༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༡༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་ལྡི་ལི་བོད་ཁང་གི་ལམ་རིམ་ལྷག་མཐོང་ཆེན་མོའི་ཟབ་སྦྱོང་འཛིན་གྲྭ་ལ་ཕེབས་པའི་རྒྱལ་ཁབ་ ༢༦ གི་སློབ་གཉེར་བ་ ༢༣༧ གྱིས་གཙོས་དད་ལྡན་བཞི་བརྒྱ་ལྷག་ལ་མཇལ་ཁ་སྩལ་ཡོད་པ་རེད།

དེ་ཡང་སྔ་དྲོ་ཆུ་ཚོད་དགུ་པ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱེས་ཀྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་དུ་སྒོ་མང་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་རྣམ་པ་དང་། སོག་རིགས། ལ་དྭགས་པ། བོད་རིགས་སོགས་བརྒྱ་ཕྲག་བརྒལ་བར་མཇལ་ཁ་སྩལ་རྗེས། དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་སྣེ་ཁྲིད་གནང་བའི་ལྡི་ལི་བོད་ཁང་གི་ལམ་རིམ་ལྷག་མཐོང་ཆེན་མོའི་ཟབ་སྦྱོང་འཛིན་གྲྭ་ལ་ཕེབས་པའི་སློབ་གཉེར་བ་རྣམས་ལ་མཇལ་ཁ་དང་། སྐུ་པར་ལྷན་སྒྲོན་མཛད་རྗེས་བཀའ་སློབ་སྩལ་དོན།
བོད་གངས་ཅན་གྱི་ལྗོངས་ལ་སངས་རྒྱས་ཀྱི་བསྟན་པ་འདི་ཧ་ཅང་དར་ཁྱབ་ཆེན་པོ་རེད། ངོས་རང་ཡང་གངས་ལྗོངས་མདོ་སྨད་ཁོངས་ནས་སྐྱེས་པའི་མི་ཞིག་ཆགས་ཡོད། ཆུང་ཆུང་སྐབས་ནས་ལྷ་སའི་ཇོ་བོ་མཇལ་རྒྱུ་དང་། སེམས་གཏིང་ནས་སངས་རྒྱས་ལ་དད་པ་རྩེ་གཅིག་ཏུ་ཡོད། ངོས་ཀྱིས་དཔེ་ཆར་བལྟས་ཏེ་སློབ་སྦྱོང་བྱེད་པའི་སྐབས་སུ་ཚད་མ་རྣམ་འགྲེལ་ལ་དགའ་རབ་བལྟས་ཏེ་དགག་གཞག་སྤང་གསུམ་ལ་དོ་སྣང་ཆེན་པོ་བྱས་པ་ཡིན།

དེང་སང་འཛམ་གླིང་འདིར་ཆོས་ལུགས་འདྲ་མིན་སྣ་ཚོགས་དང་། ཆོས་ལུགས་མེད་མཁན། ཆོས་ལུགས་ལ་སྐྱོན་བརྗོད་བྱེད་མཁན་སོགས་ཡོད་པའི་ནང་བོད་ཀྱི་ཚད་མ་རྣམ་འགྲེལ་ལས་བརྟག་དཔྱད་བྱ་ཐབས་གསུང་པ་འདི་ནི་ཧ་ཅང་ཕན་ཐོགས་ཆེན་པོ་རེད། ནང་ཆོས་ཀྱི་གཞུང་དུ་ལམ་སེང་རྨོངས་དད་མ་ཡིན་པར་བརྟག་དཔྱད་བྱས་ཏེ་འགྲོ་རྒྱུ་ཞིག་གསུངས་ཡོད། དེ་ཧ་ཅང་གལ་ཆེན་པོ་རེད། ཚད་མའི་གཞུང་ནས་གསུངས་པ་རྣམས་ལ་བསམ་བློ་གཏོང་རྒྱུ་ནི་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་རེད། ཚད་མའི་གཞུང་ནས་རང་ལུགས་གཞག་པ་དང་། གཞན་ལུགས་དགག་པ་ཞིབ་ཚགས་པོར་གསུངས་ཡོད་པ་དེས་སེམས་ལ་ངེས་པ་རྙེད་པ་ཞིག་འདུག ཡིན་ལུགས་མིན་ལུགས་གོ་བསྡུར་བྱས་ཏེ་གཏན་ལ་ཕབ་ཏེ། མདོ་དོན་སྙིང་པོ་སེམས་ཞི་བདེ་བཟོ་བཞིན་ཡོད།
ངོས་རང་པེ་ཅིང་དུ་ཡོད་པའི་སྐབས་སུ་མའོ་ཙེ་ཏུང་ལ་ཐུག་ནས་ཧ་ཅང་དགའ་བོ་བྱེད་ཀྱི་འདུག ངོས་ཀྱིས་སེམས་ཞི་ལྷོད་གནས་རྒྱུ་གལ་ཆེན་པོར་མཐོང་ནས་མའོ་ཙེ་ཏུང་ལ་སེམས་ཞི་ལྷོད་བྱེད་པའི་རྣམ་འགྱུར་བསྟན་པ་ཡིན། ཁོས་ཧ་ཅང་དགའ་བོ་བྱེད་ཀྱི་འདུག རྗེས་ལ་མའོ་ཙེ་ཏུང་གིས་ཆོས་ཟེར་བ་ནི་དུག་རེད་ཅེས་ཟེར་ཡང་ངོས་ཀྱིས་གང་ཡང་བརྗོད་མེད། གང་ལྟར་སེམས་ལ་གུང་ཁྲན་ལུགས་ཞེས་ཤུགས་ཆེན་པོ་བཤད་སྡོད་པ་དེ་དུག་རེད་དྲན་སོང་།

རིགས་པས་དཔྱད་དེ་འགྲོ་དགོས་པའི་ནང་པ་སངས་རྒྱས་པའི་གཞུང་ནི་ཧ་ཅང་རྩ་ཆེན་པོ་རེད། ངོས་རང་ལ་མཚོན་ན་ཆོས་རབ་ཏུ་རྣམ་འབྱེད་ཀྱི་དཔྱད་པ་ཧ་ཅང་ཤུགས་ཆེན་པོ་བྱེད་དུས་ཚན་རིག་པ་དང་མཉམ་དུའང་འབྲེལ་བ་ཡག་པོ་ཡོང་གི་འདུག ངོས་རང་རྒྱ་གར་དུ་སླེབས་ནས་དུས་དང་དུས་སུ་ས་གནས་ཁག་མང་པོར་སླེབས་ཡོད། ནང་ཆོས་ལྟ་གྲུབ་ཀྱི་སྐོར་བཤད་སྐབས་དོ་སྣང་བྱེད་མཁན་མང་པོ་འདུག གལ་ཆེ་ཤོས་ནི་སེམས་ཀྱི་ཞི་བདེ་རེད། ངོས་རང་ཆ་གཞག་ན་ཞོགས་པ་ཡར་ལངས་པ་དང་སེམས་ཅན་ཚང་མར་ཕན་ཐོགས་བྱེད་ཐུབ་པ་ཞིག་བྱུང་ན་བསམ་པས་སེམས་ཀྱི་ཞི་བདེ་སླེབས་ཡོང་གི་འདུག ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ་ཡོད།










