༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་རྒྱ་གར་ལྷོ་ཕྱོགས་ཧུབ་ལི་(Hubli)གནམ་ཐང་དུ་ཆིབས་བསྒྱུར་དང་། དེ་ནས་བྱེས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་༸ཞབས་སོར་བདེ་བར་འཁོད་དེ་ཕེབས་སྟོན་མཛད་སྒོར་དབུ་བཞུགས་གནང་ཡོད་པ་རེད།
![]()
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ཧུབ་ལི་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་འབྲས་སྤུངས་མཁན་རིན་པོ་ཆེ་འཇིགས་མེད་རྒྱ་མཚོ་མཆོག་དང་། ཕྱག་མཛོད་བགྲེས་པ་སྨོན་ལམ་རྒྱ་མཚོ་ལགས། བོད་མིའི་སྒྲིག་འཛུགས་ཀྱི་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་དང་མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་རིན་ཆེན་དབང་མོ་ལགས། དྷར་ཝར་རྫོང་དཔོན་ལྕམ་དིབྱཱ་པྲ་བྷུ་(Ms.Divya Prabhu G.R.J., I.A.S Hubli-Dharwad DC)ལགས་དང་། ཧུབ་ལི་གྲོང་ཁྱེར་དང་དྷར་ཝར་ཉེན་རྟོག་འགན་འཛིན་སྐུ་ཞབས་ཨན་ཤ་ཤི་ཀུ་མཱར་(N. Shashikumar, IPS Hubli-Dharwad Police Commissioner) ལགས་དང་། ཧུབ་ལི་དྷར་ཝར་ཉེན་རྟོག་འགན་འཛིན་གཞོན་པ་ཤྲཱི་མཧ་ནིང་ནནྡ་གྷན་ཝི་(Sri. Mahaning Nandaganvi, IPS Hubli-Dharwad DCP)ལགས་བཅས་ནས་ཕེབས་བསུ་དང་། གནམ་ཐང་ཕྱི་རུ་གདན་ས་ཁག་གི་མཁན་པོ་རྣམ་པ་དང་འབྲས་སྤུངས་ཁྲི་པ། ཧོན་སུར་རབ་རྒྱས་གླིང་། བྷེལ་ཀོབ་ལུགས་བསམ་དང་བདེ་སླར། ཀོ་ལི་གྷལ་དོན་ལྡན་གླིང་བཅས་ཀྱི་ས་གནས་འགོ་འཛིན་རྣམ་པ་སོགས་ནས་ཕེབས་བསུ་དང་བཅས་མོན་གྷོ་ས་གནས་སུ་ཆིབས་བསྒྱུར་བསྐྱངས་པ་དང་། ཕེབས་ལམ་གཡས་གཡོན་དུ་རིས་སུ་མ་ཆད་པའི་དགོན་པ་ཁག་གི་གྲྭ་བཙུན་གྱིས་གཙོས་མི་མང་སྟོང་ཕྲག་མང་པོས་དཀར་གཙང་མཇལ་དར་དང་མེ་ཏོག་བདུག་སྤོས་ཐོགས་ནས་ཕེབས་བསུ་རྒྱ་ཆེར་ཞུས།
![]()
སྒོ་མང་ཆོས་གྲྭ་ཆེན་མོར་ཆིབས་བསྒྱུར་སྐབས་དགའ་ལྡན་ཁྲི་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དང་། ཤར་བྱང་གི་ཆོས་རྗེ་རྣམ་གཉིས། འབྲས་སྤུངས་ཁྲི་གདན་ཟུར་གཙོས་གདན་ས་དང་ཆོས་སྡེ་ཁག་གི་མཁན་བླ་སྤྲུལ་རྣམ་པ། ཀུན་བདེ་གླིང་རིན་པོ་ཆེ། གླིང་རིན་པོ་ཆེ། གཟིག་རྒྱབ་རིན་པོ་ཆེ། ལྕང་སྐྱ་རིན་པོ་ཆེ། ཟོང་རིན་པོ་ཆེ། རྣམ་གྲོལ་གླིང་གི་སྤྲུལ་སྐུ་ཆོས་དར་སོགས་བླ་སྤྲུལ་དགེ་བའི་བཤེས་གཉེན་དང་སྦག་ས་གནས་བརྟན་བགྲེས་སོང་རྣམ་པ། དེ་བཞིན་དྷར་ཝར་ཉེན་རྟོག་འགན་འཛིན་གུན་ཇན་ཨཱརྱ་(Gunjan Arya, IPS)ལགས། ཀར་ཝར་ས་ཁུལ་འགན་འཛིན་ལཀྴ་མི་པྲི་ཡ་ཀ་(Ms.Lakshmi Priya. K, I.A.S) ལགས། ཀར་ཝར་ཉེན་རྟོག་འགན་འཛིན་དཱི་པན་ཨེམ་ཨེན་(Deepan M.N., IPS)ལགས། ཀར་ཝར་རྫོང་སྤྱི་ཁྱབ་འགན་འཛིན་ཌོག་ཊར་ཌི་ལི་སཱ་སི་(Dr. Dileesh Sasi, I.A.S)ལགས། སིར་སི་རྫོང་ཉེན་རྟོག་འགན་འཛིན་ཀ་བྱཱ་ར་ཎི་ཀི་ཝི་ (Kavyarani KV)ལགས། མོན་གྷོ་ཌི་ས་གནས་འགན་འཛིན་ཤངྐར་གོའུ་ཌི་(Shankar Gowdi)ལགས། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཟུར་བ་བསྟན་འཛིན་ལུང་རྟོགས་སོགས་ཀྱིས་ཕེབས་བསུ་དང་བཅས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས། དགའ་ལྡན་ཁྲི་པ་༸རྗེ་བཙུན་བློ་བཟང་རྡོ་རྗེ་མཆོག་དང་། འབྲས་སྤུངས་ཁྲི་པ། སྒོ་མང་མཁན་རིན་པོ་ཆེ། མོན་གྷོ་ས་གནས་འགོ་འཛིན་བཅས་ཀྱིས་རིམ་པར་མཎྜལ་རྟེན་གསུམ་འདེགས་འབུལ་དང་མཉམ་ཚོགས་མང་ཡོངས་ལ་འབྲས་སིལ་བཀྲམས་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
![]()
གནས་འདི་ནི་བོད་ཀྱི་ནུབ་རྒྱུད་ཆགས་ཡོད། དེ་ཡང་ང་ཚོའི་བོད་མིའི་གཞིས་ཆགས་ཁག་དང་། དགེ་འདུན་འདུས་པའི་ཚོགས་བཅས་དེ་རིང་དགའ་རབ་ཅིག་འཛོམས་འདུག རྟགས་ཅི་ཞིག་སྟོན་གྱི་ཡོད་པ་རེད་ཅེ་ན། མདོ་སྔགས་ཟུང་འབྲེལ་གྱི་སངས་རྒྱས་པའི་ཆོས་རྒྱ་ཆེ་ལ་གཏིང་ཟབ་པ། ཀླུ་སྒྲུབ་ཡབ་སྲས་སོགས་པཎ་གྲུབ་རྣམས་ཀྱི་བཞེད་གཞུང་དྲི་མ་མེད་པ་ལ་ང་ཚོ་བོད་པས་བདག་པོ་བརྒྱབ་ནས་བསྡད་པ་རེད། བར་སྐབས་བོད་ལ་ཧ་ཅང་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱང་། སོ་སོའི་ཆོས་དང་རིག་གཞུང་ལ་སེམས་གཏིང་ནས་དགའ་མོས་ཀྱིས་ལྷག་བསམ་རྩེ་གཅིག་དང་། སྐབས་དུས་འཚམ་པའི་ཐོག་འདོན་པ་འདོན་པ་སོགས་ཀྱིས་མཚོན་གལ་ཆེ་ཤོས་ནི། བསམ་བློའི་ནང་དུ་བོད་གངས་ཅན་ལྗོངས་ཀྱི་རྒྱ་ཆེ་ལ་གཏིང་ཟབ་པའི་སངས་རྒྱས་པའི་ཆོས་ལ་ཧ་ལས་པའི་བདག་པོ་བརྒྱབ་ཡོད། བདག་པོ་བརྒྱབ་པ་ཙམ་དུ་མ་ཟད། དེང་སང་རྒྱ་ནག་ལ་ཆ་བཞག་ནའང་བོད་ཀྱི་སངས་རྒྱས་པའི་ཆོས་ལ་གུས་བརྩི་བྱེད་པའི་གནས་ཚུལ་ཞིག་སླེབས་ཡོང་གི་ཡོད། དེ་བཞིན་འཛམ་གླིང་གང་ས་གང་དུ་བོད་ཀྱི་ཆོས་དང་རིག་གཞུང་ལ་ཆོས་དད་མེད་ནའང་དོ་སྣང་བྱེད་མཁན་དང་དགའ་མོས་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་བཞིན་འདུག
![]()
ང་ཚོས་སངས་རྒྱས་ཀྱི་བསྟན་པ་རྒྱས་པར་ཤོག་ཅེས་སྨོན་ལམ་བརྒྱབ་པ་གཅིག་པུ་མ་ཡིན་པར་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་ལུང་རྟོགས་ཀྱི་རྒྱལ་བའི་བསྟན་པ་འདི་མི་ཉམས་གོང་འཕེལ་དང་། ཉམས་པ་སོར་ཆུད་ཡོང་ཐུབ་པར་སེམས་ཤུགས་བསྐྱེད་ནས་སྨོན་ལམ་རྒྱག་པ་སོགས་བྱེད་བཞིན་ཡོད། འཛམ་གླིང་འདིར་སངས་རྒྱས་པའི་ཆོས་ལ་དགའ་མོས་བྱེད་མཁན་ཧ་ཅང་མང་པོ་དང་། དེང་སང་དོ་སྣང་བྱེད་མཁན་གྱི་མི་རབས་གསར་པའང་མང་པོ་སླེབས་བཞིན་འདུག གང་ལྟར་སངས་རྒྱས་པའི་ཆོས་ལ་དད་མོས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་། རྒྱ་ནག་ལ་མཚོན་ནའང་ཇེ་མང་དུ་འགྲོ་བཞིན་འདུག དེ་བཞིན་འཛམ་གླིང་ས་ཁུལ་གཞན་དུའང་སྤྱིར་སངས་རྒྱས་པའི་ཆོས་ལ་དད་མོས་མེད་ཀྱང་། སངས་རྒྱས་པའི་ལུང་རྟོགས་ཀྱི་ཆོས་ཀྱི་འགྲོ་སྟངས་ལ་དོ་སྣང་བྱས་ཏེ་དགའ་མོས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག དེར་བརྟེན། ང་ཚོས་སངས་རྒྱས་ཀྱི་བསྟན་པ་རྒྱས་པར་ཤོག་ཅེས་ཁ་ཙམ་ཚིག་ཙམ་མ་ཡིན་པར་བོད་ཀྱི་སངས་རྒྱས་པའི་ཐེག་པ་གསུམ་གྱི་ཆོས་ཚུལ་ལ་དོན་དག་དངོས་མའི་ཐོག་ནས་དོ་སྣང་གསར་པ་སླེབས་མཁན་མང་པོ་བྱུང་ཡོད།
![]()
རྒྱ་ནག་དང་བོད། ཧི་མ་ལ་ཡའི་རི་རྒྱུད་བཅས་སུ་སངས་རྒྱས་པའི་ཆོས་ལ་སྔ་མོ་ནས་དོ་སྣང་ཡོད་པ་རེད་ལ། ད་དུང་སངས་རྒྱས་པའི་ཆོས་ལ་དོ་སྣང་ཇེ་ཟབ་ཇེ་ཟབ་ཏུ་འགྲོ་བཞིན་འདུག ངོས་རང་ལ་ཆ་བཞག་ན་༸རྒྱལ་དབང་གི་མིང་ཡོད་པས་སངས་རྒྱས་པའི་ཆོས་ཀྱི་སྐོར་བཤད་སྐབས་དོ་སྣང་བྱེད་མཁན་རྒྱ་ཆེན་པོར་ཁྱབ་འགྲོ་བ་ཞིག་རེད། ཅེས་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པའི་ཆོས་ལ་བདག་པོ་རྒྱག་མཁན་གྱི་མི་མང་ཚོ་དད་མོས་ཆེན་པོ་ཡོད། ཡིན་ནའང་། སློབ་སྦྱོང་དང་འབྲེལ་བའི་ཐོག་ནས་བདག་པོ་ཡག་པོ་རྒྱག་མཁན་ནི་བོད་པ་ཤུགས་ཆེན་པོ་རེད། དེར་བརྟེན། ང་ཚོས་སངས་རྒྱས་ཀྱི་བསྟན་པ་རྒྱས་པར་ཤོག་ཅེས་སྨོན་ལམ་བརྒྱབ་པ་བཞིན་ལུང་དང་རྟོགས་པའི་བདག་ཉིད་ཀྱི་སངས་རྒྱས་ཀྱི་བསྟན་པ་འདི་མུ་མཐུད་ནས་ཀུན་ལ་ཁྱབ་པ་ཞིག་དང་། རྒྱ་ཆེའི་སེམས་ཅན་མང་པོར་ཕན་ཐོགས་ཡོང་བར་སྨོན་ལམ་བརྒྱབ་པ་བཞིན་དོན་དངོས་མའི་ཆ་ནས་ཀྱང་འཛམ་བུ་གླིང་ལ་དོ་སྣང་ཤུགས་ཆེ་རུ་འགྲོ་བཞིན་པ་ཧ་ཅང་གསལ་པོ་རེད། ཅེས་དང་།
![]()
ངོས་དང་ཚན་རིག་པ་མང་པོར་འབྲེལ་བ་ཡོང་གི་ཡོད། དེ་ཚོའི་གྲས་ཀྱིས་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་ལ་ཧ་ཅང་དགའ་མོས་ཆེན་པོ་བྱེད་ཀྱི་འདུག སྐྱེ་བ་སྔ་ཕྱི་དང་འཇིག་རྟེན་བཀོད་པ་པོ་སོགས་ཀྱི་རྙོག་དྲ་དེ་བཤད་མི་དགོས་པར་ཁ་ཡོད་ལག་ཡོད་ཀྱིས་སྒོ་གསུམ་ཞི་ཞིང་དུལ་བ་ཞིག་གི་ཐོག་ནས་རང་སྐྱིད་པ་དང་། རོགས་སྐྱིད་པ་ཡོང་བར་རིས་མེད་ཀྱི་ས་ཁུལ་མང་པོ་ནས་དོ་སྣང་གསར་པ་ཡོང་གི་ཡོད། ཡེ་ཤུ་ཆོས་ལུགས་དར་སའི་ལུང་པ་ཚོའི་ནང་ནས་འདི་ལྟར་དོ་སྣང་བྱེད་མཁན་ཤུགས་ཆེ་རུ་འགྲོ་བཞིན་འདུག ངོས་རང་ལ་མཚོན་ན་ནུབ་ཕྱོགས་སོགས་རྒྱལ་ཁབ་ཁག་གི་ལུང་པར་འགྲོ་བར་མིས་དགའ་བསུ་ཤུགས་ཆེན་པོ་བྱས་ཏེ་ཕྱིན་པའི་སྐབས་སུ་ངོས་ཀྱིས་བཤད་པ་ལ་དོ་སྣང་བྱས་ནས་སངས་རྒྱས་པའི་ཆོས་ཚུལ་ལ་དམིགས་བསལ་དོ་སྣང་གསར་པ་ཞིག་དང་། ལུས་ཕྱི་རྒྱལ་གྱི་མི་ཆགས་ཡོད་ཀྱང་བསམ་བློ་སངས་རྒྱས་པའི་ཆོས་ལ་དད་པ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད།
![]()
བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་པའི་ཆོས་བར་སྐབས་ཉམས་ཆག་ཕྱིན་ཏེ་ནུབ་པ་ལྟ་བུ་ཆགས་ཡོད་ཀྱང་། ང་ཚོ་ཉུང་ཤས་ཤིག་འདིར་ཡོད་པ་ཚོས་བདག་པོ་བརྒྱབ་སྟེ་ཧུར་ཐག་བྱས་པ་རེད། ཚན་རིག་པའི་ནང་ནས་སངས་རྒྱས་པའི་ལྟ་སྒོམ་སྤྱོད་གསུམ་ལ་དམིགས་བསལ་དོ་སྣང་གིས་ངོས་ལ་ཐུག་འཕྲད་དུ་ཡོང་གི་འདུག་པ་དང་། ང་ཚོས་གོ་བསྡུར་བྱེད་སྐབས་སྒོ་གསུམ་མ་དུལ་བ་བཏུལ་བ་དང་། མ་ཞི་བ་ཞི་བ་བཟོ་བར་སངས་རྒྱས་པའི་ཆོས་ལ་ནུས་པ་གཞན་དང་མ་འདྲ་བ་ཞིག་ཡོད་པ་ལ་དོ་སྣང་དང་དགའ་མོས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག ཐེག་པ་གསུམ་གྱི་ཆོས་ཆ་ཚང་བ་ནི་ང་ཚོ་བོད་ལ་ཡོད་པ་འདི་ཆགས་ཡོད། ཧི་མ་ལ་ཡའི་རི་རྒྱུད་དུ་ཆོས་སྲིད་འགྲོ་སྟངས་གཅིག་པ་རེད། ཅེས་དང་།
![]()
ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ནི་ང་ཚོས་མཐོང་བཞིན་པ་ལྟར་ནང་པའི་ཆོས་ལ་དགའ་མོས་དང་དོ་སྣང་དམིགས་བསལ་ཆེན་པོ་རེད། ལས་འབྲས་དང་རྒྱུ་འབྲས་ཀྱི་རྟེན་འབྲེལ་སྐོར་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ངོས་རང་ལ་མཚོན་ན་༸རྒྱལདབང་གི་མིང་འཁྱེར་ནས་ཆོས་ཕྱོགས་ནས་འབྲེལ་བ་ཡོད་པས་ངོས་ལ་འབྲེལ་བ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག གང་ལྟར་ཡང་ང་ཚོ་བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་འདི་རྒྱ་མི་གུང་ཁྲན་གྱིས་རྩ་མེད་གཏོང་བའི་ཐབས་ཤེས་རིམ་པར་བྱས་ཀྱང་། ལག་ལེན་དངོས་མའི་ཐོག་ནས་བོད་ཀྱི་ཟབ་རྒྱས་ཀྱི་གནད་འགག་རྒྱ་ཆེན་པོ་ཡོད་པའི་ནང་པའི་ཆོས་ལ་འཛམ་གླིང་འདིར་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག འདིར་དེ་ལྟ་བུའི་ཆོས་ཚུལ་ཉམས་ལེན་བྱེད་མཁན་ཉུང་ཤས་ཤིག་ཡོད་པ་རེད། ད་ལྟའི་བར་དུ་ང་ཚོས་སྲོལ་བཟུང་ནས་བསྡད་པ་རེད། ད་ལྟ་ཚན་རིག་པ་སོགས་ཁག་ཅིག་གིས་ཧ་ཅང་དགའ་བོ་བྱེད་ཀྱི་ཡོད། དེར་བརྟེན། སངས་རྒྱས་པའི་ཆོས་འདི་བསླབ་པ་གསུམ་གྱིས་རྒྱུད་འདུལ་ཐབས་དང་། ཁ་ཡོད་ལག་ཡོད་ཀྱིས་སེམས་ལ་ཞི་བདེ་བཟོ་བར་ཕན་ཐོགས་ཡོད་པ་འདི་ལ་འཛམ་གླིང་འདིར་ཆོས་དད་མེད་མཁན་གྲས་ནས་ཀྱང་དོ་སྣང་བྱེད་མཁན་ཇེ་མང་ལ་འགྲོ་བཞིན་འདུག ཅེས་སོགས་མགོན་པོ་གང་ཉིད་མཆོག་དགུང་ལོ་བརྒྱ་དང་སུམ་ཅུ་སོ་གྲངས་བཞུགས་རྒྱུའི་ལུང་བསྟན་དང་རྨི་ལྟས་སོགས་ཡོད་པ་དང་། སངས་རྒྱས་པའི་ཆོས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཐོག་འཛམ་གླིང་མི་མང་ལ་ཕན་ཐོགས་ཡོང་ཐུབ་པ་ཞིག་བྱ་རྒྱུར་ཚང་མས་ཧུར་ཐག་བྱེད་དགོས་པའི་བཀའ་སློབ་བཀའ་དྲིན་སྩལ་རྗེས་སྒོ་མང་མཁན་རིན་པོ་ཆེས་སྤོས་སྣེས་མདུན་བསུ་དང་བཅས་ཆོས་གྲྭ་ཆེན་མོའི་ཡང་ཐོག་གི་གཟིམ་ཆུང་དུ་ཆིབས་བསྒྱུར་བསྐྱངས་ཡོད།










