༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་དང་བཀའ་སློབ་ཀྱི་མཛད་འཆར་ཐད། དམིགས་བསལ་གྱི་གནས་ཚུལ་ལས་དེ་མིན་༸རྒྱལ་བའི་གསུང་ཆོས་ཁག་ཡོངས་རྫོགས་མི་མང་ལ་རིན་དོད་མེད་པའི་ཐོག་གནང་གི་ཡོད་ཅིང་། ལག་འཁྱེར་ཐོག་གསུང་ཆོས་དང་བཀའ་སློབ་ཡོད་རིགས་འབྲེལ་ཡོད་གོ་སྒྲིག་ཚོགས་ཆུང་ལ་ཐད་ཀར་རམ་དེ་གའི་དྲ་རྒྱའི་ཁ་བྱང་བརྒྱུད་འབྲེལ་བ་བྱེད་དགོས།
བཞུགས་སྒར་རྡ་སར་གསུང་ཆོས་སྩོལ་སྐབས་ཆོས་ཞུ་བ་ཚོས་དེབ་འགོད་ངེས་པར་བྱེད་དགོས། དེབ་འགོད་ནི་གསུང་ཆོས་མ་ཚུགས་པའི་ཉིན་ཤས་སྔོན་ནས་འགོ་འཛུགས་ཀྱིས་གསུང་ཆོས་ཀྱི་ཉིན་དང་པོ་བར་བྱེད་དགོས། དེབ་འགོད་བྱེད་ཡུལ་མེག་ལོར་གྷན་ཇིར་ཡོད་པའི་བདེ་སྲུང་ཡན་ལག་ལས་ཁུངས་སུ་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡ བར་དང་། ཉིན་རྒྱབ་ཆུ་ཚོད་ ༢ ནས་ ༥ བར་བྱེད་དགོས། དེབ་འགོད་སྐབས་ཆོས་ཞུ་བ་སོ་སོས་ངོ་སྤྲོད་ལག་འཁྱེར་རམ་ཕྱི་བསྐྱོད་ལག་འཁྱེར་མཉམ་འཁྱེར་ཐོག་ལས་དོད་སྣེ་སེལ་ཧིན་སྒོར་ ༡༠ རེ་འབུལ་དགོས།
ཚང་མའི་མཁྱེན་རྟོགས་ཆེད་ཞུ་རྒྱུར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆེས་ཐོག་མའི་དགོངས་གཞི་ལྟར་གསུང་ཆོས་དང་བཀའ་སློབ་ནམ་སྩོལ་སྐབས་འབུལ་བ་ནམ་ཡང་བཞེས་ཀྱི་མེད། ༸རྒྱལ་བའི་གསུང་ཆོས་དང་བཀའ་སློབ་གོ་སྒྲིག་ཞུ་མཁན་ཚོགས་པ་སྒྲིག་འཛུགས་ཡོངས་ནས་གསུང་ཆོས་གྲ་སྒྲིག་ཞུ་ཡུལ་ཚོགས་ཁང་སོགས་ཀྱི་འགྲོ་སོང་ལྡེང་ཙམ་གྱི་ཆེད་ལག་འཁྱེར་རིན་དོད་གང་ཆུང་ཆུང་གནང་དགོས་པའི་གཞེན་སྐུལ་ཞུ་རྒྱུ་དང་།
གཤམ་དུ་གསལ་བའི་མཛད་འཆར་གྱི་ཚེས་གྲངས་ལ་འགྱུར་བ་འགྲོ་སྲིད།
༢༠༢༥ ཟླ་བ་ ༥ ཚེས་ ༧
སྔ་དྲོ་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བལ་ཡུལ་ཤང་དགའ་ལྡན་ཆོས་འཁོར་གླིང་དང་། ཆ་ཕྲེང་མི་མང་ཚོགས་ཁག་ཅིག ཕག་རི་མི་མང་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།
༢༠༢༥ ཟླ་བ་ ༦ ཚེས་ ༤
སྔ་དྲོ་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྡོར་གླིང་གཏན་སློབ་ཀྱི་སློབ་ཟུར་ཚོགས་པ་དང་། ནེའུ་ཡོག་དང་ནེའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ། མི་ནི་སོ་ཊ་ཨ་རི་བོད་མིའི་སྤྱི་མཐུན་ཚོགས་པ་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།
༢༠༢༥ ཟླ་བ་ ༦ ཚེས་ ༣༠
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ཕེབས་པའི་གོ་སྟོན་དང་བསྟུན་བོད་ལྗོངས་མདོ་སྨད་ཆོལ་ཁའི་གཞིས་བྱེས་མི་མང་ཡོངས་ནས་བོོད་ཟླ་ ༥ ཚེས་ ༥ ཉིན་གྱི་སྔ་དྲོ་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མགོན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་ཆེད་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།
༢༠༢༥ ཟླ་བ་ ༧ ཚེས་ ༥
སྔ་དྲོ་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།
༢༠༢༥ ཟླ་བ་ ༧ ཚེས་ ༦
སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་གོ་སྒྲིག་ཞུས་པའི་མགོན་པོ་གང་ཉིད་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་སྐུའི་འཁྲུངས་སྐར་མཛད་སྒོར་ཆིབས་བསྒྱུར་བསྐྱང་རྒྱུ།