༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༢༡ ཉིན་གྱི་ཞོགས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་དང་ལས་ཟུར། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ལས་བྱེད་དང་ལས་ཟུར། བོད་ཀྱི་ཨ་ཅེ་ལྷ་མོ་ཚོགས་པ་དང་ཚོགས་ཟུར། བལ་ཡུལ་བོད་ཀྱི་ལྷ་མོའི་ཚོགས་པའི་ལས་བྱེད་དང་ལས་ཟུར་བཅས་ནས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
![]()
བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་དང་ལས་ཟུར། བོད་ཀྱི་ཨ་ཅེ་ལྷ་མོ་ཚོགས་པ་དང་ཚོགས་ཟུར། བལ་ཡུལ་བོད་ཀྱི་ལྷ་མོའི་ཚོགས་པའི་ལས་བྱེད་དང་ལས་ཟུར། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ལས་བྱེད་དང་ལས་ཟུར་བཅས་ཐུན་མོང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་ཞལ་བཞེས་བཀའ་དྲིན་ཆེ་ཐོབ་བཞིན། ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་བསྟན་འགྲོ་སྤྱི་དང་བྱེ་བྲག་རང་ཅག་བོད་གངས་ཅན་པ་ཡོངས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་ཟབ་མོ་རྣམས་ལྷུན་གྱིས་འགྲུབ་པའི་ཕྱིར། ༸གོང་ས་ལྔ་པ་ཆེན་པོའི་དག་སྣང་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཆེད་སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་པ་དང་བསྙེན་མཚམས་པ་སོགས་ནས་ཉིན་གཉིས་རིང་སྐུའི་ཚེ་སྒྲུབ་གནང་ཡོད་པ་དང་།
![]()
དེ་རིང་གཟའ་སྐར་དགེ་འཛོམས་ཉིན་སྔ་དྲོའི་ཆུ་ཚོད་ ༦ ཐོག་ཆོག་གྲྭ་འདུས་ཚོགས་ནས་སྐུའི་ཚེ་སྒྲུབ་དང༌། ཆུ་ཚོད་ ༨ དང་སྐར་མ་བཅུའི་ཐོག་༸སྤྱི་ནོར་༸གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་སྒོ་ཆེན་ནས་གདན་ཞུའི་སྐབས་རྣམ་གྲྭའི་སྤྱན་རྒྱ་སྤོས་འཛིན་དང༌། སྦྱིན་བདག་འཐུས་ཚབ་མི་དྲུག་ནས་སྤོས་སྣེ། ཕེབས་ལམ་གཡས་གཡོན་དུ། ཤེལ་གྲོང་འབྲོང་རྩེད། སེངྒེ་གཡུ་རལ་ཅན། མདོ་དབུས་ཁམས་གསུམ་གྱི་གཟབ་མཆོར་སྤྲས་པའི་ཕེབས་གསུ་བ། བོད་ཀྱི་ཟློས་གར་ཚོགས་པའི་བྲོ་པ་བྲོ་མ་རྣམས་ནས་གླུ་དབྱངས། གར་ཁྱུང་དཀར་པོ་འཁྲབ་སྟོན་དང་བཅས་ཕེབས་བསུ་གཟབ་རྒྱས་དང་། གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་སོགས་ནས་ཕེབས་བསུ་དང་བཅས་གདན་ཞུས་ཀྱིས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་གྲུབ་པ་དང་བརྟན་བཞུགས་ཀྱི་དབུ་བཞུགས་རྡོར་སློབ་གླིང་རིན་པོ་ཆེ་མཆོག་ནས་མཇལ་དར་རྐྱང་འབུལ་ཞུས།
![]()
བརྟན་བཞུགས་ཀྱི་ཆོ་ག་གསུང་མུར་གསོལ་འབྲས་རིམ་པར་ཕེབས་ཤིང་། དངོས་གཞི་བླ་མ་ལྷར་བསྐྱེད་ནས་བཟུང་ཞལ་འདོན་ཐར་ཆགས་སུ་གསུངས་ཏེ་ཚེ་འགུགས་རྗེས་ཚེ་མདའ་འབུལ་བཞེས་གནང༌། གསོལ་འདེབས་མཎྜལ་སྐབས་དབུ་བཞུགས་རྡོར་སློབ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་ནས་མཎྜལ་ཚོམ་བུ་འདེགས་འབུལ་སྐབས་ནོར་གླིང་འགན་འཛིན་བཀའ་ཟུར་བློ་བཟང་སྙན་གྲགས་དང༌། ཟློས་གར་འགན་འཛིན་དོན་གྲུབ་ཚེ་རིང་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་གཙོ་བྱམས་པ་རྡོ་རྗེ་གསུམ་ནས་ཟུར་འདེགས། མཎྜལ་གྲུབ་རྗེས་དབུ་བཞུགས་སྐུ་བཞེངས་ཐོག་ཞལ་འདོན་ཚིག་བསྟུན་གྱིས་སྐུ་རྟེན། གསུང་རྟེན། ཐུགས་རྟེན། ཚེ་བུམ། ཚེ་ཆང༌། ཚེ་རིལ། མདའ་དར། དབང༌། དྲག་པོ། ཞི་བ། རྒྱས་པ་ བཅས་ཀྱི་ལས་བཞི་འབྲང་རྒྱས་དང༌། བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད་བཅས་ཕུལ་ཟིན་པ་དང་དབུ་བཞུགས་མཆོག་མཇལ་ཁ་དང་། ཞལ་འདོན་༸རྒྱལ་བའི་ཞབས་བརྟན་གསུང་མུར་སྦྱིན་བདག་གི་འཐུས་ཚབ་མི་བཅོ་བརྒྱད་ནས་མཇལ་ཞུ་དང༌། འབུལ་དངོས་སྤྱན་ལམ་དུ་བསྟར། ཡོན་འགྱེད། ཚོགས་འགྲེམས། གླུ་དབྱངས་ཀྱི་མཆོད་པ་ཕུལ།
![]()
གཏང་རག་མཎྜལ་ཚོམ་བུ་བརྟན་བཞུགས་སྦྱིན་བདག་འཐུས་ཚབ་ནོར་གླིང་འགན་འཛིན་ཚེ་རིང་ཕུན་ཚོགས་ནས་འདེགས་འབུལ། ཟློས་གར་འཐུས་མི་ནས་སྐུ་དང༌། བལ་ཡུལ་ལྷ་མོ་ཚོགས་པ་ནས་གསུང༌། ནོར་གླིང་ནས་ཐུགས་རྟེན་བཅས་རིམ་པར་ཕུལ་ཏེ་ཚོགས་མི་གྲངས་ ༡༥ ནས་མཇལ་ཁ་ཞུས་པ་དང་། ཚོགས་མང་ནས་ཉི་གཞོན་འཆར་ཀ་མ་དང༌། བསྟན་འབར་མ། (ཀ་ཁྲི་སྒྲོག) བཀྲ་ཤིས། བདེན་ཚིག་སྨོན་ལམ་བཅས་གསུངས་ནས་བརྟན་བཞུགས་དངོས་གཞི་ལེགས་པར་གྲུབ་རྗེས། འཐུས་ཚབ་མི་དྲུག་ནས་སྤོས་སྣེ་དང༌། རྣམ་གྲྭའི་སྤྱན་རྒྱ་བཅས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་དུ་གདན་འདྲེན་ཞུས་ཡོད།










