༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༡༨ ཉིན་གྱི་ཕྱི་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་མོན་གྷོ་ཌི་རུ་རྟེན་གཞི་བྱས་པའི་བྱེས་ཀྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཆོས་གྲྭར་ཆིབས་བསྒྱུར་གྱིས་རྣམ་འགྲེལ་མཚན་ཕུད་དམ་བཅའ་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་གནང་ཡོད་པ་རེད།
![]()
དེ་ཡང་ཕྱི་དྲོ་ཆུ་ཚོད་ ༢།༣༠ ཙམ་ལ་སྒོ་མང་ཆོས་གྲྭ་གསར་པའི་གཟིམ་ཆང་ནས་བློ་གླིང་དབུ་ཆོས་རྣམ་གསུམ་གྱིས་སྤོས་སྣེས་མདུན་བསུ་དང་བཅས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བློ་གསལ་གླིང་གི་ཆོས་གྲྭ་རུ་རྣམ་འགྲེལ་མཚན་ཕུད་དམ་བཅའ་ཆེན་མོའི་ཚོགས་མགོན་དུ་གདན་ཞུ་དང་། ཆོས་གྲྭར་༸ཞབས་སོར་འཁོད་སྐབས་སྡིངས་ཆའི་ཐོག་འཛམ་གླིང་ཡེ་ཤུའི་སྒོམ་སྒྲུབ་ཚོགས་པའི་འགོ་འཛིན་དང་ཆོས་ཀྱི་ལམ་སྟོན་པ་ཡི་ཤུ་ཆོས་དཔོན་ཧྥ་རྡིར་ལོ་རེན་སི་ཕི་རི་མན་(father laurence freeman)ལགས་ལ་མཇལ་ཁ་སྩལ་ཞིང་། བཞུགས་ཁྲིར་འཁོད་རྗེས་བློ་གླིང་མཁན་རིན་པོ་ཆེས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་མཚམས་ཚད་མ་རྣམ་འགྲེལ་གྱི་དམ་བཅའ་དབུ་འཛུགས་ཞུས།
![]()
འཇང་དགུན་ཆོས་ཆེན་མོ་ལོ་རེ་བཞིན་གདན་གསུམ་རེས་མོས་ཀྱིས་འཚོགས་སྲོལ་ཡོད་པ་ལྟར། འདི་ལོ་ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༢༠ ནས་ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༡༨ བར་འཇང་དགུན་ཆོས་དམ་བཅའ་ཆེན་མོ་ཚུགས་ཀྱི་ཡོད་པ་དང་། དེ་རིང་འཇང་དགུན་ཆོས་ཆེན་མོའི་མཐའ་མའི་མཛད་རིམ་ལས་རྣམ་འགྲེལ་མཚན་ཕུད་དམ་བཅའ་ཆེན་མོར་གདན་ས་གསུམ་དང་རྒྱུད་གྲྭ་སྨད་སྟོད། བཀྲ་ཤིས་ལྷུན་པོ། འོན་མངའ་རིས་གྲྭ་ཚང་། རྫོང་དཀར་ཆོས་སྡེ། བཀྲ་ཤིས་འཁྱིལ། རྣམ་རྒྱལ་གྲྭ་ཚང་། མཚན་ཉིད་གྲྭ་ཚང་། གཞན་ཡང་ལ་དྭགས་དང་མོན་ཡུལ་སོགས་ཀྱི་དགོན་སྡེ་ ༢༡ ནས་ཕེབས་པའི་རྟགས་རིགས་འཛིན་གྲྭ་ནས་འདུལ་བ་འཛིན་གྲྭ་བར་གྱི་མཚན་ཉིད་པ་ ༢༧༠༠ ལྷག་གིས་གཙོས། དགའ་ལྡན་ཁྲི་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག འབྲས་སྤུངས་ཁྲི་ཚབ་རྟོགས་ལྡན་རིན་པོ་ཆེ་མཆོག འབྲས་སྤུངས་ཁྲི་ཟུར་བློ་བཟང་བསྟན་པ་མཆོག འབྲས་སྤུངས་ཁྲི་ཟུར་དཀོན་མཆོག་པ་སངས་མཆོག བློ་གསལ་གླིང་མཁན་རིན་པོ་ཆེ་ཡེ་ཤེས་ལྷུན་གྲུབ་མཆོག་དང་སྒོ་མང་མཁན་རིན་པོ་ཆེ་འཇིགས་མེད་རྒྱ་མཚོ་མཆོག ཤར་རྩེ་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་མཆོག བྱང་རྩེ་མཁན་རིན་པོ་ཆེ་འཇིགས་མེད་ལམ་བཟང་མཆོག བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིགས་རྒྱབ་རིན་པོ་ཆེ་མཆོག རྭ་སྟོན་མཁན་པོ་བསོད་ནམས་རྒྱལ་མཚན་མཆོག རྭ་སྟོད་མཁན་ཟུར། བཙུན་དགོན་བྱང་ཆུབ་ཆོས་གླིང་གི་མཁན་རིན་པོ་ཆེ། གླིང་རིན་པོ་ཆེ། ལྕང་སྐྱ་རིན་པོ་ཆེ། དགའ་ལྡན་ཁྲི་ཐོག་ཁང་གི་དྲུང་ཆེ་མཁན་ཟུར་བློ་བཟང་རྒྱལ་མཚན་མཆོག བློ་གླིང་དཔེ་ཁྲིད་རྒན་དཔལ་ལྡན་གྲགས་པ་མཆོག བློ་གླིང་བླ་མ་གཞུང་ལེན་པ་སོགས་དགེ་འདུན་པ་བདུན་སྟོང་ལྷག་དང་། མི་མང་སོགས་ཁྱོན་ཆིག་ཁྲི་ཆིག་སྟོང་ལྔ་བརྒྱ་བརྒལ་བ་འདུ་འཛོམས་གནང་ཡོད།
![]()
འདི་ལོའི་འཇང་དགུན་ཆོས་ཀྱི་མཐའ་མའི་རྣམ་འགྲེལ་མཚན་ཕུད་དམ་བཅའ་ཆེན་མོར་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དང་། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་བྱང་རྩེ་གྲྭ་ཚང་། སེ་ར་ཐེག་ཆེན་གླིང་གི་སེར་བྱེས་གྲྭ་ཚང་བཅས་ནས་དམ་བཅའ་གནང་ཞིང་། དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དང་། སེ་ར་ཐེག་ཆེན་གླིང་གི་སེར་སྨད་གྲྭ་ཚང་། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཤར་རྩེ་གྲྭ་ཚང་བཅས་ནས་དགེ་འདུན་པ་བདུན་སྟོང་བརྒལ་བའི་དབུས་སུ་རྟགས་བསལ་གཏོང་བཞིན་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆུ་ཚོད་གཉིས་མ་ཟིན་ཙམ་གྱི་་རིང་དབུ་བཞུགས་ཀྱིས་དགྱེས་གཟིགས་གནང་ཡོད་པ་རེད།










