༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༤ ཉིན་གྱི་ཕྱི་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་མོན་གྷོ་ཌི་རུ་རྟེན་གཞི་བྱས་པའི་བྱེས་ཀྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭ་གསར་པར་ཆིབས་བསྒྱུར་གྱིས་འཇང་དགུན་ཆོས་ཀྱི་རྣམ་འགྲེལ་དམ་བཅའ་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་གནང་ཡོད་པ་རེད།
![]()
དེ་ཡང་སྔར་བོད་ཟླ་བཅུ་གཅིག་པ་དང་བཅུ་གཉིས་པའི་ནང་འཇང་དགུན་ཆོས་ཞེས་སེ་འབྲས་དགའ་གསུམ་དང་། སྙེ་ཐང་ར་སྟོད། འོན་མངའ་རིས་གྲྭ་ཚང་སོགས་མཚན་ཉིད་དར་ཁྱབ་ཆེ་ཙམ་ཡོད་པའི་དགོན་སྡེ་ཁག་ནས་དགེ་འདུན་སྟོང་ཕྲག་བརྒལ་བ་འདུ་འཛོམས་བྱས་ཏེ་གཞུང་ཆེན་བཀའ་པོད་ལྔའི་ནང་ཚན་ཚད་མའི་གཞུང་ལ་བརྒལ་བརྟག་གསན་བཞེས་མཛད་སྲོལ་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ལ་དྲག་པོའི་བཙན་འཛུལ་གྱིས་ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་གཞུང་དམངས་བཙན་བྱོལ་དུ་ཕེབས་དགོས་བྱུང་བའི་རྗེས་སུ་རྒྱ་གར་ནས་ཐོག་མར་སྦག་ས་ཆོས་སྒར་གསར་འཛུགས་ཀྱིས་དགུན་ཆོས་ཆེན་མོའི་རྣམ་འགྲེལ་མཚན་འཕུད་དམ་བཅའ་སོགས་ཆོས་ཕྱོགས་ཀྱི་གནང་སྒོ་སྤྱི་དང་བྱེ་བྲག་རྣམས་ཉམས་པ་མེད་པར་རྒྱུན་འཛིན་གནང་སྟེ། བཙན་བྱོལ་དུ་ལོ་བསྟར་ཆགས་གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་དུ་རེས་མོས་ཀྱིས་འཇང་དགུན་ཆོས་ཆེན་མོ་ཚུགས།
![]()
འདི་ལོ་དཔལ་ལྡན་འབྲས་སྤུངས་སུ་གདན་ས་གསུམ་དང་རྒྱུད་གྲྭ་སྨད་སྟོད། བཀྲ་ཤིས་ལྷུན་པོ། འོན་མངའ་རིས་གྲྭ་ཚང་། རྫོང་དཀར་ཆོས་སྡེ། བཀྲ་ཤིས་འཁྱིལ། རྣམ་རྒྱལ་གྲྭ་ཚང་། མཚན་ཉིད་གྲྭ་ཚང་སོགས་དགོན་སྡེ་ ༢༡ ནས་དགེ་འདུན་པ་མང་པོ་འཇང་དགུན་ཆོས་ལ་ཆེད་ཕེབས་གནང་སྟེ། རྣམ་འགྲེལ་མཚན་འཕུད་དམ་བཅའ་ཆེན་མོ་སྒོ་མང་ཆོས་གྲྭ་གསར་པར་འཚོགས་པ་དང་། དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དང་། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཤར་རྩེ་གྲྭ་ཚང་། སེ་ར་ཐེག་ཆེན་གླིང་གི་སེར་སྨད་གྲྭ་ཚང་བཅས་ནས་དམ་བཅའ་གནང་ཞིང་། དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དང་། སེ་ར་ཐེག་ཆེན་གླིང་གི་སེར་བྱེས་གྲྭ་ཚང་། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་བྱང་རྩེ་གྲྭ་ཚང་བཅས་ནས་དགེ་འདུན་པ་དྲུག་སྟོང་བརྒལ་བའི་དབུས་སུ་རྟགས་གསལ་གཏོང་བཞིན་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆུ་ཚོད་གཅིག་ལྷག་རིང་དབུ་བཞུགས་ཀྱིས་དགྱེས་གཟིགས་གནང་ཡོད་པ་རེད།










