༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༡༨ ཉིན་གྱི་ཞོགས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་བརྒྱུད་ནང་བསྟན་གྱི་སྐབས་དགུ་པའི་དགེ་བཤེས་མའི་བསླབ་པ་མཐར་སོན་གྱི་དམ་འཇོག་དང་མཛད་སྒོར་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།
![]()
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ནས་ཕོ་བྲང་རྒྱལ་སྒོ་རུ་ཆིབས་བསྒྱུར་སྐབས་གོ་སྒྲིག་ཚོགས་ཆུང་གིས་སྤོས་སྣེ་མདུན་བསུ་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ཁང་གི་གསུང་ཆོས་ར་བར་༸ཞབས་སྟེགས་སུ་འཁོད་མཚམས་བཙུན་མའི་འཇང་དགུན་ཆོས་དང་མཛད་སྒོ་གོ་སྒྲིག་ཚོགས་ཆུང་འཐུས་མིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། དགེ་བཤེས་མའི་བསླབ་པ་མཐར་སོན་པ་རྣམས་ཀྱིས་མཇལ་ཁ་ཞུས།
![]()
དེ་རྗེས་དགེ་བཤེས་མ་རྣམས་ཀྱིས་ཐེག་ཆེན་སེམས་བསྐྱེད་སྐོར་གྱི་རྟགས་གསལ་གཟིགས་འབུལ་དང་། འཇང་དགུན་ཆོས་ཀྱི་ཆོས་ཐོག་ལ་ཕེབས་པའི་བཙུན་མ་རྣམས་ཀྱིས་རྣམ་འགྲེལ་རྩ་བའི་མཆོད་བརྗོད། རྟོག་པའི་དྲ་བ་རྣམ་བསལ་ལས་འཕྲོས་ཏེ་ྋརྒྱལ་དབང་དགེ་འདུན་གྲུབ་ཀྱི་ཚད་མ་རིགས་རྒྱན་ལྟར་གྱི་གང་ཟག་གི་བདག་ངོས་བཟུང་བ། གང་ཟག་གི་བདག་མེད་སྒྲུབ་པའི་རྟགས་ཡང་དག་སྐོར་གྱི་རྟགས་གསལ་བཅས་རིམ་པར་གཟིགས་འབུལ་ཞུས་རྗེས། མགོན་པོ་གང་ཉིད་མཆོག་གིས་མཛད་པའི་འཕགས་བོད་གྲུབ་ཆེན་སྐྱེས་མའི་གསོལ་འདེབས་དད་པའི་མཆོད་སྤྲིན་ཞེས་བྱ་བ། སྲིད་ཞི་བདེན་སྟོང་མཉམ་པ་ཉིད་གཟིགས་པས། ། ཕོ་མོ་མཉམ་ཉིད་གདོད་ནས་དག་པའི་གཤིས། ། ངོ་མཚར་རྟེན་འབྱུང་ཆོས་ཉིད་གསལ་མཛད་པའི། ། ཐུབ་དབང་སྨྲ་བའི་དབང་པོར་མགོས་ཕྱག་འཚལ། ། ཞེས་སོགས་ཀྱི་ལྗགས་ལུང་བཀའ་དྲིན་སྩལ་རྗེས་སྐུ་པར་ལྷན་སྒྲོན་མཛད།
![]()
མཐར་མགོན་པོ་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དུས་འཁོར་ལྷ་ཁང་དུ་གནས་གཟིགས་དང་། ཐུབ་དབང་ལྷ་ཁང་དུ་རྣམ་རྒྱལ་གྲྭ་ཚང་གི་སློབ་གཉེར་བས་རྩོད་རྒྱུགས་གཏོང་བཞིན་པར་འཁྱུག་ཙམ་རིང་གཟིགས་ཞིབ་མཛད་རྗེས་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད།










