༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༣༠ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་དུ་ཧི་མ་ལ་ཡི་ཤར་པའི་ཞབས་ཞུ་ཚོགས་པ་དང་། སོག་ཡུལ། བལ་ཡུལ་སོགས་ཡུལ་ལུང་འདྲ་མིན་གྱི་དད་ལྡན་སེར་སྐྱ་མི་མང་སུམ་བརྒྱ་ལྔ་བཅུ་ཙམ་ལ་མཇལ་ཁ་སྩལ་ཡོད་པ་རེད།
![]()
མཇལ་ཁའི་སྐབས་སུ་མཇལ་ཞུ་བས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བརྟན་པའི་གསོལ་འདེབས་ཞུས་པར། བོད་གཞིས་བྱེས་ཚང་མས་ངོས་རང་མི་ཚེ་རིང་པོ་བྱུང་ན་བསམ་བཞིན་ཡོད། ༸རྒྱལ་བ་རིན་པོ་ཆེ་མེད་པ་ཆགས་ན་ཚང་མས་སེམས་ཧ་ཅང་མ་སྐྱིད་པ་བྱེད་ཀྱི་རེད། དེར་བརྟེན། ངོས་རང་ཚེ་རིང་པོར་སྡོད་པ་ལ་ཁྱོད་རང་ཚོས་རེ་འདུན་ཡོད་པ་ནང་བཞིན་ངོས་ནས་སྨོན་ལམ་བརྒྱབ་ཏེ། ཚེ་རིང་པོར་སྡོད་ཀྱི་རེད་བསམ་པ་ཞིག་ཐག་ཆོད་ཀྱི་འདུག ཅེས་བཀའ་སློབ་སྩལ་བ་དང་།
གཞན་ཡང་མཇལ་བཅར་བ་སྐོར་ཞིག་ལ་བཀའ་སློབ་སྩལ་དོན། བོད་མི་བཙན་བྱོལ་བ་ཉུས་ཤས་ཤིག་ཡོད་པ་རེད། ཡིན་ན་ཡང་། འདི་དག་རྡོག་སྒྲིལ་པོ་རེད། ང་ཚོ་བོད་པ་ནང་བཞིན་རྡོག་སྒྲིལ་པོ་ཞིག་ཕལ་ཆེར་མེད་པ་ལྟ་བུ་རེད། བོད་པ་ཚོ་ཕྱོགས་གཅིག་ནས་རྡོག་སྒྲིལ་བོ་བྱེད་པ་དེ་༸རྒྱལ་བ་རིན་པོ་ཆེས་མགོ་ཁྲིད་ཡོད་པ་རེད། ཁྱོད་རང་ཚོས་ངོས་ལ་དད་མོས་རྩེ་གཅིག་དང་། ངོས་ནས་བོད་རྒྱ་ཆེའི་མི་མང་གི་དོན་དུ་ཞོགས་པ་ཡར་ལངས་པ་དང་། བོད་འབངས་ཀྱི་སེམས་ཅན་རྣམས་ལ་བདེ་སྐྱིད་ཡག་པོ་ཞིག་ཡོང་བ་ཤོག་ཅེས་སྨོན་ལམ་རྒྱག་བཞིན་ཡོད། མཁྱེན་སོང་ངམ། དད་ལྡན་བོད་སྤྱི་བའི་སྨོན་ལམ་དང་། སོ་སོའི་ཚེ་རབས་མང་པོའི་ལས་ཀྱི་ནུས་པ་ཞིག་ཡོད་ཐག་ཆོད་རེད། ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སྩལ་ཡོད།










