༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༢༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྗེ་བླ་མ་ཙོང་ཁ་པའི་གདན་ས་དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གཙུག་ལག་སློབ་གཉེར་ཁང་ཆེན་མོ་སྐལ་བཟང་དགའ་ཚལ་དང་། ༸རྗེ་ཚེ་འཛིན་མའི་སྐུ་བརྙན་ཕི་ཌི་ ༣༥ ཅན་དང་། ༧གོང་ས་༧སྐྱབས་མགོན་རྒྱལ་དབང་བཅུ་བཞི་བ་མཆོག་གི་སྐུ་བརྙན་མཐོང་གྲོལ་རིན་པོ་ཆེ་ཕི་ཌི་ ༢༥ ཅན་གསར་བཞེངས་ཀྱིས་སློབ་གཉེར་ཁང་རྟེན་དང་བརྟེན་པ་ལེགས་པར་གྲུབ་པ་དབུ་འབྱེད་དང་རབ་གནས་ཀྱི་བྱིན་རླབས་མཛད་ཡོད་པ་རེད།
![]()
དེ་ཡང་ཞོགས་པ་ནས་སློབ་གཉེར་ཁང་གི་མདུན་ཐང་དུ་དགེ་འདུན་འདུས་མང་ནས་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོ་གསུང་འདོན་གྱིས་ཕེབས་སྒུག་ཞུས་ཤིང་། ཆུ་ཚོད་ ༨།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དཔལ་ལྡན་འབྲས་སྤུངས་ནས་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་སློབ་གཉེར་ཁང་སྐལ་བཟང་དགའ་ཚལ་དུ་ཆིབས་བསྒྱུར་སྐབས། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་དང་བླ་མ་ལས་སྣེ། སློབ་གཉེར་ཁང་འདིའི་སྦྱིན་བདག་དགའ་བྱང་ཀླུ་འབུམ་མཚན་སྒྲོགས་རིན་པོ་ཆེ་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་མཆོག་དང་མཛད་སྒོར་ཕེབས་པའི་ཁོང་གི་སློབ་མ་རྣམས་ནས་ཕེབས་བསུ་དང་། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་རྩེ་ཆོས་རྗེས་ཕེབས་བསུའི་མཇལ་ཁ་ཞུས་ཡོད།
![]()
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས། དགའ་བྱང་ཀླུ་འབུམ་མཚན་སྒྲོགས་རིན་པོ་ཆེས་སློབ་གཉེར་ཁང་གསར་བཞེངས་ཀྱི་དབུ་འབྱེད་མཛད་བྱང་གཟིགས་འབུལ་དང་། མཎྜལ་འདེགས་འབུལ་ཞུས། དེ་རྗེས་ཤྲཱི་ལིང་ཀའི་རྒྱལ་ཁབ་ཀྱི་བླ་ཆེན་(The Chief Monk from Sri Lanka,)དང་། བྱང་ཆུབ་ལྗོན་ཤིང་གི་དགོན་པའི་དབུ་འཛིན་ནས་བྱང་ཆུབ་ལྗོན་ཤིང་གི་ཆ་ཤས་ཕུལ་ཏེ་བྱིན་རླབས་ཞུས་རྗེས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་གཉེར་ཁང་ལ་རབ་གནས་བྱིན་འབེབས་ཀྱིས་དབུ་འབྱེད་རབ་གནས་ཀྱི་མཛད་སྒོ་ལེགས་པར་གྲུབ་སྟེ་དགའ་ལྡན་གསེར་གདུང་ཁང་ལ་རབ་གནས་བྱིན་འབེབས་མཛད་ཡོད།
![]()
མཛད་སྒོ་འདིར་དགའ་ལྡན་ཁྲི་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དང་། ཤར་པ་ཆོས་རྗེ་ངག་དབང་འབྱོར་ལྡན་རིན་པོ་ཆེ། ཤར་བྱང་གྲྭ་ཚང་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས། མཁར་ཟུར་རྣམ་པ། སྒོ་མང་མཁན་རིན་པོ་ཆེ། བློ་གླིང་མཁན་རིན་པོ་ཆེ། སེར་སྨད་མཁན་རིན་པོ་ཆེ། སེར་བྱེས་མཁན་རིན་པོ་ཆེ། བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ། རྒྱུད་སྨད་མཁན་ཟུར་རིན་པོ་ཆེ། རྭ་སྟོད་མཁན་རིན་པོ་ཆེ། ས་སྐྱ་མཁན་རིན་པོ་ཆེ། རྙིང་མ་མཁན་རིན་པོ་ཆེ། བཙུན་དགོན་བྱང་ཆུབ་ཆོས་གླིང་གི་མཁན་རིན་པོ་ཆེན། གསེར་ཀོང་རྡོ་རྗེ་འཆང་། ཚོགས་ཆེན་སྤྲུལ་སྐུ་ལྷ་རྒྱལ་རིན་པོ་ཆེ། ཏ་པོ་མཁན་རིན་པོ་ཆེ་སྐུ་ཞོགས་སྐལ་ལྡན་རིན་པོ་ཆེ། ཤྲཱི་ལིང་ཀའི་རྒྱལ་ཁབ་ཀྱི་བླ་ཆེན་(The Chief Monk from Sri Lanka,)དང་། བྱང་ཆུབ་ལྗོན་ཤིང་གི་དགོན་པའི་དབུ་འཛིན་གཞན་ཡང་དགེ་སློང་ཁག་གཅིག་སོགས་ཀྱིས་གཙོས་དགེ་འདུན་པ་དང་མི་མང་སོགས་བརྒྱ་ཕྲག་ཁ་ཤས་འདུ་འཛོམས་གནང་།
![]()
མཚན་སྒྲོགས་རིན་པོ་ཆེ་མཆོག་གིས་གོ་སྟོན་བྱམས་བརྩེའི་ལོ་དང་བསྟུན་དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གཙུག་ལག་སློབ་གཉེར་ཁང་ཆེན་མོ་སྐལ་བཟང་དགའ་ཚལ་དང་། ༸རྗེ་ཚེ་འཛིན་མའི་སྐུ་བརྙན་དང་། ༸གོང་ས་༸སྐྱབས་མགོན་རྒྱལ་དབང་བཅུ་བཞི་བ་མཆོག་གི་སྐུ་བརྙན་མཐོང་གྲོལ་རིན་པོ་ཆེ་བཅས་གསར་བཞེངས་ལ་མཐུན་འགྱུར་དང་། ཤྲི་ལིང་ཀའི་བྱང་ཆུབ་ལྗོན་ཤིང་གི་དགོན་པ་རུ་ཆོས་རྒྱལ་མྱ་ངན་མེད་དམ་རྒྱལ་པོ་ཨ་ཤོ་ཀས་རང་གི་སྲས་མོ་ལ་རྟེན་སྐལ་དུ་གནང་བའི་བྱང་ཆུབ་ལྗོན་ཤིང་གི་ཆ་ཤས་སུ་སྐྱེས་པའི་བྱང་ཆུབ་ལྗོན་ཤིང་ཞིག་བྱེས་ཀྱི་ཆོས་སྡེ་ཆེན་པོ་དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གཙུག་ལག་སློབ་གཉེར་ཁང་ཆེན་མོ་སྐལ་བཟང་དགའ་ཚལ་གྱི་མདུན་ཐང་དུ་འདེབས་འཛུགས་ཆེད་གདན་ཞུས་མཛད་ཡོད་པ་རེད།










