེས་དང་། རླུང་ལངས་ནས་དེས་ལམ་སེང་ཕན་ཐོགས་གང་ཡང་མེད། དཀའ་ངལ་འཕྲད་པའི་སྐབས་སུ་རླུང་མ་ལངས་པར་དཀའ་ངལ་སེལ་ཐབས་ལ་བསམ་བློ་བཏང་ན་ཡག་པོ་ཡོད། ཅེས་དང་། ཞེད་སྣང་དང་དངངས་སྐྲག་མེད་པ་བཟོ་བར་ཅི་བྱེད་དགོས་སམ། དེ་ལྟ་བུའི་སྐབས་སུ་རང་གི་སྤྱི་བོར་སྤྱན་རས་གཟིགས་ཡོད་པར་བསམ་ནས་མ་ཎི་བགྲང་ན་སེམས་ཀྱི་རྣམ་རྟོག་ཉུང་དུ་འགྲོ་གི་རེད། ཅེས་བཀའ་ཕེབས་པ་དང་།

ཡང་མི་ཚང་མར་བྱམས་བརྩེ་སྤེལ་ཐབས་སྐོར་བཀའ་འདྲི་ཞུས་པར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོའི་སྤྱི་ཚོགས་འདི་བྱམས་བརྩེའི་ཚོར་བ་ཤུགས་ཆེན་པོ་ཡོད་པ་ཞིག་བྱུང་ན་དེ་ཙམ་ང་ཚོའི་ཐབས་ཤེས་རེད་མ་གཏོགས་འཛམ་གླིིང་ཡོངས་རྫོགས་ལམ་སེང་བཤད་ཐུབ་རྒྱུ་ཁག་པོ་རེད། ཅེས་དང་། ཕྲུ་གུ་སྐྱེས་པའི་སྐབས་སུ་ཨ་མས་ཇི་ལྟར་འཆམ་པོ་བྱེད་བཞིན་འདུག སེམས་པ་བཟང་པོ་ཞེས་པ་ནི་དེ་ལྟ་བུ་ཞིག་གི་ཐོག་ནས་སླེབས་ཀྱི་ཡོད། ཡང་ཨ་མ་སྡུག་ཅག་དེ་འདྲས་ཕྲུ་གུ་སྐྱེས་པ་དང་མར་གཡུགས་པ་ལྟ་བུ་ནི་གནས་ཚུལ་ཁ་ཁ་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་ལ་དྭགས་ལྕོག་ལམ་ཚལ་གྱི་བསོད་ནམས་གླིང་བོད་མིིའི་གཞིས་ཆགས་ཀྱི་གཞིས་གྲོང་གསུམ་པའི་ལོ་ ༤༠ ནས་ ༥༥ བར་གྱི་མི་མང་དང་། ཕྱོགས་མཐའ་ཁག་ནས་ཕེབས་པའི་བོད་རིགས་སོགས་ཁྱོན་མི་གྲངས་ ༡༡༡ ལ་མཇལ་ཁ་བཀའ་དྲིན་སྩལ་ཡོད།

]]>