༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྱེས་ཀྱི་ཆོས་སྡེ་ཆེན་པོ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་དུ་བྱམས་ཆོས་དང་རིགས་ཚོགས་དགུན་ཆོས་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།
![]()
དེ་ཡང་ཕྱི་དྲོ་ཆུ་ཚོད་གཉིས་པ་ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྒོ་མང་ཆོས་གྲྭ་ཆེན་མོའི་ཡང་ཐོག་གི་གཟིམ་ཆུང་ནས་ཆོས་གྲྭར་ཆིབས་བསྒྱུར་སྐབས་དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དང་། འབྲས་སྤུངས་ཁྲི་ཟུར་དཀོན་མཆོག་པ་སངས་མཆོག ཁྲི་ཟུར་བློ་བཟང་བསྟན་པ་མཆོག སྒོ་མང་མཁན་རིན་པོ་ཆེ་འཇིགས་མེད་རྒྱ་མཚོ་མཆོག བློ་གླིང་མཁན་རིན་པོ་ཆེ་ཡེ་ཤེས་ལྷུན་གྲུབ་མཆོག་སོགས་དཔལ་ལྡན་འབྲས་སྤུངས་དགོན་པའི་མཁན་བླ་སྤྲུལ་སོགས་ཀྱིས་ཕེབས་བསུ་དང་འབྲེལ་བཞུགས་ཁྲིར་འཁོད་མཚམས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་མཇལ་ཁ་ཞུས་པ་དང་། དེ་རྗེས་གདན་ས་ཆེན་མོ་སེ་འབྲས་དགའ་གསུམ་གྱི་གྲྭ་ཚང་དྲུག་དང་བཀྲ་ཤིས་ལྷུན་པོ། རྭ་སྟོད་གྲྭ་ཚང་བཅས་ཀྱི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་འགྲིམས་བཞིན་པའི་བཀའ་རམས་དང་སློབ་དཔོན་གྱི་སློབ་གཉེར་བ་རྣམས་ཀྱི་བྱམས་ཆོས་དམ་བཅའ་ཆེན་མོ་དབུ་འཛུགས་ཀྱིས་ཆུ་ཚོད་གཉིས་མ་ཟིན་ཙམ་གྱི་རིང་དབུ་བཞུགས་ཀྱིས་དགྱེས་གཟིགས་མཛད་ཡོད།
![]()
བྱམས་ཆོས་དང་རིགས་ཚོགས་དགུན་ཆོས་ཆེན་མོ་འདི་བཞིན་ཕྱི་ལོ་ ༢༠༡༦ ལོར་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་གི་ཆོས་རྗེ་རྣམ་གཉིས། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་ཁོངས་གྲྭ་ཚང་བཅུ་གཅིག་གི་མཁན་རིན་པོ་ཆེ་རྣམ་པ་བཅས་རྡ་རམ་ས་ལར་བཞུགས་སྒར་ཕོ་བྲང་དུ་གཟིམ་ཆུང་མཇལ་ཁའི་སྐབས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བྱམས་ཆོས་ཕྱི་མ་བཞི་དང་། རིགས་ཚོགས་དྲུག་བཅས་དབུ་ཕར་གྱི་གཞུང་གལ་ཆེན་པོ་འདི་དག་བར་དུ་ལྷག་བསྡད་པ་འདྲ་བོ་འདུག་པས་གཞུང་ཆེན་དེ་དག་ལ་སློབ་གཉེར་འགྲོ་ཐུབ་པ་ཞིག་བྱ་དགོས་སྐོར་ལམ་སྟོན་བཀའ་སློབ་སྤྱི་ཕེབས་བཞིན། དགའ་ལྡན་ཁྲི་རིན་པོ་ཆེ་དབུ་བཞུགས་ཐོག་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་དམིགས་བསལ་ཚོགས་འདུར་བཀའ་བསྡུར་རིམ་པར་བརྒྱུད་ལོ་ལྟར་ཟླ་གཅིག་རིང་འཚོགས་གཏན་འཁེལ་བ་དང་། ཆོས་ཐོག་འདིར་གདན་ས་སེ་འབྲས་དགའ་གསུམ་གྱི་གྲྭ་ཚང་དྲུག་དང་བཀྲ་ཤིས་ལྷུན་པོ། རྭ་སྟོད་གྲྭ་ཚང་བཅས་ཀྱི་སློབ་གཉེར་བ་གྲྭ་ཚང་སོ་སོའི་རྒྱུགས་སྤྲོད་ཐོན་ཏེ་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་འགྲིམ་བཞིན་པའི་བཀའ་རམས་ལོ་རིམ་གཉིས་དང་། སློབ་དཔོན་ལོ་རིམ་གཉིས་བཅས་འཛིན་གྲྭ་བཞིའི་སློབ་གཉེར་བ་རྣམས་བྱམས་ཆོས་དང་རིགས་ཚོགས་དགུན་ཆོས་སུ་ལོ་བཞིའི་རིང་ཕེབས་བཞིན་ཡོད་འདུག
![]()
ཆོས་ཐོག་འདི་གསར་གཏོད་མཛད་པ་ནས་ལོ་དགུའི་རིང་ལོ་ལྟར་གདན་ས་གསུམ་རེས་མོས་ཀྱིས་ཟླ་བ་གཅིག་རེར་འཚོག་བཞིན་ཡོད་པ་དང་། ད་བར་དུ་བྱམས་ཆོས་དང་རིགས་ཚོགས་ཆོས་ཐོག་འགྲིམས་ནས་རྒྱ་གར་པཎ་གྲུབ་ཀྱི་གཞུང་སྤྱི་དང་། ལྷག་པར་དུ་བྱམས་ཆོས་དང་རིགས་ཚོགས་ལ་གཟིགས་རྟོག་གིས་སློབ་ཚན་ཆ་ཚང་ཐོན་ཏེ་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་ཟིན་པོ་ ༨༢༦ བྱུང་ཡོད་འདུག










