ལེགས་བཤད་གཅེས་བཏུས།

རྗེ་རིན་པོ་ཆེའི་ལམ་རིམ་ཆེན་མོའི་ནང་དུ་བྱིང་བར་མཐའ་སྐོར་རི་སྐོར་གྱིས་འགྲེལ་བཤད་གནང་ཡོད་པ་དང་། བྱིང་བའི་དབང་དུ་བཏང་ནས་སྒོམ་སྐྱོན་ཅན་དུ་སོང་ན་ཉེན་ཆེན་པོ་ཡིན་ཞེས་ནན་ཏན་དུ་གསུངས་པ་གནད་ཆེ་སྙམ། སྤྱིར་སྒོམ་ཞེས་པ་སེམས་ཀྱི་རྣམ་རྟོག་རྒྱ་ཡན་དུ་སོང་བ་བསྡུས་ཏེ། དམིགས་པ་ལ་རྩེ་གཅིག་ཏུ་འཇོག་པ་ལ་ཟེར། སེམས་ལྷོད་ཤིག་གེར་བསྡད་པ་ལ་ཧོབ་དེ་བལྟས་ན་སེམས་གང་བྱུང་དུ་འཕྲོས་པ་རྣམས་བསྡུས་ནས་དམིགས་པའི་སྟེང་དུ་ལྷན་ནེ་ཡོད་པ་ལ་སྒོམ་རྣལ་མ་ཡིན་སྙམ་ནས་མུ་མཐུད་ཕྱིན་ན་ཏན་ཏན་བྱིང་བ་བསག་པའི་ཉེན་ཡོད་སྙམ། དེ་ལྟར་ཕྱིན་པའི་འབྲས་བུར་སེམས་མི་གསལ་བར་འགྱུར་བ་དང་། སེམས་ཐམ་ཐོམ་དུ་འགྱུར་བས་འདི་ཉེན་ལྕི་བ་ཡིན། དེས་ན་བྱིང་བ་སྒོམ་གྱི་འགལ་རྐྱེན་གཙོ་བོ་ཡིན་པ་ཤེས་པར་བྱས་ཏེ།  བྱིང་བ་ཕྲ་རགས་ཀྱི་དབང་དུ་མི་འགྲོ་བར་བྱེད་པ་ཧ་ཅང་གལ་ཆེ། སེམས་ལྷོད་ཤིག་གེར་བསྡད་ན་སེམས་འཕྲོ་བ་ཉུང་དུ་འགྲོ་ཡང་ཉེན་ཁ་ཆེ་བས་དེ་སྐྱོབ་པའི་ཆེད་དུ་སེམས་གྲིམ་དགོས་པ་དང་། སེམས་ཀྱི་ངར་ཤ་གཟུང་དགོས་པས་དཀའ་ཁག་ཆེ་རུ་འགྲོ་བ་དང་སེམས་འཕྲོ་བའི་ཉེན་ཆེ་རུ་འགྲོ་ཡང་དེ་ལ་གཟབ་ནན་གྱིས་གདོང་ལེན་བྱེད་དགོས།  དེ་ལྟ་ནའང་སེམས་དམིགས་རྟེན་ལ་ལྷན་ནེ་སྡོད་པ་མ་བྱུང་ན་ཉམས་ལེན་གྱི་བོགས་ཐོན་དཀའ་བས། སྤྱིར་ན་འདི་སྒྲུབ་དུས་ཕྱིའི་དམིགས་རྟེན་དང་ནང་གི་དམིགས་རྟེན་འཇོག་པ་སོགས་མང་པོ་ཡོད། སྔགས་བླ་མེད་ཀྱི་དབང་ཞུས་ཤིང་། སྔགས་བླ་མེད་ཀྱི་ལམ་ཉམས་སུ་ལེན་མཁན་ཞིག་གིས་ཏིང་ངེ་འཛིན་བསྒྲུབ་པར་ལྷའི་རྣལ་འབྱོར་དང་འབྲེལ་བའི་སྒོ་ནས་བསྒྲུབས་ན་ཟབ་ཤོས་ཡིན། དམིགས་རྟེན་དེ་ཡང་རང་གི་ལུས་ཀྱི་ནང་གི་རྩ་གནས་བྱེ་བྲག་པ་ཞིག་ལ་དམིགས་རྟེན་བཟུང་ནས་དེ་ལ་དམིགས་པ་གཏད་ནས་བསྒྲུབས་ན། རྗེ་རིན་པོ་ཆེའི་སྔགས་རིམ་ཆེན་མོར་གང་དུ་དགོད་སའི་གནས་དང་དམིགས་རྟེན་གྱི་གནད་ཀྱིས་སེམས་ནང་དུ་གནས་པའི་རྐྱེན་བྱེད་པས་དམིགས་པ་ལ་ལྷན་ནེ་སྡོད་པའི་དམིགས་བསལ་གྱི་རྐྱེན་ཡོད་པར་གསུངས་པ་ལྟར་གནད་ཆེ་སྙམ། 

ཕྱི་ལོ་༡༩༨༠ ལོར་སྩལ་བའི་བླ་མ་མཆོད་པའི་ཉམས་ཁྲིད་ལས་བཏུས།

བློ་ཞེས་པ་འདི་ཕྱོགས་གཅིག་ནས་བཅོས་ཁག་པོ་ཞིག་ཡིན་པ་དང་། ཡང་བསམ་བློ་གཏོང་ཕྱོགས་ཤིག་གིས་བློའི་འདུན་པ་མྱུར་དུ་བསྒྱུར་ཐུབ་པ་ལྟ་བུ་ཞིག་ཡིན། དེ་བཞིན་དུ། ཕྱོགས་གཅིག་ནས་ཆོས་སྒྲུབ་ཅེས་པ་ཧ་ཅང་ཁག་པོ་ཞིག་དང་། ཡང་ཕྱོགས་གཅིག་ནས་གནད་ཤེས་པ་དང་རྐྱེན་འཛོམས་པའི་སྐབས་སུ་བློ་བསྒྱུར་བཅོས་གཏོང་ཐུབ་པ་ཞིག་ཏན་ཏན་རེད།  དེས་ན་ཆོས་ཁས་ལེན་མཁན་དང་མི་ལེན་མཁན་གཉིས་ལ་ཁ་ཆག་སྣ་རལ་བྱུང་དུས་སེམས་ཁྲལ་ཆེ་ཆུང་གི་ཁྱད་པར་ཆེན་པོ་འདུག་སྙམ། ཡང་ནད་ཀྱིས་མནར་ནས་འཆི་བ་ལ་མངོན་དུ་ཕྱོགས་པ་དེ་འདྲ་ནམ་རྒྱུན་ཆོས་བྱས་ཏེ་ཁ་ཏོན་དགེ་སྦྱོར་ལ་བརྩོན་ཞིང་ཆོས་ཀྱི་གོ་བ་ཡོད་པ་དང་། ཆོས་ཀྱི་གནད་ཤེས་མཁན་རྣམས་ཀྱིས་ཧ་ཅང་སེམས་ཁྲལ་མི་བྱེད་པ་དང་། འགྱོད་པ་མེད་ཅེས་བློ་ཐག་ཆོད་པའི་སྐད་ཆ་འཆད་མཁན་ཡོད། ང་ཚོ་རང་རང་གི་ངོས་ནས་ཀྱང་འཆི་བ་སོགས་སྡུག་པ་ཞིག་འོང་བ་གཏན་ཁེལ་པ་ཡིན་པས་ཁ་གསངས་ནས་བརྗོད་ན་བཟང་བ་ལས་འཛེམ་ཟོན་བྱེད་དགོས་དོན་མེད། ཆོས་མི་ཤེས་མཁན་དང་། ཆོས་ཁས་མི་ལེན་མཁན་དེ་འདྲ་ལ་འཆི་ཁར་ཡང་ཁྱོད་འཆི་རྒྱུ་མ་རེད་ཅེས་བརྗོད་དགོས་པ་ལས། ཁྱོད་འཆི་རྒྱུ་རེད་ཅེས་བརྗོད་ན་དེས་ཧ་ཅང་སེམས་སྡུག་བྱེད་ཀྱི་ཡོད། ཆོས་ཀྱི་གོ་བ་ཡོད་པ་དང་། ཆོས་ཀྱི་ཉམས་ལེན་ཡོད་མཁན་ཞིག་ལ། ཁྱོད་སྔ་ཕྱི་མ་གཏོགས་འཆི་རྒྱུ་རེད། དེས་ན་བསམ་བློ་འདི་ལྟར་བཏང་ན་ལེགས་ཞེས་བརྗོད་པས་འཆད་མཁན་ཡང་བློ་བདེ་བ་དང་། ཉན་མཁན་གྱི་ངོས་ནས་ཀྱང་འཆར་གཞིའམ་བང་བསྒྲིགས་ནས་ཡག་པོ་ཞིག་བྱུང་ན་དེ་ལ་དཔག་པའི་བྱེད་སྟངས་འདི་ཡིན། སྡུག་པ་ཞིག་བྱུང་ན་བྱེད་སྟངས་འདི་ཡིན། སྡུག་ཤོས་བྱུང་ན་བྱེད་སྟངས་འདི་ཡིན་སྙམ་དུ་དེའི་བསམ་བློའི་ནང་དུ་འཆར་གཞི་དང་གོ་རིམ་བསྒྲིགས་ནས། དེ་ལ་རྐྱེན་ཐབས་རྡུགས་དེ་འདྲ་བྱུང་ཡང་དངངས་སྐྲག་དང་མི་བཟོད་པ་མི་འོང་བ་ལྟ་བུ་ཡིན། རྒྱུན་དུ་འཆི་བ་ཞེས་པའི་ཚིག་ཙམ་ཡང་བརྗོད་མི་འདོད་པ་ལྟ་བུ་དང་། དེ་ལས་གཡོལ་ཐབས་བྱེད་མཁན་རྣམས་ལ་སྔ་ཕྱི་མ་གཏོགས་འཆི་བ་འོང་ནི་ངེས་ལ། དེ་བྱུང་བའི་མཚམས་སུ་དེ་སྔ་གྲ་སྒྲིག་གང་ཡང་མེད་པའི་དབང་གིས་བཟོད་གླགས་མེད་པའི་དངངས་སྐྲག་དང་། འདོད་ལྷ་ལ་འཆི་འཕོའི་སྡུག་བསྔལ་ཞེས་གསུངས་པ་ཇི་བཞིན་དེ་དག་ལ་ཡོང་གི་ཡོད་ས་རེད། དེས་ན་ང་ཚོས་རྒྱུན་དུ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་རྣམས་ཡང་ནས་ཡང་དུ་སེམས་ལ་གོམས་ཡོད་ན། རྐྱེན་ངན་ཐོག་ཏུ་བབ་ཡོང་དུས་འོང་མི་སྲིད་པ་ཞིག་ཡོང་བའི་རྣམ་པ་མི་འཆར་བར་དེ་འོང་སྲིད་པ་ཞིག་རེད་སྙམ་པའི་སྣང་ཆུང་གི་ལྟ་སྟངས་ཤིག་གིས་སེམས་ལ་དངངས་སྐྲག་དེ་ཙམ་མི་འོང་བ་ཡིན། དེས་ན་མ་འཇོན་ནའང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད་པར་བྱ་སྟེ། སྤྱོད་འཇུག་ལས། ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །ཅེས་གསུངས་པ་ལྟར། གསུང་འདི་དག་གི་རྗེས་སུ་འབྲངས་ནས་ང་ཚོས་ལད་ཟློས་ཤིག་ལས་མ་བྱུང་ཡང་བྱས་ཏེ་བསམ་བློ་བཏང་ན། གཞུང་འདིར་གསུངས་པ་ལྟར། ན་བ་ལེགས་ན་ན་བར་བྱིན་གྱིས་བརླབ་ཏུ་གསོལ། གསོས་པ་ལེགས་ན་གསོས་པར་བྱིན་གྱིས་བརླབ་ཏུ་གསོལ། ཤི་བ་ལེགས་ན་འཆི་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ཁོ་ཐག་ཆོད་པར་བྱས་ན་སེམས་ཀྱི་ནང་དུ་རེ་དོགས་ཅི་ཡང་མི་འོང་བ་ཡིན། འདི་དག་ལ་ཧོབ་དེ་བསམ་ན་རྫབ་ཆེན་ལྟ་བུ་ཡོད། འོན་ཀྱང་ཐ་མལ་པའི་རྫབ་ཆེན་ནི་གླེན་པའི་རྫབ་ཆེན་ཡིན། བློ་སྦྱོང་གི་ཉམས་ལེན་གྱིས་བསམ་བློའི་ནང་དུ་སྙིང་སྟོབས་སླེབས་པ་ནི་དངོས་གནས་རྣམ་དཔྱོད་ཅན་གྱི་རྫབ་ཆེན་ཡིན། སེམས་ཀྱི་ནང་དུ་རྣམ་རྟོག་དང་རེ་དོགས་ཀྱི་རྟོག་པ་ཅི་ཡང་མེད་པས་ཆེ་ས་ནས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསམས་ནས། སེམས་ལ་མི་བཟོད་པ་དང་། དངངས་སྐྲག་དང་མི་བདེ་བ་ལྟ་བུ་སྐྱེ་སྲིད། འོན་ཀྱང་དེས་ཚོགས་གསོག་ཅིང་སྡིག་པ་སྦྱོང་གི་ཡོད་པས། དེ་ནི་དོན་དང་ལྡན་པའི་སེམས་ཁྲལ་དང་། དོན་དང་ལྡན་པའི་སེམས་ཁུར་ཡིན། དེ་ལྟར་བྱུང་ན། ན་མི་འོང་ངམ་ཚ་མི་འོང་ངམ་སྙམ་པ་ལྟ་བུའི་དོན་མེད་ཀྱི་སེམས་ཁྲལ་ནི་ཕལ་པའི་སེམས་ཁྲལ་ཡིན་པས་སེམས་ཁྲལ་བྱས་པ་སྡུག་གྱོང་མ་གཏོགས་ཚོགས་གསོག་པ་དང་སྡིག་པ་སྦྱོང་བ་སོགས་གང་ལའང་ཕན་ཐོགས་མེད་པའི་སེམས་ཁྲལ་གྱི་རིགས་མི་འོང་བས་རླབས་ཆེན་པོ་ཡིན། དེ་ལྟར་ཡིན་པས་རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་བ་ཞེས་པ་ཧ་ཅང་གལ་ཆེན་པོ་ཡིན། 

ཕྱི་ལོ་༡༩༨༠ ལོར་སྩལ་བའི་བླ་མ་མཆོད་པའི་ཉམས་ཁྲིད་ལས་བཏུས།

དེ་ཡང་གཏམ་པདྨའི་ཚལ་གྱི་ཟློས་གར་ལས། སྐྱིད་ན་མི་དགའ་སྡུག་ན་དགའ། །སྐྱིད་ན་ཉོན་མོངས་དུག་ལྔ་འབར། །སྡུག་ན་སྔོན་བསགས་ལས་ངན་འཛད། །ཅེས་དང་། བསྟོད་ན་མི་དགའ་སྨད་ན་དགའ། །བསྟོད་ན་ང་རྒྱལ་ཁེངས་སེམས་ཆེ། །སྨད་ན་རང་སྐྱོན་ཐད་ལ་འབུད། །ཅེས་གསུངས་པ་ལྟར། རྐྱེན་ངན་གང་ཞིག་ཕྲད་པ་དེས་སེམས་ཞུམ་པ་དང་མ་སྐྱིད་པ་འོང་བའི་ཚབ་ལ་དེས་ལས་ངན་ཟད་པའི་གོ་ཆོད་སོང་། བདག་དང་བདག་འདྲ་བའི་ལས་ངན་བསགས་པའི་སེམས་ཅན་དེ་དག་གི་རྣམ་སྨིན་ངས་མྱངས་པ་དེས་གོ་ཆོད་སོང་སྙམ་པ་ལྟ་བུར་བསམ་ཐུབ་ན་རྐྱེན་ངན་ཇི་ཙམ་བྱུང་བ་དེ་དགེ་བ་གོང་ནས་གོང་དུ་འཕེལ་བའི་གྲོགས་སུ་འགྲོ་བ་དང་། ང་ཚོ་མི་ཕལ་པས་མི་འདོད་པར་བརྩི་བའི་ཡུལ་ཞིག་རྣལ་འབྱོར་པ་དེ་ལ་དེ་དག་དཔལ་དང་རྒྱན་དུ་གྱུར་ཏེ། དགེ་བའི་ཉམས་ལེན་གང་དང་གང་ཡིན་ཡང་ཟླ་བ་ཡར་ངོ་བཞིན་གོང་འཕེལ་ཡོང་བ་ཡིན། གཞན་ཡང་།  མི་འདོད་པའི་སྡུག་བསྔལ་དང་། བཀྲ་མི་ཤིས་པ་དང་། ཁ་ཆག་སྣ་རལ་སོགས་ལྟོས་གྲུབ་ནི་ཡིན། དེ་ཡིན་པས་ལྟོས་ས་སོ་སོ་ལ་བལྟོས་ནས་སྣང་ཚུལ་སོ་སོ་བ་འཆར་ཐུབ་པས། རྐྱེན་ངན་འཕྲད་པའི་ཚེ་རྐྱེན་ངན་དེའི་ངོ་གདོང་ནས་སྐྱོན་འབའ་ཞིག་ཡིན་པར་སྣང་ནའང་ཕྱོགས་གཞན་ནས་སམ་ལྟོས་ས་ལྟོས་འཇོག་གིས་ཐོག་མར་རྐྱེན་ཆེན་པོར་སྣང་བ་དེ་ཕྱིས་རྐྱེན་ཆུང་ངུ་ཞིག་ཏུ་སྣང་བ་ལྟ་བུ་འོང་བ་ཡིན། ད་དུང་རྐྱེན་དེ་གྲོགས་སུ་སོང་བའམ་རྐྱེན་དེས་བསྐུལ་ཏེ་དོན་དང་ལྡན་པའི་བྱ་བ་གཞན་ཡང་དྲང་བ་ཡོད་དེ། དཔེར་ན། ང་ཚོ་བོད་པ་རྣམས་རང་ཡུལ་དང་བྲལ་ནས་མི་ཡུལ་དུ་གྱར་བ་འདི་ཁོ་ནའི་སྟེང་ནས་བལྟས་ན་སེམས་མ་སྐྱིད་པར་འགྱུར་བ་ལྟ་བུ་ཞིག་ཡོད་ཀྱང་། གཞན་ཡུལ་དུ་སླེབས་པས་རྐྱེན་གྱིས་འཛམ་བུའི་གླིང་གི་མི་མང་པོ་དང་ངོ་ཤེས་དང་གྲོགས་པོར་གྱུར་པ་དང་། འཛམ་གླིང་གང་སར་བོད་ཀྱི་ཆོས་དང་རིག་གཞུང་ངོ་འཕྲོད་པ་སོགས་ལ་ལྟོས་ན་རྐྱེན་ངན་དེ་གྲོགས་སུ་འགྱུར་བ་ལྟ་བུ་ཞིག་ཡོད། དེ་བཞིན་དུ་བོད་ནང་གི་བོད་མི་རྣམས་ཀྱིས་སྡུག་སྦྱོང་མནར་གཅོད་མྱངས་པ་རྣམས་ཀྱང་ཕྱོགས་གཅིག་ནས་ཧ་ཅང་ཐབས་རྡུགས་པོ་བློ་ཡུལ་ལས་འདས་པ་ལྟ་བུ་སྟེ། འདས་པའི་ལོ་སུམ་ཅུ་སོ་གྲངས་ཀྱི་རིང་ལ་བསམ་བརྗོད་ལས་འདས་པའི་སྡུག་བསྔལ་མྱངས་ཡོད་པ་དང་། བོད་མི་ཧ་ཅང་མང་པོ་ཤི་ཡོད། འོན་ཀྱང་ཕྱོགས་གཞན་ནས་བལྟས་ན་དེས་རྐྱེན་བྱས་ནས་ཆོལ་ཁ་གསུམ་གྱི་བོད་མི་ཚང་མ་རྡོག་རྩ་ཆིག་སྒྲིལ་དང་། བོད་མི་ཡོད་དོ་ཅོག་གི་སེམས་སུ་རང་རང་བོད་མི་ཡིན་བསམ་པ་དང་། ཚང་མ་ཁ་བ་གངས་ཅན་པ་ཡིན་བསམ་པའི་ངོས་འཛིན་ཧ་ཅང་བརྟན་པོ་དང་ཤུགས་ཆེ་རུ་སོང་ཡོད་ཅིང་། རང་གི་མི་རིགས་དང་རིག་གཞུང་གི་ངོ་བོ་རྩ་ཆེར་འཛིན་མཁན་ཞིག་ཏུ་གྱུར་ཡོད་པ་ལྟ་བུ་ཡིན། མདོར་ན་རྐྱེན་ངན་ཕྲད་པ་དེས་སེམས་ཞུམ་པ་དང་། བློ་སྦྱོང་གི་ཉམས་ལེན་ཉམས་པའི་རྐྱེན་དུ་མ་སོང་བ་བྱེད་དགོས། དེ་ལྟར་བྱས་ན་ལམ་བདེ་ནས་བདེ་རུ་འགྲོ་བ་ཞེས་པ་སྟེ་མཐར་སངས་རྒྱས་ཀྱི་ལམ་ལ་འགྲོ་ཐུབ་པ་ཞིག་འོང་བ་ཡིན།

ཕྱི་ལོ་༡༩༨༠ ལོར་སྩལ་བའི་བླ་མ་མཆོད་པའི་ཉམས་ཁྲིད་ལས་བཏུས། 

རང་གིས་རང་ལ་གཅེས་པར་བྱེད་པ་ཇི་བཞིན་མར་གྱུར་པའི་སེམས་ཅན་འདི་དག་ལ་གཅེས་པར་འཛིན་པའི་བློ་སྐྱེ་ཐུབ་པ་བྱུང་ན་དེ་འདྲའི་བློ་དེ་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཏེ། མདོར་ན། ཕན་བདེའི་ལེགས་ཚོགས་ཐམས་ཅད་ཀྱི་གཞི་མའམ་སྒོ་གཅིག་པུའམ་དེ་མཐའ་དག་གི་རྒྱུའམ་ས་བོན་ལྟ་བུ་མ་ནོར་བ་དེ་གཞན་གཅེས་པར་འཛིན་པ་ཉིད་ཡིན། དེ་ཡང་འཕྲལ་དུ་ཕན་སེམས་ཅུང་ཟད་སྐྱེས་ན་དེའི་ཚོད་ཀྱིས་འཕྲལ་དུའང་རང་རང་ལ་གྲོགས་པོ་བཟང་པོ་རྙེད་ཐུབ་པ་དང་། ཇི་ཙམ་ཕན་སེམས་ཡོད་པའི་ཚོད་ཀྱིས་རང་ཉིད་ལ་དགའ་ཉེ་བློ་དཀར་རང་ཤུགས་ཀྱིས་འཁོར་འོང་བ་ཡིན། ཕན་སེམས་ཡོད་ན་ཕར་བྱམས་པོ་བྱས་པ་ནང་བཞིན་བྱ་བྱེའུ་དང་། ཁྱི་དང་ཞིམ་བུ་སོགས་དུད་འགྲོ་རྣམས་ཀྱིས་ཀྱང་ཚུར་གད་མོ་དགོད་པ་སོགས་མི་ནུས་ཀྱང་དགའ་ཉེ་དང་བརྩེ་བའི་རྣམ་འགྱུར་སྟོན་པ་ཡིན། སྨྲ་ཤེས་དོན་གོ་བའི་མི་ལྟ་ཅི། གླེན་ཞིང་གཏི་མུག་པའི་དུད་འགྲོ་རྣམས་ཀྱིས་ཀྱང་ཕར་ཕན་པས་བསྐྱངས་ཚེ་དེར་ངོས་འཛིན་གྱིས། རང་གི་གཉེན་དུ་འགྱུར་བ་ཞིག་འོང་བ་ཡིན། རང་རང་གི་སེམས་ལ་ཕན་སེམས་ཀྱི་བློ་བཟང་པོ་ཡོད་ན་རང་ཉིད་ཀྱི་སེམས་ཀྱང་གློད་བཞག་པ་ལྟ་བུ་དང་། གུ་ཡངས་པོ་འོང་། དེ་ལྟར་བྱུང་བའི་ཚེ་མི་འདིས་རང་ལ་གནོད་སྐྱེལ་ཨེ་འོང་ན། མི་འདིས་ངའི་ཁོག་པ་བསྔོག་ཨེ་འོང་ན་སྙམ་པའི་དངངས་སྐྲག་བྱེད་མི་དགོས་པར་རང་བཞིན་གྱིས་བསམ་བློའི་ནང་དུ་གུ་ཡངས་པོ་སྟེ། རང་གི་བློ་ཁ་ཕྱེ་བ་ལྟ་བུ་འོང་བས་ན་རང་ཉིད་དོན་མེད་རྣམ་རྟོག་གི་ངང་ནས་ཕུང་བ་དང་། དོགས་པའི་ནང་དུ་ལྷུང་བ་རྣམས་མི་འོང་། ང་ལ་གྱོང་རག་དོགས་དང་། ང་མཐར་ལྷུང་བའི་དོགས་པ་ཇི་ཙམ་ཡོད་པའི་ཚོད་ཀྱིས་སུ་ལའང་བློས་མི་འཁེལ་བ་ལྟ་བུ་དང་། ཟོན་བྱེད་དགོས་པ་ལྟ་བུ་འོང་བ་དང་། དེ་ལྟར་བྱས་པའི་འབྲས་བུར་རང་ཉིད་ཀྱི་བསམ་བློའི་ནང་དུ་གྲོགས་མེད་ཁེར་རྐྱང་ལྟ་བུའི་ཚོར་བ་འོང་བ་ཡིན་པས་དེའི་འབྲས་བུར་སྐྱིད་པ་གང་ཡང་མེད། དེ་ལྟར་འོང་བ་ཡིན་ཏེ། དཔེར་ན། མི་ས་ཡ་བཅུ་གྲངས་ཤིག་ཡོད་པའི་གྲོང་ཁྱེར་ཆེན་པོའི་ནང་དུ་རང་ཉིད་ཁེར་རྐྱང་ཡིན་པའི་བསམ་བློ་ཁྱེར་ཏེ་འགྲོགས་འདྲིས་དང་བློ་གཏད་བཅོལ་ས་སུ་གཅིག་ཀྱང་མ་རྙེད་པར་མཐར་རང་ཤི་བརྒྱབ་པའི་གནས་ཚུལ་ཐོན་དང་འཐོན་བཞིན་ཡོད། དེ་དག་ནི་རང་གིས་བསམ་བློ་གཏོང་སྟངས་གུ་དོག་དྲགས་པ་དང་། རང་གཅེས་འཛིན་གྱི་གོང་བུར་གྱུར་ཏེ་སུ་ལའང་བློ་མ་ཁེལ་བར་སྣང་སྲིད་དགྲར་ཤར་བའི་དབང་གིས་རང་ཤི་རྒྱག་དགོས་པར་གྱུར་པ་རེད།


དེས་ན་མི་ཚེ་འདིར་ཡང་བཟང་པོའི་ཡོན་ཏན་ཡོད་ན་སྐྱིད་པ་ཡོད། ཆོས་ཕྱོགས་ནས་བཤད་ན་དེ་བས་ཀྱང་སྟེ། ཕན་སེམས་ཀྱི་ངང་ནས་གཞན་གྱི་སྲོག་བསྐྱབས་ན་རང་ཉིད་ཚེ་རིང་བ་དང་། གཞན་གྱིས་རང་ལ་མི་འོས་པ་ཞིག་བྱས་ནའང་ལན་མ་སློག་པར་བཟོད་པ་བསྒོམས་ན་རང་ཉིད་གཟུགས་མཛེས་པར་འགྱུར་བ་དང་། གཞན་ལ་དྲང་པོར་བཤད་ན་མ་འོངས་པར་རང་ཉིད་ཚིག་བཙུན་པར་འགྱུར་བ་དང་། ཇི་ཙམ་གྱིས་གཞན་ལ་བརྩི་བཀུར་གྱིས་གོང་དུ་བཀུར་ན་རང་ཉིད་གཞན་གྱིས་བཀུར་བར་འགྱུར་བར་སྤྱོད་འཇུག་ནས་གསུངས་པ་བཞིན་ཡིན། ཇི་ཙམ་གྱིས་གཞན་བྲན་དུ་བཀོལ་བའི་ཚོད་ཀྱིས་རང་ཉིད་བྲན་གྱི་ཡང་བྲན་དུ་འགྱུར་བ་དང་། ཇི་ཙམ་གཞན་རང་གི་རྗེ་བོར་བཀུར་བའི་ཚོད་ཀྱིས་མ་འོངས་པ་ན་རང་ཉིད་རྗེ་བོར་འགྱུར་བ་སྟེ། མདོར་ན། འཇིག་རྟེན་གྱི་ལེགས་ཚོགས་ཐམས་ཅད་གཞན་གཅེས་འཛིན་གྱི་འབྲས་བུ་དང་། སྐྱོན་མཐའ་དག་རང་གཅེས་འཛིན་གྱི་འབྲས་བུ་རེད་ཅེས་སྤྱོད་འཇུག་ལས། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། །ཞེས་བསྡོམས་བརྒྱབ་ནས་གསུངས་པ་ལྟར། དེས་ན་མ་རྣམས་གཅེས་པར་བཟུང་ཞིང་མཐར་ཐུག་རྣམ་མཁྱེན་རྒྱལ་བའི་ས་ལ་འགོད་པར་འདོད་པའི་བློ་དེ་ནི་མཐའ་ཡས་པའི་ཡོན་ཏན་ཐམས་ཅད་འབྱུང་བའི་སྒོར་མཐོང་ནས་འགྲོ་བ་འདི་དག་བདག་གི་དགྲའི་དྭངས་མ་སྟེ། རང་གི་སྲོག་ལ་རྒོལ་མཁན་གྱི་དགྲར་ལངས་ཀྱང་དེ་ལ་སླར་མི་ཁྲོ་བར་རང་གི་སྲོག་ལས་ཀྱང་གཅེས་པར་འཛིན་པའི་བློ་བཟང་པོ་སྐྱེ་བར་སྨོན་ལམ་ཚུན་ཆད་རྒྱག་དགོས།

ཕྱི་ལོ་༡༩༨༠ ལོར་སྩལ་བའི་བླ་མ་མཆོད་པའི་ཉམས་ཁྲིད་ལས་བཏུས། 

སྐྱེ་བོ་ཀུན་ཡ་རབས་ཤིག་བྱེད་འདོད་པ་གཅིག་མཚུངས་ཡིན། འོན་ཀྱང་དངོས་གནས་ཡ་རབས་ཤིག་བྱེད་ན། ཚེ་འདིར་དྲིན་གྱིས་བསྐྱངས་པའི་དྲིན་ཅན་གྱི་སེམས་ཅན་འདི་དག་དྲིན་ཆེན་པོ་ཡིན་པའི་བསམ་བློ་ཙམ་ཡང་མེད་པར་ཡལ་བར་དོར་ན་མི་དེ་མ་རབས་ཐ་ཤལ་དུ་བརྩི་བ་རེད། དུས་སྔ་ཕྱིའི་ཁྱད་པར་ཙམ་ལས་སེམས་ཅན་མཐའ་དག་རང་གི་གཉེན་དུ་མ་གྱུར་པ་གཅིག་ཀྱང་མེད་པ་དང་། རང་ལ་ཕན་བཏགས་མྱོང་མཁན་ཤ་སྟག་ཡིན་པས་ན་ཡལ་བར་འདོར་བའི་སེམས་ཅན་ཞིག་གཏན་ནས་མེད་པས་ན། དེ་ཐམས་ཅད་རང་ལ་དྲིན་ཆེ་ཚུལ་རྣམས་བསམས་ནས་བུ་གཅིག་པ་ལ་རང་གི་མས་ལྷག་པར་བརྩེ་བ་བཞིན་གྱི་བཅོས་མ་མ་ཡིན་པའི་སྙིང་རྗེ་སྐྱེ་བར་འབད་བརྩོན་བྱེད་དགོས། 

ཕྱི་ལོ་༡༩༨༠ ལོར་སྩལ་བའི་བླ་མ་མཆོད་པའི་ཉམས་ཁྲིད་ལས་བཏུས། 

མི་ཚེའི་མགོ་སྐྱེ་བའི་སྡུག་བསྔལ་གྱིས་ཟིན། མི་ཚེའི་མཇུག་འཆི་བའི་སྡུག་བསྔལ་གྱིས་བསྡུས། དེ་གཉིས་ཀྱི་བར་རྒ་བའི་སྡུག་བསྔལ་དང་། ན་བའི་སྡུག་བསྔལ་སོགས་གཅིག་མཇུག་གཉིས་མཐུད་དུ་སྡུག་བསྔལ་རྣམ་པ་སྣ་ཚོགས་པས་མནན་པ་གསལ་པོ་ཡིན། དེ་ལྟ་བས་ན་ཇི་སྲིད་ང་ཚོའི་སེམས་རྒྱུད་ཉོན་མོངས་པའི་གཞན་དབང་དུ་ཡོད་པ་དེ་སྲིད་དུ་གཏན་གྱི་བདེ་སྐྱིད་མེད། ཉོན་མོངས་ཞེས་པ་རང་རྒྱུད་ལྡན་གྱི་གང་ཟག་ཉོན་མོངས་པར་བྱེད་པའམ་རང་རྒྱུད་ལྡན་གྱི་གང་ཟག་མ་རུངས་པར་བྱེད་པའམ། རང་རྒྱུད་ལྡན་གྱི་གང་ཟག་ཉམ་ཐག་པར་བྱེད་པས་ན་ཉོན་མོངས་ཞེས་བརྗོད། ཉོན་མོངས་པ་དེ་ཚོ་ང་ཚོའི་ཤེས་རྒྱུད་དུ་རྒྱལ་པོ་བཞིན་དུ་གང་ལའང་འཇིགས་པ་མེད་པ་དང་། གང་ལའང་ཞུམ་པ་མེད་པར་གནས་པའི་རིང་ལ་དེའི་གཞན་དབང་དུ་གྱུར་པ་དང་། དེའི་བྲན་གཡོག་ཏུ་གྱུར་པའི་རང་བཞིན་ཅན་ཡིན་པས་ཡིད་བརྟན་འཕེར་བའི་བདེ་བ་མེད་པ་གསལ་པོ་རེད།

དེ་ལྟར་བསམ་བློ་བཏང་ན་ཉོན་མོངས་ཞེས་པ་འདི་དགྲའི་དྭངས་མ་ཡིན་པ་ཤེས་འོང་བ་ཡིན། ཕྱིའི་དགྲའམ་སེམས་ཅན་དུ་གྱུར་པའི་དགྲས་ང་ཚོས་འདོད་པའི་བདེ་སྐྱིད་ལ་གནོད་མི་ཐུབ། དཔེར་ན། ལྟོ་གོས་དང་གཉེན་ཉེ་དུ། རྒྱུ་ནོར་ལོངས་སྤྱོད་སོགས་ལ་གཅེས་པར་བཟུང་བ་མིན་པར་དེ་དག་ལ་བརྟེན་ནས་ང་ཚོ་ལ་བདེ་སྐྱིད་ཡོང་གི་རེད་སྙམ་པ་དང་། བདེ་སྐྱིད་དེ་ལ་བརྟེན་ནས་སྡུག་བསྔལ་ཉུང་དུ་འགྲོ་ཐུབ་སྙམ་ནས་དེ་དག་ལ་གཙིགས་ཆེར་བྱེད་བཞིན་ཡོད། གྲོགས་ལ་བརྟེན་ནས་རང་གི་སྡུག་བསྔལ་སེལ་བ་དང་། རྒྱུ་ཡོད་ན་ལྟོ་གོས་ལ་སེམས་ཁྲལ་བྱེད་མི་དགོས་པ་དང་། སྨན་བཅོས་ལ་སོགས་པ་བྱེད་ཐུབ་པ། ཕྲུ་གུ་སློབ་གྲྭར་གཏོང་ཐུབ་པ་སོགས་དང་། གཞན་ཡང་། ཐབས་ཤེས་མང་པོ་བྱེད་ཐུབ་སྙམ་པ་དེ་འདྲའི་ཐོག་ནས་རྒྱུ་ནོར་ལ་གཅེས་པར་བཟུང་བ་ཡིན།

གཞན་ཡང་། ཁང་པ་སོགས་ཡོ་བྱད་གང་དང་གང་ཡིན་ནའང་དེ་ཁོ་ནར་རྩ་ཆེན་དུ་བརྩིས་པ་མིན་པར་དེ་དག་ལ་བརྟེན་ནས་རང་ལ་བདེ་སྐྱིད་འོང་སྙམ་པ་དང་། དེས་སྡུག་བསྔལ་སེལ་བར་ཕན་ཐོགས་སྙམ་དུ་རྒྱུ་མཚན་དེའི་སྟེང་ནས་དེ་དག་ལ་གཅེས་པར་འཛིན་པ་རེད། དེ་ཡང་འདི་ལྟར་བསམ་བློ་བཏང་ན་རྒྱུ་ནོར་ལོངས་སྤྱོད་དང་། གཉེན་ཉེ་དུ་སོགས་རང་ལ་བདེ་སྐྱིད་འོང་བའི་རྒྱུ་རྐྱེན་ཨེ་ཡིན་ཞེ་ན།  དེ་ལྟར་ཡིན་ཡང་། རྒྱུ་རྐྱེན་མ་ཚང་བ་མེད་པ་རེད་དམ་ཞེ་ན་མིན། དེ་ལྟར་མིན་པའི་རྟགས་སུ་རྒྱུ་ཕྱུག་པོ་ཡིན་ནའང་སེམས་ཁྲལ་ཡོད་པ་ཧ་ཅང་མང་པོ་འདུག །གཉེན་ཉེ་དུ་མང་པོ་ཡོད་ནའང་སེམས་ཁྲལ་ཡོད་པ་གང་མང་ཡོད་པ་ནི་རྒྱུ་མ་ཚང་བ་མེད་པ་མ་ཡིན་པའི་རྟགས་ཡིན། བདེ་སྐྱིད་འབྱུང་བའི་རྒྱུ་ཙམ་ཡིན་ཡང་རྒྱུ་གང་ཞིག་ཡོད་ན་འབྲས་བུ་བདེ་སྐྱིད་ངེས་པར་འབྱུང་བ་དང་། རྒྱུ་གང་ཞིག་མེད་ན་འབྲས་བུ་བདེ་སྐྱིད་གཏན་ནས་མི་འབྱུང་བ་ལྟ་བུ་མེད་ན་མི་འབྱུང་བའི་འབྲེལ་བ་གྲུབ་པའི་རྒྱུ་དེ་མ་ཡིན་པ་ཧ་ཅང་གསལ། རྒྱུ་འབྱོར་མེད་མཁན་གྱི་ནང་དུ་སེམས་སྐྱིད་པོ་ཡོད་མཁན་ཡོད་ལ། གཉེན་ཉེ་དུ་གཅིག་ཀྱང་མེད་མཁན་གྱི་ནང་དུ་སེམས་ལ་བདེ་སྐྱིད་ཧ་ཅང་ཆེན་པོ་ཡོད་མཁན་ཡང་ཡོད། འོ་ན་མེད་ན་མི་འབྱུང་བའི་རྒྱུ་དེ་གང་རེད་ཅེ་ན། སེམས་ཞི་དུལ་བག་ཡོད་གནས་པ་འདི་ཡིན། འདི་བདེ་སྐྱིད་ཀྱི་མེད་ན་མི་འབྱུང་བའི་རྒྱུ་ཡིན་སྙམ་སྟེ། སེམས་ལྷོད་ལྷོད་ཡོད་ན་སེམས་སྐྱིད་པོ་ཡོད་པ་དང་། སེམས་སྐྱིད་པོ་ཡོད་ན་ཕྱིའི་རྐྱེན་དེ་དག་མ་འཛོམས་ནའང་བག་དྲོ་པོར་སྡོད་ཐུབ་པ་ཡིན། སེམས་ལྷོད་པོ་དང་བག་དྲོ་པོ་ཡོད་ན་སེམས་ལ་བདེ་སྐྱིད་ཡོད་པས་ལུས་ཀྱི་བདེ་བ་དང་སེམས་ཀྱི་བདེ་བ་གཉིས་ལས་སེམས་ཀྱི་བདེ་བ་གཙོ་བོ་ཡིན་པ་དང་། སེམས་ཀྱི་བདེ་བའི་རྒྱུ་གཙོ་བོ་སེམས་རང་གི་སྟེང་ནས་བསྒྲུབ་དགོས་པ་ལས་ཕྱིའི་རྐྱེན་རྣམས་དེའི་འཁོར་གྱི་ཚུལ་གྱི་རྒྱུ་ཙམ་ཞིག་ལས་རྒྱུའི་གཙོ་བོ་མིན། དེས་ན་ང་ཚོའི་ཕྱིའི་དགྲ་ལྟ་བུར་བསམ་བློ་བཏང་ན། ཕྱིའི་དགྲ་གདུག་པ་ཅན་ཅི་འདྲ་ཞིག་ཡིན་ནའང་གཉེན་ཉེ་དུ་དང་།  རྒྱུ་ནོར་ལོངས་སྤྱོད་སོགས་མེད་པར་བྱེད་ཐུབ་ཀྱང་ཐད་ཀར་སེམས་ཀྱི་ཞི་བདེ་མེད་པར་བྱེད་མི་ཐུབ། འོ་ན་སེམས་ཀྱི་བདེ་སྐྱིད་གང་གིས་མེད་པར་བྱེད་ཅེ་ན།  ཉོན་མོངས་པས་བྱེད་པ་ཡིན་ཏེ།  ཁོང་ཁྲོ་སྐྱེས་ན་སེམས་ཀྱི་ཞི་བདེ་བཅོམ་འགྲོ་བ་ཡིན། དེ་བཞིན་དུ་འདོད་ཆགས་དང་ང་རྒྱལ་དང་ཕྲག་དོག་དྲག་པོ་སྐྱེས་ན་སེམས་ཀྱི་ཞི་བདེ་བཅོམ་འགྲོ་བ་ཡིན། ཕྱིའི་དགྲ་སུས་ཀྱང་གླགས་མ་རྙེད་པ་དེ་ནང་གི་ཉོན་མོངས་པའི་དགྲ་བོས་བཅོམ་འགྲོ་བ་ཡིན། དེ་ལྟར་ན་ཉོན་མོངས་ཞེས་པ་འདི་དགྲ་བོའི་དྭངས་མ་ཡིན། སྤྱིར་དགྲ་དང་གཉེན་ཞེས་པ་རང་གི་བདེ་སྐྱིད་འཇོམས་པར་བྱེད་པ་སྟེ་རང་སྡུག་བསྔལ་བར་བྱེད་མཁན་ཞིག་ལ་དགྲ་ཟེར་བ་དང་། རང་ལ་ཕན་འདོགས་མཁན་ཞིག་ལ་གཉེན་ཞེས་བརྗོད་པ་རེད། དེས་ན་ཉོན་མོངས་པས་རང་གི་བདེ་སྐྱིད་འཇོམས་པར་བྱེད་པས་ན་དགྲ་ངོ་མ་དང་། ཕན་པའི་བསམ་པས་རང་ལ་བདེ་སྐྱིད་སྟེར་བས་ན་གཉེན་གྱི་དྭངས་མ་ཡིན། ང་ཚོས་མི་བརྒྱ་སྟོང་མང་པོའི་ནང་ནས་མི་འདི་ངའི་དགྲ་ཡིན། མི་འདི་ངའི་གཉེན་ཡིན་ཞེས་དབྱེ་བ་འབྱེད་ཀྱི་ཡོད། མི་ཡིན་པ་གཅིག་པ་ཡིན་ནའང་གནོད་སྐྱེལ་མཁན་ལ་དགྲ་ཞེས་གཞན་ཕྱོགས་ལ་བཞག་པ་དང་། ཕན་ཐོགས་མཁན་ཞིག་ལ་གཉེན་གྱི་མིང་བཏགས་ནས་རང་ཕྱོགས་ལ་འཇོག་པ་ཆོས་ཉིད་ཡིན། དེས་ན་ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་མཁན་ཤ་སྟག་ཡིན་པས་གནོད་པ་བྱེད་མཁན་ལ་དགྲ་དང་། ཕན་འདོགས་མཁན་ལ་གཉེན་ཞེས་སྤྱིར་བཏང་དེ་ལྟར་བརྗོད་པ་འགྲིག་པ་ཡིན། དེ་བཞིན་དུ་རྒྱུ་ནོར་ལོངས་སྤྱོད་ལ་མཚོན་ནའང་ཕྱིའི་དངོས་པོ་འདྲ་འདྲའི་ནང་ནས་སྔོ་ལྟ་བུ་ལ་སྨན་རེད་ཅེས་དང་དུ་ལེན་པ་དང་། དུག་རེད་ཅེས་ཕར་འཇོག་པ་དང་། ཡང་ལྟོ་ཆས་འདྲ་འདྲའི་ནང་ནས་འདི་ལ་བཅུད་ཡོད་པ་དང་།  ངའི་ལུས་ཕུང་ལ་འཕྲོད་པོ་འདུག་ཅེས་གཉེན་གྱི་འདུ་ཤེས་ལྟ་བུ་བཞག་ནས་བསྟེན་པ་དང་། བཟའ་ཆས་འདི་སྤྱིར་ཡག་པོ་ཡོད་ཀྱང་ང་ལ་འཕྲོད་པོ་མི་འདུག་ཅེས་ཕར་འཇོག་པ་རེད། དེ་ལྟར་ན་སེམས་ཀྱི་རྣམ་རྟོག་འགའ་རེས་འཕྲལ་དུ་བདེ་སྐྱིད་སྤྲོད་པ་དང་ཕུགས་ལ་ཕན་པ་ཡིན་པས་ན་གཉེན་ཡིན་པ་དང་། ཡང་སེམས་ཀྱི་རྣམ་རྟོག་མང་པོ་ཞིག་གིས་འཕྲལ་དུ་སེམས་མ་སྐྱིད་པར་བྱེད་པ་དང་། ཕུགས་ལ་སྡུག་བསྔལ་འདྲེན་པ་ཡིན་པས་དགྲ་ཡིན། རང་གི་ལུས་ལ་མཚོན་ན་ལུས་ཀྱི་ཆ་ཤས་ཡིན་པ་འདྲ་ནའང་མཛེར་བ་ལྟ་བུ་སྐྱེས་ན་དེ་མཛེས་པོ་དང་ཕན་ཐོགས་མི་འདུག་ཅེས་བཀོག་གི་རེད། དེ་བཞིན་དུ་རང་གི་སྙིང་འདི་མའི་མངལ་དུ་ལུས་ཆགས་པ་ནས་ངའི་སྙིང་ཞེས་གཅེས་པར་འཛིན་ཡང་ནམ་ཞིག་སྙིང་གིས་ཁྲག་རྒྱུན་གྱི་ཐད་ལས་ཀ་ཡག་པོ་མ་བྱས་ན་སྙིང་ཡིན་ཡང་བཀོག་དགོས་ཐུག་གི་ཡོད། དཔེ་དེ་བཞིན་དུ། ཉོན་མོངས་པའི་ཤེས་པ་རྣམས་ངའི་སེམས་ཀྱི་ཆ་ཤས་ཡིན་ཡང་ཕན་མ་ཐོགས་ན་གཞག་རྒྱུ་རེད། དེ་ལྟར་བསམ་བློ་བཏང་ན་ཆོས་བྱེད་པ་བདེ་སྐྱིད་ཀྱི་དོན་དུ་ཡིན། མི་ཕལ་པ་ཚོས་བདེ་སྐྱིད་ཕྱི་ནས་འོང་བའི་རེ་བ་རྒྱག་གིན་འདུག །དཔེར་ན། དངུལ་དང་གྲོགས་ལ་བརྟེན་ནས་བདེ་སྐྱིད་འོང་སྙམ་དུ་ཕྱི་རོལ་ནས་བདེ་སྐྱིད་འཚོལ་གྱི་ཡོད། ང་ཚོ་ཆོས་པ་རྣམས་ཀྱིས་བདེ་སྐྱིད་ཀྱི་རྒྱུའི་གཙོ་བོ་གང་ཡིན་ཤེས་པར་བྱས་ནས་སེམས་ཀྱི་ནང་ནས་འདེམ་སྒྲུག་བྱས་ཏེ་ཕན་ཐོགས་ཡོད་པ་རྣམས་ཉམས་སུ་བླངས། ཕན་ཐོགས་མེད་པ་རྣམས་དོར་བ་དེ་ལ་ནང་པའི་ཆོས་བྱེད་པ་ཞེས་བརྗོད།

རྒྱུ་མཚན་དེའི་ཕྱིར་ཉོན་མོངས་ནི་དགྲ་ངོ་མ་ཡིན། ཧོབ་དེ་བལྟས་ན་ཁོང་ཁྲོ་དང་འདོད་ཆགས་སོགས་སྐྱེ་བའི་སྐབས་དེ་དག་གིས་རོགས་བྱེད་བཞིན་པ་ལྟ་བུ་ཡིན། དཔེར་ན། འདོད་ཆགས་སྐྱེ་བའི་སྐབས་རང་གི་མགོ་ནས་རྐང་མཐིལ་གྱི་བར་བྱུག་བྱུག་བྱེད་པ་ལྟ་བུའམ་མཛའ་ཞིང་ཉེ་བ་ལྟ་བུ་ཞིག་ཡོད་པ་དང་། ཁོང་ཁྲོ་སྐྱེ་བའི་སྐབས་རང་ལ་སྲུང་སྐྱོབ་བྱེད་པ་ལྟ་བུ་ཡིན། རང་ཉིད་མི་དང་དངོས་པོ་གང་རུང་ཞིག་དང་གྲ་མ་འགྲིག་པ་བྱུང་སྟེ་རང་ཉིད་ཕམ་གྲབས་བྱེད་པའི་སྐབས་ཁོང་ཁྲོ་སྐྱེ་བ་ཡིན། ཁོང་ཁྲོ་ནི། ཁྱོད་སྐྲག་མི་དགོས། ཁྱོད་ཀྱི་རྒྱབ་རྩར་དཔའ་ངར་ཅན་ང་ཡོད་ཟེར་བ་ལྟ་བུ་ཡིན་ཏེ། རང་ཉིད་ཕམ་ནས་ཕྱིར་བཤིག་བྱེད་གྲབས་ཀྱི་མཚམས་སུ་ཁོང་ཁྲོ་སྐྱེས་ཏེ་ངར་ཤུགས་ཆེ་རུ་སོང་ནས་མི་དེའི་མགོ་ལ་གཞུ་བསམ་པ་ལྟ་བུ་ཡོང་གིན་ཡོད། ད་གིན་ཁོང་ཁྲོ་མ་སྐྱེས་པའི་སྔོན་གྱི་གང་ཟག་དཔའ་ཞུམ་པ་དེ་ཁོང་ཁྲོ་སྐྱེ་བའི་ཚེ་གདོང་ཡང་རྫིག་ཏུ་ཕྱིན། ཨམ་གཙིགས་ཀྱང་བསྡམས་ཏེ་རྫིག་ཉམས་མེད་ན་མ་གཏོགས་ཡོད་ཚད་བྱེད་ཡོང་བ་ལ་བསམས་ན་ཁོང་ཁྲོས་རོགས་བྱེད་པ་ལྟ་བུར་སྣང་བ་དེས་ང་ཚོ་མགོ་རྨོངས་སུ་འཇུག །ཆགས་སྡང་སྐྱེ་བའི་ཚེ་དེ་དག་ལ་རང་གི་རོགས་དང་མགོན་སྐྱབས་དཔུང་གཉེན་གྱི་འདུ་ཤེས་བཞག་སྟེ།  དེའི་དབང་དུ་སོང་ནས་སྨྱོན་པ་ལྟ་བུར་འགྱུར་འགྲོ་བ་ཡིན། མཐར་ཆགས་སྡང་སོགས་འཇགས་པའི་ཚེ་ཨ་ཁ་ཁོང་ཁྲོའི་དབང་གིས་ངས་ལས་ངན་བསགས་སོང་། ཚིག་ངན་བརྗོད་པ་སོགས་བཤད་མི་དགོས་པ་ཞིག་བཤད་སོང་། བྱེད་མི་དགོས་པ་ཞིག་བྱས་སོང་བསམས་ནས་ངོ་ཚ་ཁ་སྐྱེངས་དང་འགྱོད་པ་སྐྱེ་དགོས་པ་ཞིག་འོང་བ་ཡིན། གལ་ཏེ་མི་གཤིས་ཀྱི་སྤྱོད་པ་རང་བབས་སུ་བསྡད་ན་ཚིག་ངན་རྗོད་མི་འདོད་པ་དང་། རྣམ་འགྱུར་ངན་པ་སྟོན་མི་འདོད་ཀྱང་ཁོང་ཁྲོའི་གཞན་དབང་དུ་སོང་བའི་ཚེ་རང་གིས་རང་ཉིད་རང་འོག་ཏུ་མ་འདུས་པར་མི་མཛེས་པ་དང་། མ་རུང་བ་དང་། མ་ཆོག་པ་ཐམས་ཅད་ལ་ཚམ་ཚོམ་མེད་པར་འཇུག་པ་ཡིན་པས་ཁོང་ཁྲོས་འདི་ལྟར་ཕུང་ལ་སྦྱོར་གྱི་ཡོད། དེ་བཞིན་དུ་འདོད་ཆགས་དྲག་པོ་སྐྱེ་བའི་ཚེ་ངོ་ཚ་ཁྲེལ་ཡོད་གཏན་ནས་མེད་པ་ཞིག་ཏུ་གྱུར་ཏེ་ཕུང་ལ་སྦྱོར་གྱི་ཡོད། བློ་སྦྱོང་མཚོན་ཆའི་འཁོར་ལོ་ལས། ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །ཞེས་གསུངས་པ་ལྟར།ཕུང་བྱེད་གཤེད་མ་ངོ་མ་ཕྱིའི་དགྲ་མིན་པར་ནང་གི་དགྲ་རེད། དེས་ན་ཉོན་མོངས་ཞེས་པའི་མིང་འདི་ཡང་བཀྲ་མི་ཤིས་པའི་མིང་ཡིན། ཇི་སྲིད་བོད་ཡུལ་རྒྱའི་དབང་འོག་ཏུ་གནས་པ་དེ་སྲིད་དུ་བདེ་སྐྱིད་གཏན་ནས་མེད་པ་ལྟར་ཏེ། ཉོན་མོངས་ཞེས་པའི་གདུག་པ་ཅན་དེའི་གཞན་དབང་དུ་སོང་བའི་རིང་ལ་སྐྱིད་པ་ཞིག་མེད་ཐག་ཆོད་པ་རེད། གལ་ཏེ་ཉོན་མོངས་ཞེས་པ་མེད་པར་བཟོ་ཐུབ་པ་ཞིག་མིན་ན་ནི་སེམས་ཁྲལ་བྱས་ནས་དགོས་པ་མེད། སེམས་མ་སྐྱིད་པ་མེད་པ་བཟོ་ཐབས་གཞན་མེད་ན་ཆང་འདྲ་འཐུང་ནས་སྡོད་པ་ལྟར་རེད། ཉོན་མོངས་ཟད་རྒྱུ་ཡོད་ན་དེའི་ཆེད་དུ་སྡུག་བསྔལ་བསྒོམས་ན་སྒོམ་རིན་ཆོག་པ་ཡིན། སྡུག་བསྔལ་བསྒོམས་ནས་གྲུབ་འབྲས་ཐོན་པ་ཡོད། སྡུག་བསྔལ་མྱངས་ནས་ལམ་གསར་པ་ཞིག་རྙེད་རྒྱུ་ཡོད་པས་སྡུག་བསྔལ་བསྒོམ་དགོས་ཞེས་གསུངས། དེ་ལྟ་ཡིན་པ་ལས་གཞན་བཅོམ་ལྡན་འདས་ཀྱི་ཆོས་དེ་དང་པོ་ཉིད་ནས་སེམས་ཤུགས་གཅོག་པའི་ཆེད་ལྟ་བུར། འཁོར་བ་ཞེས་པ་མི་རྟག་པ་དང་། སྡུག་བསྔལ་བའི་རང་བཞིན་རེད་ཅེས་གསུངས་པ་མིན། ང་ཚོ་ད་ལྟའི་བར་དུ་ལམ་དེར་ཕྱིན་ནས་འདོད་པ་བདེ་སྐྱིད་ཡིན་ཡང་བདེ་སྐྱིད་ཚད་ལོངས་པ་ཞིག་མི་ཡོང་བ་དང་། མི་འདོད་པ་སྡུག་བསྔལ་ཡིན་ཡང་སྐྱེ་བ་ནས་སྐྱེ་བ་དང་། ཚེ་རབས་ནས་ཚེ་རབས། བསྐལ་པ་ནས་བསྐལ་པར་སྡུག་བསྔལ་རྫོགས་རྒྱུ་མེད་པ་བྱུང་དང་འབྱུང་བཞིན་ཡོད་པས་དེ་མིན་པའི་ལམ་ཞིག་ཡོད་ན་དེའི་རང་བཞིན་ཤེས་པའི་སྒོ་ནས་ལམ་གསར་པ་དེར་གཞུག་དགོས་པ་དང་བསྒྱུར་བཅོས་གཏང་དགོས་པ་དང་། བསྒྱུར་བཅོས་གཏོང་བ་ལ་གཏོང་འདོད་སྐྱེ་དགོས་པ་དང་། དེ་སྐྱེ་བ་ལ་ད་ལྟའི་ལམ་འདི་ནོར་བ་ཡིན་པ་དང་ཡང་དག་པ་མ་ཡིན་པ་སྟེ་ཕྱིན་ཅི་ལོག་ཡིན་པ་ཤེས་དགོས། 

ཕྱི་ལོ་༡༩༨༠ ལོར་སྩལ་བའི་བླ་མ་མཆོད་པའི་ཉམས་ཁྲིད་ལས་བཏུས། 
 

སྤྱིར་དེང་སྐབས་འཛམ་བུ་གླིང་འདིར་ཉོན་མོངས་པ་སྐྱོན་དུ་ཤེས་མཁན་ཤར་ཕྱོགས་ཀྱི་ལྟ་གྲུབ་ཀྱི་ནང་དུ་མ་གཏོགས་ཧ་ལམ་མེད་པ་ལྟ་བུར་འདུག །མི་བསད་པ་དང་རྐུ་བྱས་པ་ལྟ་བུ་ཉེས་པ་ཡིན་པ་འཇིག་རྟེན་ཡོངས་གྲགས་རེད། འོ་ན་མི་གསོད་པ་དང་རྐུ་བྱེད་པ་སོགས་གང་གི་དབང་གིས་བྱུང་ཞེ་ན། ཆགས་སྡང་གི་དབང་གིས་བྱུང་བས་ན་དེའི་རྩ་བ་དེད་ན་སེམས་མ་དུལ་བར་ཐུག་ཀྱང་དེར་བརྟག་དཔྱད་བྱེད་མཁན་སྤྱིར་ཤར་ཕྱོགས་ཀྱི་ཆོས་དང་། དེའི་ནང་ཚན་ནས་ནང་པ་སངས་རྒྱས་པའི་ཆོས་གཙོ་བོ་ཡིན། དེས་ན་རྨོས་ལྟ་བུ་གཏིང་ནས་སློག་མཁན་སངས་རྒྱས་པའི་ཆོས་འདི་ཡིན། ཀུན་སློང་ཟློག་ཐབས་བྱས་ཏེ་དེས་དྲངས་པའི་ལུས་ངག་གི་ཉེས་པ་འགོག་དགོས་པ་ཡིན། ཀུན་སློང་མ་དུལ་ན། མི་གསོད་མི་ཆོག་པ་དང་། རྐུ་བྱེད་མི་ཆོག་ཅེས་ཁྲིམས་བསྡམས། སྐོར་སྲུང་བ་བཙུགས་པ་སོགས་རྒྱ་ཆེན་བྱས་ཀྱང་མི་གསོད་མཁན་དང་རྐུ་བྱེད་མཁན་དག་དེ་ལས་གྲུང་བ་དང་། དེ་ལས་མགོ་བདེ་པོར་གྱུར་ནས་ཐབས་ལམ་གསར་པའི་སྟེང་ནས་མི་གསོད་པ་དང་རྐུ་བྱེད་པ་ཡིན། ཀུན་སློང་ནས་བཟློག་ན་ཕྱི་ནས་ཁྲིམས་སོགས་གང་ཡང་མི་དགོས་པར་རང་ཁྲིམས་རང་གིས་བསྲུངས་ནས་ཆུ་རྩ་བ་ནས་བཀག་པ་ལྟ་བུ་ཞིག་འོང་བ་ཡིན། དེ་ལྟ་མིན་ན་ཕྱི་ནས་ཆུ་རགས་ཇི་ཙམ་བརྒྱབ་ཀྱང་ཆུ་ག་དུས་ཀྱང་ལུད་འོང་བ་ལྟ་བུ་ཡིན། དེས་ན་མི་ཚེ་གཅིག་གི་ཆ་ནས་དང་། ཚེ་རབས་གཏན་གྱི་འདུན་མ་བསྒྲུབ་པ་གང་གི་ཆ་ནས་ཀྱང་སེམས་འདུལ་བ་ནི་དངོས་གནས་གལ་ཆེན་པོ་ཡིན། དེའི་ཕྱིར་མིག་དཔེ་སྟོན་མཁན་དང་། བསླབ་བྱ་བྱེད་མཁན་གྱི་བླ་མ་དེའི་ཕྱོགས་སུ་རང་ཉིད་ཇི་ཙམ་ཉེ་བའི་ཚོད་ཀྱིས་རང་ཉིད་ལ་བཟང་པོའི་ཡོན་ཏན་རྣམས་འགོ་བ་སྟེ། ཇི་སྐད་དུ། གང་ཞིག་གསེར་གྱི་རི་ལ་གནས་བཅས་ན། །དེ་ཡི་འདབ་ཆགས་ཐམས་ཅད་གསེར་དུ་འགྱུར། །ཞེས་གསུང་སྒྲོས་ལ་ཡོད་པ་བཞིན་ཡིན།།

ཕྱི་ལོ་༡༩༨༠ ལོར་སྩལ་བའི་བླ་མ་མཆོད་པའི་ཉམས་ཁྲིད་ལས་བཏུས།

ང་ཚོས་མཐོང་ཆོས་ལའང་མ་མཐར་ཡང་བཟང་པོའི་གྲོགས་དང་བཅས་པ་ཞིག་ཡིན་ན་དེ་ཆགས་སྡང་ཕྱོགས་རིས་ཅུང་ཉུང་བ་སོགས་ཅུང་བཟང་བ་ཡོད། དེའི་འབྲས་བུར་མི་ཚེ་སྐྱིད་པ་དང་། རང་ཉིད་མི་ཚེ་སྐྱིད་པའི་ཞོར་ལ་རོགས་ཀྱང་བག་ཕེབས་པ་དང་སྐྱིད་པ་ཡོད། ཡང་གྲོགས་ང་རྒྱལ་དང་ཆགས་སྡང་ཆེན་པོ་ཅན་དང་འགྲོགས་ན་རིམ་གྱིས་རང་ཉིད་ཀྱང་ཆགས་སྡང་ཕྱོགས་རིས་ཀྱི་གོང་བུ་ཞིག་ཏུ་གྱུར་ཏེ་རང་མ་སྐྱིད་པ་དང་། རོགས་མི་བདེ་བར་མི་ཚེ་སྡུག་བསྔལ་གྱིས་འདའ་དགོས་པ་ཞིག་འོང་བ་ཡིན། རང་ཉིད་ཀྱིས་སྙིང་ཉེ་པོ་བྱེད་ས་དང་བློ་གཏད་བཅོལ་སའི་མི་དེ་ཇི་ཙམ་ཡ་རབས་དང་། བཟང་བ། ཞི་བ། དུལ་བ། བག་ཡོད་པའི་ཚོད་ཀྱིས་རང་ཉིད་ལ་ཕན་ཐོགས་ཡོད། དེའི་ཕྱིར་མིང་ཡོད་པ་ཙམ་དང་། བླ་བྲང་ཡོད་པ་ཙམ་གྱིས་བླ་མར་འགྱུར་རྒྱུ་གང་ཡང་མེད། དེས་ན་ཐེག་པ་ཆེན་པོའི་བླ་མ་ཞེས་པ་རང་ལས་གཞན་གཙོ་བོར་བྱེད་པ་དང་། གཞན་ལ་ཕན་བདེ་སྒྲུབ་མཁན་དང་། ཚེ་འདི་ལས་ཕྱི་མ་གཙོ་བོར་བྱེད་མཁན་ཞིག་དགོས་པར་གསུངས་པས། དེ་ལྟ་བུའི་མཚན་ཉིད་ཚང་བའི་ཡུལ་དང་འགྲོགས་ན་རང་ལ་ཁེ་མ་གཏོགས་གྱོང་མེད་པ་དཔྱད་ན་ཚོད་ཐིག། །དེའི་ཕྱིར་བཤེས་གཉེན་བསྟེན་ན་ཕན་ཡོན་ཆེན་པོ་ཡོད་པ་དང་། བཤེས་གཉེན་མ་བསྟེན་ན་གྱོང་ཆེན་པོ་ཡོད། 


ཕྱི་ལོ་༡༩༨༠ ལོར་སྩལ་བའི་བླ་མ་མཆོད་པའི་ཉམས་ཁྲིད་ལས་བཏུས། 

རྟེན་གྱི་སྐོར་ལ། རང་ཉིད་ཀྱིས་དཀའ་ངལ་ཁྱད་གསད་ཀྱིས་རྟེན་གསར་དུ་བསྒྲུབ་དགོས་པ་སོགས་ལ་གོ་རྒྱུ་མ་ཡིན་པར། རང་ལ་གང་ཡོད་པའི་སྐུ་བརྙན་གྱི་རིགས་ཡོད་ན་དེས་ཆོག །དེ་ལྟར་ཡོད་ན་ཡག་པོ་ཡོད། སྐུ་བརྙན་དེ་དག་ཀྱང་རྒྱུ་ཆ་ཡག་ཉེས་ཀྱི་ཐོག་ནས་གྲལ་བསྒྲིགས་པ་མ་ཡིན་པར། བསྟན་པའི་བདག་པོ་ཡིན་པས་སྟོན་པ་བཅོམ་ལྡན་འདས་གཙོ་བོར་བཞུགས་སུ་གསོལ། རྗེ་བཙུན་འཇམ་པའི་དབྱངས་དང་བྱམས་པ་ལ་སོགས་པ་སྲས་ཀྱི་ཐུ་བོའི་ཚུལ་བཟུང་བ་ཡིན་པས་དེའི་ཉེ་འཁོར་ལ་དགོད། ཆོས་སྲུང་གི་རིགས་རྣམས་གཤམ་ལ་དགོད་དགོས་པ་ལས་རིན་གོང་ཆེ་ཆུང་སོགས་ཀྱི་སྒོ་ནས་བསྒྲིགས་ན་ཅ་ལག་གི་འདུ་ཤེས་བཞག་པ་ཡིན་པས་ནོར་འཁྲུལ་ཡིན། གལ་སྲིད་རི་ཁྲོད་པ་ཡིན་ན་དེ་དག་ཆེད་གཉེར་གྱིས་བསྒྲུབ་དགོས་པ་མེད་སྙམ་སྟེ། སྐུ་རྟེན་བསྒྲིག་རྒྱུ་མེད་པའི་ཆ་ནས་རྟོགས་པ་མ་སྐྱེས་པའི་ལོ་རྒྱུས་ཅང་ཨེ་ཡོད་དམ། དཔེར་ན།  རྗེ་བཙུན་མི་ལ་ལྟ་བུར་དེ་ལྟར་མེད། སྐབས་ཤིག་རྗེ་བཙུན་མི་ལའི་མཚམས་ཁང་གི་ནང་དུ་རྐུན་མ་སླེབས་པར་རྗེ་བཙུན་མི་ལས་བཞད་མོ་དང་བཅས། ངས་ཉིན་མོར་བཙལ་ནས་མ་རྙེད་པར་ཁྱོད་ཀྱིས་མཚན་མོར་བཙལ་ནས་ཅི་ཞིག་རྙེད་ཅེས་གསུངས་པ་དེ་དག་དངོས་གནས་ཀྱི་བྱུང་བ་རེད། གང་ལྟར་རྗེ་བཙུན་མི་ལར་སྐུ་གསུང་ཐུགས་རྟེན་བསྒྲིག་རྒྱུ་མེད་པའི་རྐྱེན་གྱིས་རྟོགས་པ་འཐུས་ཤོར་སོང་བའི་ལོ་རྒྱུས་མེད། ནང་ལ་དང་དོད་བྱ་དགོས་པ་ལས་ཕྱི་ལ་དང་དོད་བྱ་རྒྱུ་མེད། དེ་ལྟ་ནའང་སྐུ་གསུང་ཐུགས་རྟེན་མ་བསྒྲིགས་ལྷུན་གྲུབ་ཀྱིས་བྱུང་ན་དེ་དག་བཀོད་པ་མཛེས་པར་བཤམ། དེ་ནས་རྒྱུད་ཀྱི་གླེགས་བམ་ལ་སོགས་པ་ཉེར་མཁོའི་དཔེ་ཆ་རྣམས་སླ་ཆོས་བྱས་ཏེ་རང་གི་འཁྲིས་སུ་བཞག་པ་མིན་པར་དགོས་དུས་མ་གཏོགས་མཆོད་གཤོམ་གྱི་ནང་དུ་བཞག་སྟེ་དེ་དག་ལ་ཇི་ཙམ་གུས་པ་དང་བསྟོད་པའི་ཚོད་ཀྱིས་རང་ཉིད་ཀྱི་རྒྱུད་ལ་ཉམས་རྟོགས་སྐྱེ་བའི་ཁྱད་པར་ཡོད། 

ཕྱི་ལོ་༡༩༨༠ ལོར་སྩལ་བའི་བླ་མ་མཆོད་པའི་ཉམས་ཁྲིད་ལས་བཏུས། 

བོད་ཡུལ་དེ་ནང་པ་སངས་རྒྱས་པའི་ཆོས་ས་དར་རྡོ་དར་དུ་སོང་བའི་ཡུལ་ཡིན་པ་དང་། ཆོས་ཁས་བླངས། ཆོས་ལ་ཡིད་ཆེས་བྱེད་བཞིན་དུ་ཆོས་ཁྱད་དུ་གསོད་མཁན་མང་པོ་ཡོད་པས་ཆོས་ལ་བརྟེན་ནས་སྡིག་པ་མང་པོ་བསགས་ཡོད་པ་དེ་འདྲའི་ཐོག་ནས་ལས་ངན་གྱི་འབྲས་བུ་ཏན་ཏན་འོང་། ཡང་རྐྱེན་གཞན་ནི་ང་ཚོས་སྤྱི་བའི་ལས་དོན་རྣམས་ཚགས་ཚུད་པོ་མ་བྱུང་བ་དང་།  ལྷག་པར་སྐུ་མདུན་སྐུ་གོང་མའི་སྐུ་ཚེའི་སྨད་ཙམ་ནས་ཐོག་མའི་འཆར་གཞི་དང་དམིགས་ཡུལ་ཇི་བཞིན་འགྲོ་མ་ཐུབ་པར་འཐུས་ཤོར་ནས་རྐྱེན་ངན་བྱུང་བ་དང་།  དེའི་དབང་གིས་ད་ལྟ་ང་ཚོ་ཐབས་སྐྱོ་པོར་གྱུར་པ་དེ་གསལ་པོ་རེད། དེ་ལྟ་ནའང་ང་ཚོས་སྤྱི་པའི་དོན་དུ་རྒྱ་མིར་ཁོང་ཁྲོ་དང་མི་དགའ་བ་བྱས་ན་ཡག་པོ་མེད།  དངོས་གནས་ས་གནས་ས་ཐོག་གི་བོད་པར་སྡུག་སྦྱོང་གཏོང་མཁན་གྱི་རྒྱ་དཔོན་བྱེ་བྲག་པ་ཞིག་ལ་མཚོན་ནའང་སྙིང་ཁོང་རུས་པའི་གཏིང་ནས་དེར་ཕན་སེམས་བྱེད་པ་ལས་གནོད་པའི་བསམ་པ་གཞར་ཡང་མི་སྐྱེ་བ་བྱེད་རྒྱུ་གལ་ཆེ། ཡང་ཕན་སེམས་བྱེད་དགོས་ཞེས་པ་གང་ཟག་དེས་ང་ཚོར་མ་བབ་པ་དང་མ་འོས་པ་བྱས་པ་རྣམས་ལ་དག་པ་སྟེར་བ་ལྟ་བུ་གཏན་ནས་མ་རེད། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞན་དོན་སྒྲུབ་པར་ལས་རབ་འབྱམས་ཞེས་མང་པོ་ཡོད་པ་དེ་དག་ཡོང་མི་ཤེས། དེས་ན་བཟོད་པ་བསྒོམ་ཞེས་པ་གཙོ་བོ་རང་ཉིད་ཁོང་ཁྲོའི་གཞན་དབང་དུ་མི་གཏོང་བ་ལ་ཟེར་བ་ལས་སྡུག་སྒོམ་རྒྱག་པ་གཅིག་པུ་ལ་ཟེར་བ་མིན། དངོས་ཡོད་རྒྱུ་མཚན་གྱི་ཐོག་ནས་བདེན་པ་བདེན་སར་འཁྱོལ་བར་བྱས་པ་དེ་བཟོད་པ་མ་བསྒོམས་པ་གཏན་ནས་མིན། རང་ཉིད་ཀྱི་གཤིས་རྒྱུད་གནག་སེམས་དང་གནོད་སེམས་སོགས་ཁྲོ་བ་དང་ཞེ་སྡང་གི་གཞན་དབང་དུ་མི་གཏོང་བར་ལྷག་ཏུ་སྙིང་རྗེ་བསྒོམས་པ་དེ་ལ་བཟོད་པ་བསྒོམས་པ་ཟེར། ལག་ལེན་གྱི་ཐོག་ནས་ཕ་རོལ་པོས་མ་འོས་པ་དང་མ་འཚམ་པའི་བྱ་བ་ངན་པ་བྱས་པ་རྣམས་བྱུང་རྒྱལ་དུ་བཞག་ན། ད་དུང་ཕ་རོལ་པོས་སྡིག་པ་མུ་མཐུད་ནས་གསོག་པའི་རྐྱེན་དུ་འགྱུར་བས་རྒྱུ་མཚན་འདི་འདྲ་ལ་བརྟེན་ནས་ཕ་རོལ་པོར་བརྩེ་བའི་སྒོ་ནས་ཕ་རོལ་པོའི་བྱ་བ་ངན་པ་བཟློག་དགོས།


དེས་ན་ང་ཚོས་གཞུང་ནས་གསུངས་པའི་བསླབ་བྱ་རྣམས་དངོས་ཡོད་གནས་ཚུལ་དང་རན་པ་ཡིན། མི་ཕལ་པ་དང་ཆོས་ཁས་མི་ལེན་པ་རྣམས་ཀྱིས་བལྟས་ཀྱང་དེ་རླབས་ཆེན་པོར་མཐོང་བ་ཡིན།  དོན་མེད་པར་ཕ་རོལ་པོས་རང་ལ་གནོད་པ་བྱས་ཏེ་སྡུག་བསྔལ་གྱི་ནང་དུ་ཚུད་ནའང་རང་གི་སེམས་ཀྱི་ཞི་བདེ་མ་བརླགས་པའི་ཐོག་ནས་སྐབས་དང་འཚམས་པར་ཕ་རོལ་པོར་ལན་སློག་པ་དེ་རླབས་ཆེན་ཡིན། སྤྱིར་བཏང་གི་མི་ཞིག་ལ་མཚོན་ནའང་དེ་ལྟར་བྱེད་མཁན་གྱི་མི་དེ་གྲུང་བོ་རེད། སེམས་ལ་མི་དགའ་བ་དང་། ཁོང་ཁྲོ་སྐྱེས་ཏེ་གཉིད་མ་ཁུག་པ་དང་། ལྟོ་ཆས་ལ་བྲོ་བ་མེད་པ་སོགས་མེད་པར་རང་ཉིད་ཞི་དུལ་གྱི་ངང་དུ་བསྡད། ཟས་ཞིམ་པོ་ཟོས། གཉིད་སྐྱིད་པོ་ཁུག །ལག་ལེན་གྱི་ཐོག་ནས་ཕ་རོལ་པོར་ཁ་གཏད་ཤུགས་ཆེན་པོ་བཅགས་ན་དེ་རླབས་ཆེན་རེད་མི་འདུག་གམ། ཁ་གཏད་གཅོག་པ་སོགས་གང་ཡང་མེད་པར་ཁོང་ཁྲོ་ལངས་ཏེ་རོ་སྟོད་ན་ནས་བསྡད་ན་གླེན་པ་རེད། 

དེ་ལྟ་ན་ཐེག་པ་ཆེན་པོའི་གཞུང་ནས་གསུངས་པ་རྣམས་བྱབ་ཆུང་གི་བསམ་བློ་གཏན་ནས་མིན། ཡང་འགའ་ཞིག་གིས་བྱང་ཆུབ་སེམས་དཔའ་ཟེར་བ་བྱབ་ཆུང་བ་ཞིག་ཏུ་མཐོང་སྲིད་ཀྱང་ངས་ནི་དེ་དག་གྲུང་བོ་ཞིག་ཏུ་བརྩི་བཞིན་ཡོད། དུས་རྒྱུན་དུ་ལག་ལེན་ངོ་མའི་ཐོག་ནས་བསླབ་བྱ་གང་གནང་ཡོད་པ་ལྟར་བསྒྲུབ་དགོས། བསྟན་པའི་སྤྱི་དགྲ་དང་བླ་མའི་སྒོས་དགྲ་ལྟ་བུ་ལ་ཁྲོ་སེམས་བྱེད་མི་ཉན་པར་མ་ཟད་ལྷག་ཏུ་སྙིང་བརྩེ་དགོས་ན་མི་སྒེར་ལ་གནོད་པ་ཕྲན་བུ་བྱེད་མཁན་ལ་ལྟ་ཅི་སྨོས། ང་ཚོ་ཁ་ཤས་ཆེ་ས་སྤྱི་པའི་དོན་བརྗེད། ཆུང་ཙག་ཅིག་ལ་ཨམ་གཙིགས་བསྡམས་སྡོད་མཁན་དེ་འདྲ་འདུག་པ་རྣམས་ནི་དེ་ལས་ཀྱང་བྱབ་ཆུང་རེད།
(༡༩༩༧/༡༢ /༢༨ ནས་༡༩༩༨/༡ /༤ བར་སེར་བྱེས་འདུ་ཁང་གསར་བཞེངས་ཟིན་པའི་རྟེན་འབྲེལ་མཛད་སྒོར་སྟོང་ཐུན་གྱི་བཀའ་ཁྲིད་ལས་བཏུས།

འཇར་མིན་གྱི་སོའི་སྨན་པ་ཨ་ཅག་ལགས་དང་ཁྱོ་ག་ཅིག་འདུག ཁྱོ་ག་དེ་ངས་ངོ་ཤེས་ཀྱི་ཡོད། སོའི་སྨན་ཁང་ཞིག་འདིར་ཡོད་ཀྱང་བར་སྐབས་གཙང་མ་དེ་ཙམ་མི་འདུག་པས། སོའི་ལས་ཀ་བྱེད་མཁན་གྱིས་གཙང་སྦྲ་ཡག་པོ་མ་བྱས་ན་ཉེན་ཁ་ཡོད་ཅེས་བཤད་སོང་། ངོས་ཀྱིས་རྒྱུན་དུ་འཆད་བཞིན་པ་ལྟར་དགེ་འདུན་པ་རྣམ་པས་ཞག་རྩི་ཅན་གྱི་ཟས་བསྟེན་པ་ཅུང་མང་དྲགས་ཀྱི་འདུག་ཅེས་བཤད་བྱུང་། ངས་རྩེད་མོ་དང་བཅས་བོད་ཇ་སླ་པོ་བཟོས་ན་ཡག་པོ་ཡོད་ཅེས་སྔོན་ནས་མང་པོ་བཤད་མྱོང་མོད་བོད་ཇ་ཞག་མང་པོ་ཡོད་པ་དེ་ཕལ་ཆེར་སངས་རྒྱས་ཀྱི་བསྟན་པའི་ཆ་ཤས་ཤིག་ལ་བརྩིས་ནས་བསྟན་པ་གང་དུ་འཛིན་སྐྱོང་སྤེལ་གསུམ་བྱེད་ས་དེར་ངེས་པར་དུ་ཇ་གར་པོ་ཡོད་དགོས་པ་ལྟ་བུ་བརྩི་ཡི་འདུག །བོད་ཇ་བཞེས་མྱོང་མེད་པའི་སྟོན་པ་བཅོམ་ལྡན་འདས་ཀྱི་ཆོས་ཚུལ་འཛིན་མཁན་ཚང་མས་བཞེས་དགོས་པ་འདྲ་པོ་འདུག། །སྔོན་ངས་གྲྭ་ཚང་ལ་ཞག་རྩི་ཡོད་པ་དེ་ཧ་ཅང་འཐུང་དྲགས་ན་ཁྲག་དང་མཁྲིས་པ་ལ་གནོད་པས་ཡག་པོ་མེད། དེ་ལས་ཆུ་ཁོལ་འཐུང་ན་ཡག་པོ་ཡོད་ཅེས་བཤད་ཀྱང་། རྗེས་སུ་གྲྭ་ཚང་སྐུ་ཞབས་ཤིག་གིས་ཚོགས་སུ་ཆུ་ཁོལ་འཐུང་བ་ལ་རྣམ་རྟོག་ཟ་ཡི་འདུག་ཅེས་བཤད་འདུག །གཟུགས་པོར་གནོད་ན་ཡང་ཇ་ལ་ཕུ་རྒྱག་བཞིན་འཐུང་བ་ལས་ཆུ་ཁོལ་གྱིས་ཡིད་ཚིམ་གྱི་མེད་པ་འདྲ། གང་ལྟར་དགེ་འདུན་པའི་ནང་དུ་ཕོ་བའི་སྐྲན་ནད་སོགས་བྱུང་བ་ནི་ཟས་ཟ་སྟངས་མ་འགྲིག་པའི་རྐྱེན་ཡིན་པས་དེ་འགྲིག་གི་མི་འདུག་ཅེས་བཤད་མཁན་འདུག་ལ། ངས་ཀྱང་སྔོན་ནས་དེ་ལྟར་བཤད་ཡོད་པས་ཕན་ཐོགས་ཡོད་མེད་མི་ཤེས་ཀྱང་འབྲེལ་ཡོད་ཚོར་ཞུས་ན་ཡག་པོ་འདུག་ཅེས་ཁ་སང་བཤད་པ་ཡིན། དེས་ན་ཟས་ལ་གཟབ་གཟབ་བྱེད་དགོས་པ་གལ་ཆེ། ཕོ་སྐྲན་རིགས་མང་ཙམ་འབྱུང་བཞིན་པ་ནི་ཚ་བའི་ནང་དུ་ཆུ་གྲང་མོ་འཐུང་བའི་རྐྱེན་དང་། ཡང་སྐབས་རེར་ཟས་ཟ་སྟངས་ཀྱིས་གྲོད་ཁོག་བཤལ་བའང་ཡོད་ཚོད་འདུག །སྤྱིར་བོད་པའི་ནང་སྐྲན་ནད་ཀྱི་རིགས་མང་ཙམ་འདུག་པས་གཟབ་གཟབ་བྱེད་དགོས། ཕན་གྱི་ཡོད་མེད་མི་ཤེས་ཏེ་ཁྲལ་ལྟ་བུ་བྱས་ནས་མ་ཞུས་ན་འགྲིག་མ་སོང་སྙམ། བཞད་མོ་བཞད།

(༡༩༩༧/༡༢ /༢༨ ནས་༡༩༩༨/༡ /༤ བར་སེར་བྱེས་འདུ་ཁང་གསར་བཞེངས་ཟིན་པའི་རྟེན་འབྲེལ་མཛད་སྒོར་སྟོང་ཐུན་གྱི་བཀའ་ཁྲིད་ལས་བཏུས།

རྗེ་རིན་པོ་ཆེའི་གསུང་པོ་ཏི་བཅོ་བརྒྱད་དུ་མདོ་སྔགས་ཀྱི་གནད་འགག་ཐམས་ཅད་སྒྲིལ་ནས་ཧ་ལས་པ་ཞིག་གསུངས་ཡོད། བློ་གཟུ་བོར་གནས་པ་སུས་བལྟས་ཀྱང་ངོ་མཚར་སྐྱེ་བ་དང་དད་པའི་སྤུ་ལོང་རང་དབང་མེད་པར་གཡོ་བའི་ལེགས་བཤད་ཤ་སྟག་ཡིན། གསུང་དེ་དག་མཆོད་གཤོམ་དུ་པོ་ཏིའི་རྣམ་པར་ལུས་པ་ཙམ་མ་ཡིན་པར་ཡང་ཡང་མཇལ་དགོས་པ་དང་། མ་མཐར་ཡང་དཔེ་ཆ་དེ་དག་བཀླགས་རྗེས་དེའི་ནང་དུ་གསུངས་པ་རྣམས་ནམ་ཞིག་ན་རང་རྒྱུད་ལ་སྐྱེ་ཐུབ་པ་ཞིག་བྱུང་ན་སྙམ་པ་དང་སྐྱེ་བར་ཤོག་ཅེས་སྨོན་ལམ་ཞིག་ལས་མ་བྱུང་ཡང་འདེབས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གདན་ས་ཁག་ཏུ་མ་གཞི་རང་རང་གི་ཡིག་ཆའི་ཁས་ལེན་འཛིན་མཚམས་གཙོ་བོར་བྱེད་དགོས་ངེས་རེད། འོན་ཀྱང་ཡིག་ཆ་བརྩམས་པའི་དགོས་དོན་རྗེའི་གསུང་མདོ་སྔགས་ཀྱི་ལེགས་བཤད་པོ་ཏི་བཅོ་བརྒྱད་ཀྱི་དགོངས་དོན་རྟོགས་པའི་དོན་དུ་བརྩམས་པའི་འགྲེལ་པ་ཡིན་པ་ལས་རྗེའི་གསུང་དེ་དག་མི་དགོས་པ་བྱས་ནས་རྗེས་འཇུག་གི་ཡིག་ཆ་གཅིག་པུས་ཆོག་པའི་དོན་ག་ལ་ཡིན། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པར་དད་ལྡན་གྱི་སློབ་མ་འགས་དབུ་ཕར་གྱི་གཞུང་རྩོམ་རོགས་ཞུ་སྐབས། ཕ་བློ་བཟང་གྲགས་པས་མཛད་ཡོད་པས་ངས་བྲིས་པ་ཡིན་ན་ཁོང་གི་ལེགས་བཤད་དེ་དག་གལ་ཆུང་བྱེད་ཉེན་ཡོད་པས་བརྩམས་དགོས་པ་མི་འདུག་གསུངས་པ་རེད། ཡང་རྗེའི་གསུང་དུ་ཟིན་བྲིས་རེ་གཉིས་ལས་ཆེད་དུ་བརྩམས་པ་མེད་པའི་རྣམ་འགྲེལ་འདུལ་མཛོད་བཅས་ཀྱི་སྐོར་ལ་དགེ་འདུན་གྲུབ་པས་པོ་ཏི་ལོངས་པའི་ལེགས་བཤད་བརྩམས་གནང་ཡོད། གཞན་རྗེ་རང་གིས་ལེགས་བཤད་གསེར་ཕྲེང་། རྩ་འཇུག་གི་རྣམ་བཤད་གཉིས། དྲང་ངེས་ལེགས་བཤད་སྙིང་པོ་སོགས་མཛད་ཡོད་པས་དགེ་འདུན་གྲུབ་པས་དེའི་སྐོར་གང་ཡང་མཛད་མེད་པ་དཔེ་དེ་བཞིན་རེད།  མདོར་ན། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་པོ་ཏི་བཅོ་བརྒྱད་ཀྱི་དགོངས་དོན་རྟོགས་པའི་དོན་དུ་རྗེས་འཇུག་གི་མཁས་པ་དག་གིས་ལེགས་བཤད་བརྩམས་པ་ཡིན་པས། གྲྭ་ཚང་སོོ་སོའི་ཡིག་ཆ་དེ་དག་ལ་བརྟེན་ནས་རྗེ་རིན་པོ་ཆེའི་གསུང་པོ་ཏི་བཅོ་བརྒྱད་ཀྱི་དོན་ཁོང་དུ་ཆུད་པ་བྱེད་རྒྱུ་གལ་ཆེན་པོ་རེད། དེས་ན་ཁྱེད་རྣམ་པས་རང་གི་ཡིག་ཆ་ནས་བཤད་པའི་མཚན་ཉིད་དང་། ངོ་བོ། དབྱེ་བ་དང་། ས་མཚམས་སོགས་འདོན་རྒྱུ་ཡོད་པ་ཙམ་གྱིས་མི་ཆོག་པར་གཙོ་བོ་རྗེ་རིན་པོ་ཆེའི་གསུང་ལ་འདྲིས་ཤེས་པར་བྱེད་དགོས་པ་གལ་ཆེ་བས་སློབ་གཉེར་ཧུར་ཐག་གནང་རྒྱུ་དང་། དེ་ལས་གལ་ཆེན་ཞིག་ལ་སློབ་གཉེར་བྱས་པའི་ལག་རྗེས་ལ་ཐོས་རྟགས་ཞི་ཞིང་དུལ་བ། སྒོམ་རྟགས་ཉོན་མོངས་ཆུང་བ་ཞེས་གསུངས་པ་བཞིན་དགོས། ཆོས་དང་ཆོས་མིན་གྱི་ཚངས་ཐིག་དང་། འདུལ་བའི་གཞུང་ཤེས་པ་ལ་བརྟེན་ནས་རྒྱུན་དུ་འགྲོ་སྟངས་དང་། སྡོད་སྟངས།  མདོར་ན། སྐྲ་འཇོག་སྟངས་གོས་གོན་སྟངས་ཚུན་ཆད་གཞུང་ནས་གསུངས་པ་རྣམས་ལ་སློབ་སྦྱོང་བྱས་ཡོད་པ་དག་གཞིར་བཟུང་ནས་དེ་དང་མཐུན་པའི་འཇམ་མགོན་བླ་མ་ཙོང་ཁ་པའི་རྗེས་འཇུག་ཚད་ལྡན་ཞིག་བྱེད་རྒྱུ་ཧ་ཅང་གལ་ཆེ། ངས་རྒྱུན་དུ་མཁན་ལས་ཟུར་རྣམ་པར་འདུས་མང་ལ་ཁྲིམས་ལྕི་ཙམ་དང་སྒྲིག་ལམ་ཀུན་སྤྱོད་སོགས་ལ་དོ་དམ་པོ་བྱུང་ན་ཡག་པོ་འདུག་ཅེས་རྟག་པར་འཆད་བཞིན་ཡོད། ཚང་མས་ཐུགས་ཁུར་བསྐྱེད་པ་ཧ་ཅང་ཡག་པོ་རེད། དཔེར་ན། སྔོན་རྒྱ་གར་བྱང་ཕྱོགས་སྦག་སར་གནས་པའི་སྐབས་དང་། དེ་ནས་གཞིས་ཆགས་སོ་སོར་གནས་སྤོ་བྱེད་པའི་སྐབས་གང་འདྲ་འབྱུང་ངམ་སྙམ་དུ་སེམས་ལ་གཡང་ཟ་དགོས་བྱུང་བ་དེ། ད་ཆ་ཕལ་ཆེར་ཡལ་ནས་གང་འཚམ་ཚོད་ཐིག་པའི་སྐབས་ལ་བསླེབས་ཡོད། དེ་དག་ནི་ཚང་མས་དཀའ་ལས་བརྒྱབ་པའི་འབྲས་བུ་རེད་ལ། ད་དུང་ཡིན་ཀྱང་ཚང་མས་ཧུར་ཐག་གནང་རོགས་ཞེས་ཞུ་རྒྱུ་ཡིན། དེ་ལྟ་བུའི་སྒོ་ནས་བསྟན་པའི་སྙིང་པོ་རང་གཞན་གྱི་རྒྱུད་ལ་གསལ་བར་བྱེད་པ་ལ་ཐོག་མར་སྒྲུབ་པ་ཉམས་ལེན་བྱེད་དགོས་པ་དང་། དེ་ལ་ཡང་ཉམས་སུ་ལེན་ཚུལ་ཤེས་དགོས་པ་དང་། ཤེས་པ་ལ་ཡང་ཐོས་དགོས། ཐོས་པ་ལ་ཡང་ཐོས་པའི་དོན་ཚང་ཞིང་མ་ནོར་བ་ཞིག་དགོས།

(༡༩༩༧/༡༢ /༢༨ ནས་༡༩༩༨/༡ /༤ བར་སེར་བྱེས་འདུ་ཁང་གསར་བཞེངས་ཟིན་པའི་རྟེན་འབྲེལ་མཛད་སྒོར་སྟོང་ཐུན་གྱི་བཀའ་ཁྲིད་ལས་བཏུས། 

དེས་ན་གདན་ས་ཁག་ཏུ་པོ་ཏི་ལྔ་ལ་སྦྱང་བཞིན་པ་ནི་ཧ་ཅང་གལ་ཆེན་པོ་རེད། འོན་ཀྱང་མངོན་པ་མཛོད་དང་གསང་འདུས་སོགས་ནས་གསུངས་པའི་རི་རབ་ཀྱི་རྣམ་གཞག་དེ་དག་རང་ཅག་གི་གཞུང་ནས་གསུངས་པ་ལ་ཨུ་ཚུགས་ཀྱིས་འདི་ཁོ་ན་བདེན་གྱི་དེང་གི་ཚན་རིག་པ་དག་གིས་བཤད་པ་ནི་བདེན་པ་མ་རེད་ཅེས་གླེན་པའི་ཨུ་ཚུགས་གཏན་ནས་བྱེད་མི་རུང་། ངའི་ངོས་ནས་ཚན་རིག་པ་དེ་དག་གིས་ཚད་དང་རྩིས་བརྒྱབ། ཆེ་ཤེལ་གྱིས་ཞིབ་འཇུག་བྱས་ཏེ་དངོས་སུ་མཐོང་བ་མྱོང་གྲུབ་དང་། དེ་ཡང་མི་རེ་གཉིས་ཙམ་མ་ཡིན་པར་འཛམ་གླིང་འདིར་མི་དུང་ཕྱུར་ལྔ་བཅུ་ལྷག་གིས་མཐུན་སྣང་དུ་གྲུབ་པ་ཞིག་ང་ཚོས་མ་རེད་ཅེས་བཤད་དགོས་བྱུང་ན་བཞད་གད་ཀྱི་ཡུལ་ཙམ་ལས་མེད་པར་མཐོང་། དངོས་ཡོད་གནས་ཚུལ་གང་མཐོང་བ་དེ་ཁས་ལེན་དགོས་པ་ནི་ནང་པ་སྤྱིའི་འགྲོ་སྟངས་ཀྱང་ཡིན་ཏེ། དྲང་ངེས་ལེགས་བཤད་སྙིང་པོ་ལས། རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེས་བུར་མི་རུང་བའི་ཕྱིར་དང་། ཞེས་གསུངས་པ་ལྟར། རིགས་པ་དང་འགལ་བའམ་མངོན་སུམ་ལ་བསྙོན་དགོས་པའི་རྣམ་གཞག་ཅིག་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེས་བུར་ཡོང་སྟངས་མེད་ཅིང་། དེས་ན་རྟོན་བཞིའི་རྣམ་གཞག་གསུངས་པ་བཞིན་བསམ་བློ་གུ་ཡངས་པོ་གཏོང་དགོས་པའང་གནད་འགག་ཅིག་ཡིན། མདོར་ན། བདེན་བཞིའི་ཚུལ་ལས་བརྩམས་པའི་གསུང་དག་ལ་ནི་ཕྱི་ནང་སུས་བལྟས་ན་ཡང་། རིགས་པའི་གནོད་པ་མེད་ཅིང་ཉམས་མྱོང་གི་ཐོག་ནས་བསམ་བློ་བཏང་ན་བྲོ་བ་ཁ་རྒྱུ་ཡོད་པ་དང་སེམས་ལ་ཕན་པ་ཞིག་ཏུ་ཡོད་པས། ཚུལ་དེར་དང་པོར་སློབ་གཉེར་ལེགས་པོ་བྱས། དེ་ཡང་སེམས་འདུལ་ཐབས་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ངེས་པར་དུ་དགོངས་པ་བཞེས་དགོས། དེང་སང་སྐབས་རེར་ཁྱད་མཚར་ཞིག་ལ་དགེ་བཤེས་མགྱོགས་པོ་བཏང་ནས་སྒྲུབ་པ་ཉམས་ལེན་བྱེད་པའི་དམིགས་ཡུལ་ཡོད་ན་ལེགས་ཀྱང་། དེ་ལས་ལྡོག་སྟེ་ཕྱི་རྒྱལ་ལ་ཨ་སྒོར་གྱི་དོན་དུ་འགྲོ་བ་ནི་དངོས་གནས་ངོ་ཚ་དགོས་པ་ཞིག་རེད། ཡང་འགའ་རེ་བསྟན་དོན་ལ་དམིགས་པ་དེ་འདྲ་ཡོང་ངེས་རེད། དེ་མ་གཏོགས་དཔེ་ཆ་བལྟས་ནས་ཅུང་ཟད་ཤེས་པ་དེ་མི་ཚེ་འཁྱོལ་ཐབས་ཙམ་གྱི་ཆེད་དུ་ཁྲ་ཁྲ་ཟང་ཟིང་ཡོད་སར་ཕྱིན། སྔར་མི་རེ་གཉིས་ཀྱིས། ཉིན་མཚན་ཀུན་ཏུ་ཨ་སྒོར་དོན་གཉེར་བློ། །ཞེས་བཤད་མཁན་བྱུང་ཡོད་པ་བཞིན། དེ་འདྲ་བྱས་ན་ངོ་ཚ་དགོས་པ་དང་ཐབས་སྐྱོ་པོ་རེད། རང་ཅག་གིས་དཔེ་ཆ་ཡུན་བསྲིངས་ནས་བལྟས་པའི་དགོས་དོན་རབ་ལ་བྱ་བྲལ་ལ་སོང་ནས་སྒྲུབ་པའི་རྒྱལ་མཚན་འཛིན་པ་ཞིག་དང་། གཉིས་པ་གདན་ས་ཁག་ཏུ་བསྡད་ནས་དཔེ་ཁྲིད་ཀྱི་འགན་ཁུར་ཐུབ་པ། གསུམ་པ་ཕྱོགས་དང་མཚམས་སུ་ཕྱིན་ནས་ནང་པའི་ཆོས་ལ་དོ་སྣང་གསར་པ་ཡོད་མཁན་དག་ལ་གང་ཕན་ཅི་ཕན་བྱེད་རྒྱུ་འདི་དག་ཧ་ཅང་གལ་ཆེན་པོ་རེད། གང་ལྟར་སྤྱི་ཚོགས་ནང་ནང་ཆོས་ལ་གོ་རྟོགས་ཡོད་པའི་དད་པ་བརྟན་པོ་ཞིག་བཟོ་མ་ཐུབ་ན་ག་ལེར་ང་ཚོའི་དགེ་འདུན་གྱི་འདུས་སྡེ་རྣམས་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་དུ་འགྱུར་ངེས་ལས་མེད། སྤྱི་ཚོགས་ཀྱི་དད་པ་བརྟན་པོ་དང་ཡག་པོ་ཞེས་པ་དེ་ཡང་ལམ་དང་ལུགས་སྲོལ་གྱི་དད་པ་དེ་མ་ཡིན་པར། ད་ལྟའི་སྤྱི་ཚོགས་ནང་གི་དད་པ་དེ་ནི་ལམ་དང་ལུགས་སྲོལ་གྱི་དད་པ་ཞིག་ལས་ཆོས་ཀྱི་གནས་ཚུལ་ཤེས་པའི་དད་པ་ཞིག་མིན་པས་ཧ་ཅང་སྐྱོ་པོ་རེད། དེས་ན་སངས་རྒྱས་ཀྱི་ཆོས་ངོ་འཕྲོད་དེ་སངས་རྒྱས་ཀྱི་ཆོས་ཀྱི་ཁྱད་ཆོས་མཐོང་བའི་དད་པ་ཅན་གྱི་སྤྱི་ཚོགས་ཤིག་ཆགས་ཐུབ་ན། ཆོས་ལ་ཤེས་ནས་དད་པ་ཐོབ་པའི་ཕ་མ་དེས་རང་གི་ཕྲུ་གུ་ལ་ཆུང་དུས་ནས་ཆོས་ཀྱི་གནས་ལུགས་འགྲེལ་བཤད་བྱས་ཏེ་ཤེས་ཐུབ་པ་ཞིག་བཟོ་ཐུབ། ངས་བསམ་ན་བླ་མ་ངོ་མ་དེ་ཨ་མ་དེས་བྱེད་དགོས་ཀྱི་འདུག་དྲན་གྱི་ཡོད། ཕྲུ་གུ་ཆུང་དུས་ནས་ཨ་མས་བྱམས་བརྩེས་སྐྱོང་ཞོར་ནང་ཆོས་ངོ་སྤྲོད་བྱེད་ཐུབ་ལ། ཕྲུ་གུ་དེས་ནང་ཆོས་རྒྱ་ཆེན་པོ་དང་གཏིང་ཟབ་པོ་ཞིག་ཤེས་པའི་དོན་དུ་གདན་ས་ལ་དགའ་བཞིན་སྤྲོ་བཞིན་དུ་འཇུག་འདོད་འབྱུང་ངེས། དེ་མ་གཏོགས་ང་ཚོའི་སྤྱི་ཚོགས་ནང་ཕ་མ་ཅུང་ཙམ་འབྱོར་ལྡན་ཡིན་ན་རང་གི་ཕྲུ་གུ་དེ་ཕྱི་རྒྱལ་གྱི་སློབ་གྲྭ་ཞིག་ལ་གཏོང་ཐུབ་ན་རབ། དེ་མ་བྱུང་ན་རྒྱ་གར་དུ་ཨིན་ཇིའི་སློབ་གྲྭ་ཡག་པོ་ཞིག་ལ་གཏོང་བཞིན་ཡོད། བོད་གཞུང་གི་སློབ་གྲྭར་འགྲོ་མཁན་ཚོ་གཞན་ཞིག་ལ་འཕུར་ས་དང་བསྙེག་ས་མ་བྱུང་ནས་ལྷག་པའི་བཟོ་ལྟ་བུ་མཐོང་སྲིད། བོད་ནས་གསར་འབྱོར་མ་བསླེབས་གོང་གྲྭ་ཚང་སོ་སོ་བུ་གསོ་ཁང་ལྟ་བུ་བྱས་ནས་སྡོད་དགོས་བྱུང་ཡོད། གདན་སའི་ནང་སློབ་གཉེར་དུ་བཏང་བ་རྣམས་ནི་ཉམ་ཆུང་མགོ་མ་ཚོས་པ་ལྟ་བུ་དང་། དེ་དག་ཀྱང་གང་འཚམ་ནས་གཤོག་སྒྲོ་ལྟ་བུ་སྐྱེས་ཏེ་གནས་གཞན་ཞིག་ཏུ་འཕུར་ནས་གདན་སར་གཏན་དུ་སྡོད་དཀའ། དེས་ན་ཕྱོགས་གཅིག་ནས་རང་ཅག་རབ་ཏུ་བྱུང་བ་རྣམས་བསམ་རྒྱུ་དངུལ་དང་མི་ཚེ་འདི་སྐྱེལ་རྒྱུ་ཙམ་ལས་མེད་ན་སྐྱོ་པོ་རེད། ལོ་བཅོ་ལྔ་ཉི་ཤུར་ནང་ཆོས་སློབ་སྦྱོང་བྱས་པའི་དགོས་དོན་སེམས་འདུལ་བའི་དོན་དུ་ཡིན་པས་རང་དགར་མི་ཚེ་སྐྱེལ་བའི་དོན་དུ་སློབ་སྦྱོང་བྱེད་ཀྱི་མེད་པ་ཤེས་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཆོས་ཁས་བླངས། རབ་ཏུ་བྱུང་བའི་རྟགས་ཆ་ལུགས་ཤིག་འཆང་། དེའི་ཐོག་ལ་ཆོས་གང་འཚམ་ཤེས་མཁན་ཞིག་གིས་ཞབས་འདྲེན་ཞུས་པ་ཡིན་ན། ཆོས་མི་ཤེས་མཁན་བརྒྱ་སྟོང་གིས་ཞབས་འདྲེན་ཞུས་པ་ལས་ཀྱང་སྡུག །རྒྱ་དམར་གུང་ཁྲན་གྱིས་ཆོས་ལ་ངོ་རྒོལ་བྱེད་པར་ཡ་མཚར་རྒྱུ་ཅི་ཡང་མེད་དེ། རྗེ་རིན་པོ་ཆེས་མུ་སྟེགས་པས་རྟེན་འབྱུང་ཁས་མི་ལེན་པས་རང་བཞིན་མེད་པ་བློར་མ་ཆུད་པར་ཡ་མཚར་བ་གང་ཡང་མིན་མོད། རྟེན་འབྱུང་ཁས་བླངས་ནས་རང་བཞིན་མེད་པ་བློར་མ་ཆུད་པ་ནི་ཡ་མཚར་རེད་ཅེས་གསུངས་པ་བཞིན། ཆོས་གཏན་ནས་ཁས་མི་ལེན་མཁན་དག་གིས་ཆོས་ལ་སྐྱོན་བརྗོད་བྱས་པར་ཧ་ལས་དགོས་དོན་མེད། རང་ཅག་གིས་ཆོས་ཁས་བླངས། སྟོན་པ་བཀའ་དྲིན་ཅན་གྱི་རྗེས་སུ་འབྲངས་ནས་ཉིན་ལྟར་ཞོགས་པར་སྟོན་པའི་སྐུ་དྲུང་དུ་ཕྱག་འཚལ་བ་དང་སྨོན་ལམ་བཏབ་པ་དེ། ཉིན་ཞག་ཕྲུགས་གཅིག་གི་བསམ་བློ་གཏོང་ཕྱོགས་ཐད་དེའི་རྩི་མ་ཡལ་བ་ཞིག་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེ་ཡང་ཁྱེད་ཚོར་ཞུས་པ་ཙམ་མ་ཡིན་པར་བདག་གིས་ཀྱང་འདི་སྐོར་བསམ་བློ་གང་ཐུབ་ཐུབ་གཏོང་ཁུལ་ཡིན། རྨི་ལམ་ཚུན་ལའང་ང་དགེ་སློང་ཞིག་ཡིན་བསམ་པ་རྟག་པར་དྲན་གྱི་ཡོད། རྨི་ལམ་དུའང་ང་༸རྒྱལ་བ་རིན་པོ་ཆེ་ཡིན་བསམ་པ་གཏན་ནས་དྲན་གྱི་མེད། གཉིད་སད་པའི་སྐབས་མཚམས་རེར་ང་༸རྒྱལ་བ་རིན་པོ་ཆེ་ཡིན་བསམ་པའི་སྤོབས་པ་བྱས་ཏེ་ཀྲོག་ཀྲོག་ཅུང་ཙམ་བྱེད་ཀྱི་ཡོད། ངོ་ཐོག་སེམས་ཀྱི་གཏིང་ནས་དངངས་སྐྲག་སྐྱེས་པ་ལྟ་བུ་དང་། ཡང་ན་ཆགས་སྡང་སྐྱེ་བའི་རྐྱེན་དང་ཕྲད་དུས་ང་དགེ་སློང་ཡིན་བསམ་པ་རྟག་པར་དྲན་གྱི་ཡོད། དེས་ན་རང་ཅག་ཚང་མས་འབད་བརྩོན་བྱེད་དགོས།

(༡༩༩༧/༡༢ /༢༨ ནས་༡༩༩༨/༡ /༤ བར་སེར་བྱེས་འདུ་ཁང་གསར་བཞེངས་ཟིན་པའི་རྟེན་འབྲེལ་མཛད་སྒོར་སྟོང་ཐུན་གྱི་བཀའ་ཁྲིད་ལས་བཏུས།

འཛམ་གླིང་འདིའི་སྒང་ལ་མིས་བཟོས་པའི་རྙོག་གྲ་ཤིན་ཏུ་མང་པོ་ཞིག་ཡོང་བཞིན་པ་དེ་དག་གི་རྩ་བ་གཞན་གཅེས་འཛིན་གྱི་བསམ་བློ་མེད་པར་རང་གཅེས་འཛིན་གྱི་བློ་ལ་བརྟེན་ནས་ཡོང་བཞིན་པ་གསལ་པོ་རེད། འཛམ་གླིང་འཁྲུག་པའི་མཐའ་མར་སོ་སོ་རང་ཉིད་ཀྱང་མི་སྐྱིད་པའི་ངང་སྡོད་དགོས་པ་ལས་སྐྱིད་པ་ཡོང་རྒྱུ་གང་ཡང་མེད། 

 བདག་ཉིད་ཆེན་པོ་གྷནྡི་དང་མར་ཊིན་ལུ་ཐར་ཀིང་། དེ་བཞིན་དུ་ནེལ་སན་མནྜེ་ལ་ལྟ་བུ་གཞན་ལ་ཕན་བདེ་སྒྲུབ་མཁན་གྱི་རིགས་རྣམས་སོ་སོ་རང་ཉིད་ཀྱང་སེམས་སྐྱིད་ལ་བག་ཕེབས་པའི་སྟེང་། ལོ་རྒྱུས་ཀྱི་ནང་དུ་ཡང་འཁོད་ཐུབ་པ། མི་ཀུན་གྱིས་མོས་པ་བྱེད་ཡུལ་དུ་གྱུར་ཡོད།  བདག་ཉིད་ཆེན་པོ་གྷནྡི་ཞེས་རྗོད་སྐབས་མི་ཀུན་གྱིས་དགའ་མོས་བྱེད་ཡུལ་ཞིག་ཡིན། དེ་ལྟར་ཆོས་ཀྱི་སྐད་ཆ་ཙམ་མིན་པར་སྤྱིར་བཏང་འཛམ་གླིང་གི་གནས་ཚུལ་ལ་བལྟས་ཀྱང་ཇི་ཙམ་གཞན་ཕན་གྱི་བློ་ཡོད་པ་དེའི་ཚོད་ཀྱིས་རང་དོན་ལེགས་པ་འགྲུབ་བཞིན་ཡོད་ལ། གཅིག་སྡུད་དབང་འཛིན་པ་དེ་དག་ལྟར་རང་གཅིག་པུའི་དོན་བསམས་ཏེ་འཚོ་མཁན་རྣམས་མི་གཞན་གྱིས་འཕྱ་སྨོད་བྱེད་ཡུལ་དུ་འགྱུར་བཞིན་ཡོད། 

མདོ་དོན་སྙིང་པོ་རང་རེ་ཀུན་གྱིས་སེམས་བཟང་པོ་བྱས་ཏེ་སྡོད་དང་། དེས་གསོན་པའི་རིང་གྲོགས་པོ་མང་པོ་ཡོང་བ་ཙམ་དུ་མ་ཟད་འཆི་བའི་ཉིན་མོར་ཡང་ངོ་ཤེས་པ་དང་ཁྱིམ་མཚེས་ཀུན་གྱིས། ཨ་ཙི། མི་བཟང་པོ་དེ་གྲོངས་སོང་། ཕངས་པ་ལ་ཞེས་སྨོན་ལམ་འདེབས་པ་ཡོང་ངེས། དེ་ལས་ལྡོག་སྟེ་གསོན་པའི་རིང་རང་གཅིག་པུའི་དོན་བསམས་ཏེ་གཞན་ལ་མགོ་སྐོར་གཏོང་བ་དང་།  ཐུབ་ཚོད་ཤོད་པ་སོགས་ཀྱི་སྒོ་ནས་མི་ཚེ་ཕྱིན་ཚེ་ཚེ་ཕྱི་མར་སྡུག་བསྔལ་མྱང་དགོས་སྨོས་ཅི། ཚེ་འདིར་ཡང་གཞན་སུ་ལ་ཡང་ཡིད་མི་ཆེས་པར་སྡོད་དགོས།  དཔེར་ན། གཞན་ལ་ཕར་མགོ་སྐོར་བཏང་བས་གཞན་གྱིས་ཀྱང་ཚུར་དེ་ལྟར་མགོ་སྐོར་གཏོང་གི་མེད་དམ་སྙམ་དུ་ཞེད་སྣང་སྐྱེ་དགོས་པ་ཡོང་གི་ཡོད། བསམ་པ་རྣམ་དག་གི་སྒོ་ནས་མི་ཚེ་བསྐྱལ་ན་ཞེད་སྣང་ཏན་ཏན་ཉུང་བ་ཡོད། གལ་ཏེ་བསམ་པ་རྣམ་དག་གི་སྒོ་ནས་གནས་པའི་སྐབས་གཞན་གྱི་མགོ་སྐོར་བཏང་བ་ར་འཕྲོད་པ་བྱུང་ཚེ་དེ་ལ་ཅུང་ཟད་གྱོང་པོ་བྱེད་དགོས་ཀྱང་བྱེད་ཆོག་པ་ཡིན། (གསུངས་ཏེ་བཞད།) 
མདོར་ན། ཇི་ཙམ་གྱིས་རང་ལ་གཅེས་པར་བཟུང་བ་དེའི་ཚོད་ཀྱིས་བཀྲ་མི་ཤིས་པ་ཤ་སྟག་ཡོང་བ་ཤིན་ཏུ་གསལ་པོ་ཡིན།

(ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༣ ནས་ ༦ བར་གཙུག་ལག་ཁང་དུ་ཐའེ་ཝན་གྱི་ཆོས་ཞུ་བར་སྩལ་བའི་དབུ་མ་འཇུག་པའི་བཀའ་ཁྲིད་ལས་བཏུས།) 

 ངོས་ཀྱི་ངོ་ཤེས་པ་ཨ་མི་རི་ཀའི་ཚན་རིག་པ་ Aaron Beck ཟེར་བ་(མཆན། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༨ ཉིན་ཨ་རིའི་ས་གནས་ Philadelphia མཇལ་འཕྲད་ཐེངས་གཉིས་པ་གནང་། ) ཞིག་ཡོད་པ་ཁོང་གིས་ཀྱང་དེ་ལྟར་རྗོད་ཀྱི་འདུག །ཁོང་ཕལ་ཆེར་ལོ་བརྒྱ་ཙམ་ལ་སླེབས་ཡོད། གཤེགས་ཟིན་ཡོད་མེད་མི་ཤེས། སྔོན་ཁོང་ལོ་བརྒྱད་ཅུ་གྱ་བཞི་ལོན་པའི་སྐབས་ངོས་དང་ཐུག་འཕྲད་བྱུང་། ཁོང་གིས་ཉམས་མྱོང་གི་ཐོག་ནས་གསུངས་པ་དེར་ངོས་རང་ཧ་ཅང་ཡིད་འཕྲོག་པོ་བྱུང་སྟེ་ཕྱིས་སུ་ཁོང་གི་སར་ཐེངས་ཤིག་ཆེད་མངགས་ཕྱིན་པ་ཡིན། སྐབས་དེ་དུས་ཁོང་ལོ་དགུ་བཅུ་གོ་བཞི་ལ་སླེབས་འདུག །ཁོང་ནང་པ་མིན་པ་སྨོས་མེད་ཆོས་པ་ཡང་ཕལ་ཆེར་མིན། འོན་ཀྱང་ཁོང་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་ཞེ་སྡང་གི་དབང་གིས་སེམས་འཁྲུག་པའི་མིའི་རིགས་ལ་ཁོང་ཁྲོ་ཞི་ཐབས་ཀྱི་རོགས་རམ་དང་བཅོས་ཐབས། སྨན་བཅོས་བྱེད་མཁན་ཞིག་ཡིན། ཁོང་གིས་ཉམས་མྱོང་གི་ཐོག་ནས་ཞེ་སྡང་སྐྱེ་བའི་སྐབས་སུ། ཞེ་སྡང་སྐྱེ་ཡུལ་དེ་ཉིད་ཤིན་ཏུ་མི་སྡུག་པ་ཞིག་ཏུ་མཐོང་གི་ཡོད་ཀྱང་། གང་མཐོང་བའི་མི་སྡུག་པའི་ཆ་བརྒྱ་ཆའི་དགུ་བཅུ་ཐམ་པ་ཞེ་སྡང་རྒྱུད་ལྡན་གང་ཟག་རང་ཉིད་ཀྱི་རྣམ་རྟོག་གིས་བཅོས་པ་ཡིན་ཞེས་རྗོད་ཀྱི་འདུག །ཁོང་ཚན་རིག་པ་ཡིན་པས་དངོས་ཡོད་གནས་ཚུལ་གང་མཐོང་རྗོད་ཀྱི་རེད། ཁོང་ནུབ་ཕྱོགས་པའི་ཚན་རིག་པ་ཡིན་པའི་ཆ་ནས་འདོད་ཆགས་ཇི་ལྟར་སྐྱེ་བཞིན་ཡོད་དམ་ཞེས་དྲིས་པར། འདོད་ཆགས་ལ་སྐྱོན་མེད་ཅེས་བརྗོད་སོང་། (གསུངས་ཏེ་བཞད།) སངས་རྒྱས་པའི་ཆོས་དང་འབྲེལ་ནས་བཤད་ན་ཁོང་ཁྲོ་དེ་འདོད་ཆགས་དང་འབྲེལ་ནས་སྐྱེ་བཞིན་ཡོད། ཇི་ཙམ་གྱིས་འདོད་ཆགས་ཤུགས་ཆེ་བ་ཡོད་པ་དེའི་ཚོད་ཀྱིས་ཅུང་ཟད་མ་འགྲིག་པ་བྱུང་བ་དང་དེ་མ་ཐག་ཞེ་སྡང་སྐྱེ་བཞིན་ཡོད། དེ་ཡང་ཞེ་སྡང་གི་རྒྱུ་འདོད་ཆགས་ཀྱིས་བྱེད་པ་དང་། འདོད་ཆགས་ཀྱི་རྩ་བ་མ་རིག་པར་ཐུག་པའི་ཚུལ་ཞིབ་ཚགས་པོའི་སྒོ་ནས་འགྲེལ་བཤད་མཛད་ཡོད། 

ཁོང་གིས་བཤད་པའི་དོན་དང་དབུ་མ་རྩ་བ་ཤེས་རབ་ཀྱི་ནང་། ལས་དང་ཉོན་མོངས་རྣམ་རྟོག་ལས། །ཞེས་གསུངས་ཏེ། འཁོར་བར་འཕེན་བྱེད་ཀྱི་ལས་ཉོན་མོངས་ལ་བརྟེན་ནས་བྱུང་བ་དང་། ཉོན་མོངས་དེ་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ལས་བྱུང་བ། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གིས་ཡུལ་སྟེང་གི་བཟང་ངན་གྱི་ཆ་དེ་རྣམ་རྟོག་གིས་སྒྲོ་བཏགས་ཏེ་བཟང་པོའི་ཆ་དེ་ཆེས་ཤིན་ཏུ་བཟང་པོ་ཡིན་པར་བལྟས་ཏེ་ཡུལ་ལ་འདོད་པའམ་ཆགས་པའི་བློ་སྐྱེ་བ་དང་། ངན་པའི་ཆ་དེ་ཆེས་ཤིན་ཏུ་ངན་པའི་ངོ་བོར་བལྟས་ཏེ།  དེ་ལ་རྒྱབ་ཀྱིས་ཕྱོགས་པའམ་ཞེ་སྡང་སྐྱེ་བར་གསུངས་པ་གཉིས་གཅིག་གྱུར་ཡིན། དེ་དག་སྤྲོས་ལས། ཞེས་གསུངས་ཏེ་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་དེ་བདེན་འཛིན་གྱི་སྤྲོས་པ་ལ་བརྟེན་ནས་འབྱུང་བར་གསུངས། དེ་ལྟར་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ལ་བརྟེན་ནས་ཆགས་སྡང་སྐྱེ་བར་གསུངས་པ་དེ་གོང་དུ་ཚན་རིག་པ་དེས་བཤད་པ་དེ་དང་ཏག་ཏག་འགྲོ་བཞིན་ཡོད། 

རང་རེ་ཚང་མའི་རྒྱུད་ལ་ཆགས་སྡང་སྐྱེ་མ་མྱོང་བ་མེད་པར་ཆགས་སྡང་གི་ཉམས་མྱོང་མཐར་ཕྱིན་པ་ཤ་སྟག་ཡིན་པས་ཚང་མས་ཤེས་ཀྱི་ཡོད། དཔེར་ན། ཁོང་ཁྲོ་སྐྱེ་ཡུལ་དེར་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གིས་སྒྲོ་བཏགས་པ་ཙམ་མིན་པར་དོན་ལ་མི་སྡུག་པར་གྲུབ་པ་ཞིག་ཡིན་ན་དེ་རིང་དེ་ལ་དམིགས་ཏེ་ཁོང་ཁྲོ་སྐྱེ་བ་ལྟར་ལོ་རྗེས་མ་དང་།  ལོ་བཅུ་ཕྲག་ཕྱིན་པའི་རྗེས་སུ་ཡང་ཡུལ་དེ་མཐོང་རེས་བཞིན་ཁོང་ཁྲོ་སྐྱེ་དགོས། འོན་ཀྱང་དེ་འདྲ་མིན་པར་གནས་སྐབས་ཤིག་ལ་དེ་ལ་དམིགས་ཏེ་ཆེས་མི་སྡུག་པར་མཐོང་བ་ཡོད་ཀྱང་། ཟླ་བ་འགའ་ཞིག་ཕྱིན་ཚེ་དེ་ལ་དམིགས་ནས་སྔར་ལྟར་ཆེས་མི་སྡུག་པར་མི་མཐོང་བར་བློའི་མཐོང་ཚུལ་ལ་འགྱུར་བ་འགྲོ་བཞིན་ཡོད། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གིས་སྒྲོ་བཏགས་ཏེ་བརྒྱ་ཆའི་བརྒྱ་ཐམ་པ་མི་སྡུག་པར་མཐོང་བ་ལྟར་དོན་ལ་ཡང་དེ་ལྟར་གྲུབ་པ་ཞིག་ཡིན་ན་དེ་ལྟ་བུའི་འགྱུར་བ་ཡོང་མི་ནུས། འོན་ཀྱང་དེ་རིང་མི་སྡུག་པར་མཐོང་བའི་ཡུལ་ཞིག་བདུན་ཕྲག་འགའ་ཞིག་ཕྱིན་མཚམས་ཡིད་དུ་འོང་བར་མཐོང་སྟེ་དགའ་བ་སྐྱེ་ཡུལ་དུ་འགྱུར་བ་དང་། ཡང་དེ་རིང་དགའ་ཉེར་གྱུར་ཏེ་ཆེས་ཡིད་དུ་འོང་བར་མཐོང་བའི་ཡུལ་ཞིག་ཕན་ཚུན་མི་འགྲིག་པའི་རྐྱེན་བྱུང་བ་ལ་བརྟེན་ནས་ཡིད་དུ་མི་འོང་བར་བལྟས་ཏེ།  འཁྲུག་རྩོད་བྱེད་པ་ལྟ་བུའི་འགྱུར་བ་འགྲོ་བཞིན་ཡོད་སྟབས་ཡུལ་ཆེས་སྡུག་པ་དང་ཆེས་མི་སྡུག་པའི་རྣམ་པར་མཐོང་བ་དེ་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གིས་སྒྲོ་བཏགས་པ་ལ་བརྟེན་ནས་འབྱུང་བ་ཤིན་ཏུ་གསལ་པོ་ཡིན། ཚན་རིག་པ་ཁོང་གིས་ཀྱང་དེ་ལྟར་རྗོད་བཞིན་ཡོད། 


(ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༣ ནས་ ༦ བར་གཙུག་ལག་ཁང་དུ་ཐའེ་ཝན་གྱི་ཆོས་ཞུ་བར་སྩལ་བའི་དབུ་མ་འཇུག་པའི་བཀའ་ཁྲིད་ལས་བཏུས།)