༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༢༤ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་རྒྱ་གར་བྱང་ཕྱོགས་མཁར་ཆུ་པདྨ་གརྦྷ་ཆོས་ཚོགས་ནས་བརྟན་བཞུགས་བསྡུས་པ་ཞིག་འབུལ་ལམ་ཞུས་ཡོད་པ་རེད།

དེ་ཡང་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་ལྷ་མིའི་རྣམ་འདྲེན་ྋསྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་བསྟན་འགྲོ་སྤྱི་དང་བྱེ་བྲག་བོད་དང་ཧི་མ་ཡ་ལའི་སྐྱེ་འགྲོ་ཡོངས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་ྋཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་ཟབ་མོ་རྣམས་ལྷུན་གྱིས་འགྲུབ་པའི་ཕྱིར། སྲད་རྒྱུད་མཁན་རིན་པོ་ཆེ་བློ་བཟང་དབང་འདུས་མཆོག་གིས་དབུས་མཁར་ཆུ་པདྨ་གརྦྷ་ཆོས་ཚོགས་ཀྱི་འགོ་ལས་ཐུན་མོང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་ཞལ་བཞེས་བཀའ་དྲིན་ཆེ་ཐོབ་ཀྱིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རའི་ནང་བརྟན་བཞུགས་འབུལ་བསྟར་འབུལ་ཞུས་ཡོད་པ་དང་།

སྔ་དྲོའི་ཆུ་ཚོད་ ༧ ཐོག་ཆོས་ཚོགས་ཀྱི་ཚོགས་མི་རྣམས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རའི་ནང་ལྷན་འཛོམས་ཀྱིས་བརྟན་བཞུགས་ཀྱི་སྔོན་འགྲོའི་ྋཞབས་རིམ་དུ་གུ་རུའི་མཚན་སྔགས་བཛྲ་གུ་རུ་དང་། བསམ་པ་ལྷུན་གྲུབ་མ། བར་ཆད་ལམ་སེལ། མ་ཎི་བཅས་གསོག་སྒྲུབ་གནང་ཡོད་པ་དང་། ཆུ་ཚོད་ ༩ ཙམ་ལ་བཞུགས་སྒར་རྡ་རམ་ས་ལའི་སྟོན་མཇུག་གི་ནམ་མཁའ་གཡའ་དྭངས་ཤིང་། སྤྲིན་བྲལ་ཨ་སྔོན་གྱི་མཐོང་ནས་ཉི་འོད་ཀྱི་ཟེར་བརྒྱ་ལྷམ་ལྷམ་འཕྲོ་བའི་སྐབས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་སྒོ་ཆེན་དུ་ཆིབས་བསྒྱུར་བསྐྱངས་ཤིང་། དེར་ཆོས་ཚོགས་ཀྱི་འཐུས་ཚབ་མི་གསུམ་ནས་སྤོས་སྣེ་དང་བཅས་གདན་ཞུས་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་བཞུགས་ཁྲིར་༸ཞབས་སོར་འཁོད་གྲུབ་མཚམས། དབུ་མཛད་ནས་མཎྜལ་ཚོམ་བུ་སོ་བདུན་མ་དང་། ༸རྒྱལ་བའི་༸ཞབས་བརྟན་གསོལ་འདེབས་རབ་འབྱམས་མ་གསུང་མུར་ཚོགས་མང་ལ་གསོལ་ཇ་འབྲས་བསིལ་འདེགས་འབུལ་ཞུས་པ་དང་། བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་འཐུས་མི་གཙོ་བོ་ནས་མཎྜལ་དང་། འཐུས་མི་གཞན་རྣམས་ནས་སྐུ་རྟེན། གསུང་རྟེན། ཐུགས་རྟེན། དབུ་ཞྭ། བཞུགས་གདིང་། སྟན་དཀར་རྡོ་རྗེ་བཅས་རིམ་པར་ཕུལ་ཏེ་མཇལ་ཁ་ཞུས།

བརྟན་བཞུགས་བསྡུས་པའི་རིམ་པ་ལེགས་པར་གྲུབ་མཚམས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་རྣམས་ཀྱིས་གསོལ་འདེབས་ཞུས་ངོར་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་མ་ཎི་ཡི་གེ་དྲུག་མ་དང་། གུ་རུའི་མཚན་སྔགས། སྒྲོལ་མའི་གཟུངས་སྔགས་བཅས་ཀྱི་ལྗགས་ལུང་གི་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད་པ་དང་། ཆོས་ཚོགས་ཀྱི་འཐུས་མི་འབྲས་ལྗོངས་པ་དང་། ནེ་པཱ་ལི། ལེབ་ཅ་བཅས་ཡུལ་ལུང་སོ་སོའི་འཐུས་མི་ནས་རང་ལུགས་གཞས་སྣ་གསུམ་མགོན་པོ་མཆོག་ལ་གཟིགས་འབུལ་གྱིས་མཆོད་པའི་རིམ་པར་ལེགས་པར་གྲུབ་པ་དང་། བརྟན་བཞུགས་ལ་ཆེད་བཅར་གྱི་མི་མང་ ༣༥༠ ལ་མཇལ་ཁ་བཀའ་དྲིན་སྩལ། མཐར་བརྟན་བཞུགས་དང་ཆོས་འབྲེལ་གྱི་གནང་སྒོ་ལེགས་པར་གྲུབ་ནས་འཐུས་ཚབ་རྣམས་ནས་སྤོས་སྣེ་དང་བཅས་མགོན་པོ་མཆོག་ཕོ་བྲང་དུ་གདན་འདྲེན་ཞུས་ཡོད།










