༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༢༨ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ཆོས་རྭ་གསར་པ་དབུ་འབྱེད་དང་བསྟུན་རྒྱལ་བའི་ྋསྐུའི་གོ་སྟོན་དང་འབྲེལ་བའི་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་རེད།

དེ་ཡང་ཆུ་ཚོད་ ༧།༣༠ ཐོག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་ནས་ཆིབས་ཐོན་གྱིས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ཏུ་ཆིབས་བསྒྱུར་སྐབས་ཕེབས་ལམ་གཡས་གཡོན་དུ་བོད་རིགས་དང་རྒྱ་གར་ཡུལ་མི། ཕྱོགས་མཐའ་ཁག་གི་འགྲུལ་བཞུད་པ་སོགས་ཀྱིས་ཕེབས་བསུ་དང་བཅས་གྲྭ་ཚང་གི་རྒྱལ་སྒོར་ཆིབས་གྲུར་ཕེབས་སྐབས་ཕེབས་ལམ་གཡས་གཡོན་དུ་ལག་ཏུ་དར་དང་མེ་ཏོག བདུག་སྤོས་སོགས་བསྣམས་ནས་སེར་བང་ལེགས་སྒྲིག་གིས་ཕེབས་བསུ་དང་། ཆོས་རྭ་གསར་པའི་མདུན་ཐང་དུ་ཆིབས་གྲུ་ནས་ཞབས་སྒྱུར་སྐབས་རྒྱུད་སྟོད་གྲྭ་ཚང་གི་སྐྱབས་རྗེ་མཁན་ཁང་སེར་རིན་པོ་ཆེ་མཆོག་གིས་མཇའ་དར་སྒྲོན་འབུལ། ལས་སྣེ་རྣམས་ནས་སྤོས་སྣེས་དྲངས་ཏེ་ཕེབས་བསུ་ཞུས་ཏེ། ཆོས་རྭ་གསར་པ་དབུ་འབྱེད་ཀྱི་དར་ཚོན་ཡོལ་བ་གཅོད་འབྲེག་དང་བྱང་འདྲེན་ནས་ཞལ་འདོན་བཀྲ་ཤིས་ཚིགས་བཅད་གསུང་འདོན་གནང་བ་དང་། ཆོས་རྭའི་འདུ་ཁང་ནང་དུ་ཕེབས་ནས་བྱིན་འབེབས་གནང་ཡོད།

དེ་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ར་ཆེ་གཉིས་པའི་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་གཙུག་ལག་ཁང་ཏུ་ཆིབས་བསྒྱུར་གྱིས་བཞུགས་ཁྲི་རིན་པོ་ཆེར་ྋཞབས་སོར་འཁོད་པ་དང༌། མགོན་པོ་གང་ཉིད་མཆོག་གིས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་མཁན་ཆེན་རྡོ་རྗེ་འཆང་ཆེན་པོའི་མཚན་གནས་གཟེངས་བསྟོད་དུ། མཁན་རིན་པོ་ཆེ་དང་། བླ་མ་དབུ་མཛད་ཡང་སྟེང་རིན་པོ་ཆེ། བྱང་འདྲེན་ཆེན་མོ། དགེ་བསྐོས་བཅས་ནས་རྒྱུད་ཆེན་ཀུན་དགའ་དོན་གྲུབ་ཀྱི་སྣང་བརྙན་འདེགས་འབུལ་ཞུས་ཤིང་། དེ་བཞིན་རྒྱལ་བའི་གོ་སྟོན་བཀའ་དྲིན་རྗེས་དྲན་གྱི་མཚོན་རྟེན་དུ། རྒྱུད་སྟོད་ར་མོ་ཆེའི་རྟེན་གཙོ་ཇོ་བོ་མི་བསྐྱོད་རྡོ་རྗེའི་སྐུ་བརྙན་འདེགས་འབུལ་ཞུས་པ་དང་། སྐབས་དེར་ཕྱག་མཛོད་རྒན་པ་ནས་གཟེངས་བསྟོད་ངོ་སྤྲོད་གསུང་བཤད་གནང་ཡོད།

དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་མཁན་ཆེན་རྡོ་རྗེ་འཆང་ཆེན་པོའི་མཚན་གནས་བཞེས་པའི་མཛད་རིམ་ལེགས་པར་གྲུབ་མཚམས། ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་བསྟན་འགྲོ་སྤྱི་དང་བྱེ་བྲག་བོད་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་ཟབ་མོ་མཐའ་དག་ལྷུན་གྱིས་འགྲུབ་པའི་ཕྱིར། རྒྱུད་སྟོད་གྲྭ་ཚང་མཁན་བླ་འདུས་སྤྱི་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བརྟན་བཞུགས་ཞལ་འདོན་དབུ་འཛུགས་གནང་ཡོད་པ་དང་། མཁན་རིན་པ་ཆེ་མཆོག་ནས་གསོལ་འདེབས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། མཚུར་ཕུ་བླ་བྲང་གི་སྐུ་ཚབ་གཅིག་ནས་རྟེན་གསུམ་འདེགས་འབུལ་ཞུས་ཤིང༌། རིམ་བཞིན་དམིགས་བསལ་བ་དང་དཔེ་ཁྲིད་རྒན་སོགས་མཇལ་ཁ་སྩལ། དེ་མཚམས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་མཁན་པོའི་མཚན་གནས་བཞེས་པའི་མཚན་བསྟོད་གསོལ་འདེབས་ལ་བླ་མ་མགོན་པོ་དང་། མཁན་པོའི་མཚན་གནས་བཞེས་པའི་མཚན་བསྟོད་གསོལ་འདེབས་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ།

མཐར་གཏང་རག་མཎྜལ་འདེགས་འབུལ་དང་། ཕྱག་མཛོད་གསར་རྙིང་མཇལ་ཁ་དང་ལྷན་རིམ་བཞིན་གྲྭ་ཚང་གི་གསུང་རབ་ ༼ཡིད་འཕྲོག་ནོར་བུའི་དོ་ཤལ་༽པོད་བཅོ་ལྔའི་དཔར་ཕུད་གོང་འབུལ་དང༌། རྒྱུད་སྟོད་དཔེ་མཛོད་ཁང་ནས་དཔར་སྐྲུན་ཞུས་པའི་གསང་འདུས་རྒྱུད་འགྲེལ་ཆེན་མོ་གཙོས་པའི་༼རྒྱུད་འགྲེལ་རིན་ཆེན་སྣ་བདུན་༽དབུ་འབྱེད་གནང་རྗེས། རྒྱུད་གྲྭ་པ་རྣམས་ནས་སྔགས་ཀྱི་དམ་བཅའ་འཚོགས་པ་དང་། གསང་འདུས་ཀྱི་ཤིས་བརྗོད་གསུངས་ནས་བརྟན་བཞུགས་ཀྱི་མཛད་སྒོ་ལེགས་པར་གྲུབ་རྗེས། མགོན་ཁང་གསར་པར་བྱིན་རླབས་གནང་སྟེ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་རེ་ཞིག་མཛད་རིམ་ལེགས་པར་གྲུབ་ནས་བཞུགས་སྒར་དུ་ཆིབས་བསྒྱུར་བསྐྱངས་ཡོད།










