༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༤ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐའེ་ཝན་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སེམས་བསྐྱེད་དང་། གཟུངས་སྔགས་ཁག་ཅིག་གི་བཟླས་ལུང་གི་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད་པ་རེད།
དེ་ཡང་སྔ་དྲོའི་ཆུ་ཚོད་༨།༡༥ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་ནས་ཆིབས་བསྒྱུར་གྱིས་རྒྱ་སྒོ་རུ་རྣམ་གྲྭའི་སྤྱན་རྒྱ་དང་། ཆོས་ཚོགས་ ༢༩ ཡིས་གྲུབ་པའི་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་འཐུས་ཚབ་མི་བདུན་གྱིས་སྤོས་སྣེ་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་པ་དང་། མགོན་པོ་མཆོག་བཞུགས་ཁྲིར་འཁོད་མཚམས་ཆོས་ཞུ་བ་རྣམས་ཀྱིས་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་དང་། དུས་མཚུངས་སུ་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སོགས་སེར་སྐྱ་འཐུས་ཚབ་བདུན་ནས་གསོལ་འདེབས་མཎྜལ་འདེགས་འབུལ་ཞུས་ཡོད་པ་དང་།
སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བོད་ནས་སྡོད་མ་ཐུབ་པར་རྒྱ་གར་དུ་སླེབས་པ་དང་། རྒྱ་གར་དུ་སླེབས་ཏེ་ངོས་ནས་ནང་པའི་ཆོས་འདི་འཛམ་གླིང་སྤྱི་ལ་དོ་སྣང་གསར་པ་སླེབས་པའི་ཞབས་འདེགས་སྒྲུབ་པ་ཡིན། གང་ལྟར་ངོས་ནས་གང་ཡོང་ཅི་ཡོང་གིས་བསྟན་པའི་ཞབས་འདེགས་སྒྲུབ་པ་ཡིན། དེ་རིང་འདིར་ཕྱོགས་གཅིག་ནས་བསྟན་པའི་མཐའ་ཟད་པ་ཞིག་ཆགས་ཀྱི་ཡོད། ཡིན་ནའང་། མི་རིགས་དང་སྐྱ་སེར་ཕོ་མོ་དབྱེ་བ་མེད་པར་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱེད་ཀྱི་ཡོད། ངོས་རང་འདིར་༸རྒྱལ་བ་རིན་པོ་ཆེའི་མིང་འཁྱེར་ཏེ་ཆོས་གོས་སྣམ་སྦྱར་གྱོན་མཁན་གྱི་དགེ་སློང་འདུལ་བ་འཛིན་པ་ཞིག་གིས་ཆོས་བཤད་པ་ལ་ཚང་མས་དོ་སྣང་དང་དགའ་མོས་ཆེན་པོ་བྱེད་བཞིན་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གང་ལྟར་སངས་རྒྱས་པའི་ཆོས་ཀྱི་དམིགས་བསལ་ཁྱད་ཆོས་ནི་སེམས་ཁམས་རིག་པའི་སྐོར་ཧ་ཅང་ཞིབ་ཚགས་པོ་འདུག གཉིས་ནས་སྔགས་དང་འབྲེལ་ནས་ཡོང་སྐབས་སེམས་ཕྲ་རགས་ཀྱི་དབྱེ་བ་བཤད་ནས་སེམས་ཁམས་རིག་པའི་སྐོར་ལ་ཞིབ་ཚགས་པོ་དང་། གཏིང་རིང་པོ་ཧ་ཅང་ཡག་པོ་རེད། དེ་རིང་འདིར་རྒྱ་རིགས། བོད་པ། ལ་དྭགས་པ་སོགས་ཡུལ་ཁམས་འདྲ་མིན་གྱི་མི་མང་པོས་༸རྒྱལ་བ་རིན་པོ་ཆེ་ཞེས་དགའ་མོས་ཐོག་སེམས་ཤུགས་གཅིག་གྱུར་ཆགས་ཡོད། ངོས་ལ་ཆ་བཞག་ན་སྤྱིར་སེམས་ཅན་ཐམས་ཅད་དང་། ཡང་སྒོས་བོད་གངས་ཅན་གྱི་ཁྱབ་ཁོངས་ཀྱི་དད་པ་ཅན་རྣམས་ཐད་ཀར་ཕན་ཐོགས་བྱེད་པའིི་ཡུལ་ཆགས་ཡོད། ཁྱོད་ཚོ་ཚང་མ་དེ་རིང་འདིར་དད་པས་འདུས་ཤིང་། ངོས་རང་ཚེ་རིང་པོར་སྡོད་ཆེད་བརྟན་བཞུགས་སྨོན་ལམ་གནང་བ་རེད། ཅེས་དང་།
རྒྱ་ནག་གུང་ཁྲན་གྱིས་བོད་དབང་བསྒྱུར་བྱས་ཡོད་ཀྱང་། རྒྱ་རིགས་ཀྱི་ནང་དུ་ནང་ཆོས་ལ་དགའ་མོས་བྱེད་མཁན་ཇེ་མང་ལ་འགྲོ་བཞིན་འདུག དེར་བརྟེན། ནཱ་ལེནྡྲ་ནས་བརྒྱུད་པའི་སངས་རྒྱས་ཀྱི་བསྟན་པ་རིགས་པས་དཔྱད་རྒྱུ་ཡོད་པ་དང་། བློ་ཕྲ་རགས་ཀྱི་དབྱེ་བ་ཕྱེས་ཏེ་བློ་སྦྱོང་གི་སྒོམ་རྒྱག་རྒྱུ་ཡོད་པ་འདི་ལ་དེང་རྒྱ་རིགས་ཚོའི་ནང་དུ་དོ་སྣང་བྱེད་མཁན་མང་པོ་ཡོང་བཞིན་འདུག ངོས་ཀྱིས་ད་ལྟའི་བར་དུ་ཧུར་ཐག་བྱས་པ་ཡིན། ངོས་རང་ལོ་མཐོ་བོར་སླེབས་ཡོད་ཀྱང་། གཟུགས་པོ་དང་བསམ་བློའི་ཆ་ནས་མུ་མཐུད་དུ་བསྟན་པའི་ཞབས་འདེགས་སྒྲུབ་བསམ་པའི་སེམས་ཤུགས་ཉམས་པ་མེད་པར་ཡོད། ཅེས་སོགས་བཀའ་སློབ་སྩལ་བ་དང་།
དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེམས་བསྐྱེད་ཀྱི་ཆོས་འབྲེལ་དང་། སྟོན་པའི་མཚན་སྔགས། སྒྲོལ་མའི་གཟུངས་སྔགས། སྤྱན་རས་གཟིགས་ཀྱི་གཟུངས་སྔགས། འཇམ་པའི་དབྱངས་ཀྱི་གཟུངས་སྔགས། རྟ་མགྲིན་གྱི་གཟུངས་སྔགས། སྨན་བླའི་གཟུངས་སྔགས། གུ་རུའི་མཚན་སྔགས་བཅས་ཀྱིས་བཟླས་ལུང་བཀའ་དྲིན་སྩལ་བ་དང་། མཐར་ཆོས་ཞུ་བ་རྣམས་ཀྱིས་རྒྱ་སྐད་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་བརྟན་གསོལ་འདེབས་རབ་འབྱམས་རྒྱལ་བ་མ་གསུང་འདོན་དང་འབྲེལ་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་པ་རེའི་སྐུ་ཚབ་ ༢༩ ནས་གཏང་རག་མཎྜལ་འདེགས་འབུལ་ཞུས་ཏེ་ཆོས་འབྲེལ་གནང་སྒོ་ལེགས་པར་གྲུབ་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཐེངས་འདིར་ཐའེ་ཝན་དང་མ་ལེ་ཞིས་ཡ། སིངྒ་པོར། ཨ་རི། ཁ་ན་ཊ། ཡུ་རོབ་རྒྱལ་ཁབ་ཁག་ཅིག་བཅས་ནས་རྒྱ་རིགས་ ༡༡༢༦ ཆེད་བཅར་གྱིས་གསུང་ཆོས་ཞུས་ཡོད།