༄༅།། བོད་རྒྱལ་ལོ་ ༢༡༥༢ ཤིང་སྦྲུལ་ ཟླ་ ༡༠ ཚེས་ ༢༥ དང་། ཕྱི་ལོ་ ༢༠༢༥ ཕྱི་ཟླ་ ༡༢ ཚེས་ ༡༤ ཉིན་བྱེས་ཀྱི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་བཤེས་ལྷ་རམས་པའི་ཕྱག་ཁྱེར་བཞེས་ནས་ལོ་ ༥༡ འཁོར་བར་རི་བོ་དགེ་ལྡན་པ་སྤྱི་ནས་རྗེས་དྲན་གཟེངས་རྟགས་འབུལ་བཞེས་བསྐྱངས་ཡོད་པ་རེད།
![]()
དེ་ཡང་ཞོགས་པའི་ཆུ་ཚོད་ ༨།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྒོ་མང་ཆོས་གྲྭ་ཆེན་མོའི་ཡང་ཐོག་གི་གཟིམ་ཆུང་ནས་གདན་ས་སེ་འབྲས་དགའ་གསུམ་གྱི་མཁན་རིན་པོ་ཆེ་རྣམ་པས་སྤོས་སྣེ་དང་། སྤྱན་རྒྱ། དགེ་འདུན་འདུས་དམངས་ནས་དམིགས་བརྩེ་མའི་དབྱངས་རྟ་དང་བཅས་ཕེབས་བསུའི་ཐོག་ཆོས་གྲྭ་ཆེན་མོའི་གཙུག་ལག་ཁག་གི་སྡིངས་ཆར་ཆིབས་བསྒྱུར་བསྐྱངས་པར་དགའ་ལྡན་ཁྲི་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དང་། ཤར་བྱང་གི་ཆོས་རྗེ་རྣམ་གཉིས་སོགས་ནས་ཕེབས་བསུ་དང་བཅས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་ཁྲི་རིན་པོ་ཆེ་ནས་མཇལ་དར་རྐྱང་འབུལ་ཞུས་ཤིང་། དབུ་མཛད་ནས་རྟེན་འབྲེལ་བསྟོད་པ་གསུངས་མུར་གསོལ་ཇ་འབྲས་བསིལ་དང་། མདོ་ལུགས་ཙ་རིའི་ཚོགས་འཁོར་འདེགས་འབུལ་ཞུས།
![]()
དེ་རྗེས་མཎྜལ་སོ་བདུན་མ་སོགས་གསུང་འདོན་དང་འབྲེལ་རི་བོ་དགེ་ལྡན་པའི་བསྟན་པའི་བདག་པོ་ཁྲི་རིན་པོ་ཆེ་མཆོག་གིས་ཚོམ་བུ་འདེགས་འབུལ་དང་། ཤར་བྱང་ཆོས་རྗེ་རྣམ་གཉིས་ནས་རམ་འདེགས་དང་མཇལ་ཁ་ཞུས་མཚམས། དགའ་ལྡན་ཤར་རྩེའི་མཁན་པོ་བྱང་ཆུབ་སངས་རྒྱས་མཆོག་གིས། རི་བོ་དགེ་ལྡན་པ་སྤྱི་ནས་༸རྒྱལ་དབང་ཐམས་ཅད་མཁྱེན་ཞིང་གཟིགས་པ་ཆེན་པོར་དགེ་བཤེས་ལྷ་རམས་པའི་ཕྱག་ཁྱེར་འབུལ་བཞེས་མཛད་ནས་ལོ་ ༥༡ འཁོར་བའི་རྗེས་དྲན་གཟེངས་རྟགས་འབུལ་དགོས་པའི་དགོས་དམིགས་གསལ་བཤད་དུ། ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་རྒྱལ་ས་ལྷ་སར་ཆོ་འཕྲུལ་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པའི་དམ་བཅའི་མཛད་ཆེན་བསྐྱངས་ནས་ལོ་ ༦༦ འཁོར་བ་དང་། ཕྱི་ལོ་ ༡༩༧༤ ལོར་རྒྱ་གར་འཕགས་ཡུལ་དུ་དགེ་བཤེས་ལྷ་རམས་པའི་ཕྱག་ཁྱེར་ཐོག་མ་དེ་སྤྱི་ནོར་༸གོང་ས་༸སྐྱབསམ་གོན་ཆེན་པོ་མཆོག་ལ་གུས་འབུལ་ཞུས་ནས་ལོ་ངོ་ ༥༡ འཁོར་བ་དང་། ཕྱི་ལོ་ ༡༩༧༥ ལོར་རྒྱ་གར་འཕགས་ཡུལ་དུ་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་དབུ་འཛུགས་ཞུས་ཏེ་ལོ་ངོ་ ༥༠ འཁོར་བའི་དུས་དྲན་རྣམས་སྲུང་བརྩི་དང་འབྲེལ། ས་གནས་མོན་གྷོ་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་རའི་གཙུག་ལག་ཁང་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུ་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ཆེད། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་དང་། དགེ་ལྡན་སྤྱི་ལས་ཁང་ནས་གསར་བཞེངས་ཞུས་པ་རིན་ཆེན་གསེར་དངུལ་ལས་གྲུབ་པའི་དགེ་བཤེས་ལྷ་རམས་པའི་གཟེངས་རྟགས་འདི་ཉིད་གུས་ཅག་སྐྱབས་འོག་པ་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་འཛིན་པ་སྤྱིའི་མཚན་ཐོག་ནས་གུས་འབུལ་ཞུ་རྒྱུ། ཞེས་དང་།
![]()
གཞན་ཡང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་མཛད་ཆེན་དང་ཕྱག་འཁྱེར་འབུལ་བཞེས་མཛད་པའི་སྐོར་ལ་གསུང་དོན། དུས་གསུམ་རྒྱལ་བ་ཀུན་ལས་ཀྱང་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས། མཁས་པ་དང་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་ཡོངས་འཛིན་དུ་མ་རིགས་ཀྱི་ཅོད་པན་དུ་རྒྱུན་ཆགས་སུ་བསྟེན་ཏེ། གསུང་རབ་རྒྱ་མཚོ་ལྟ་བུ་ལ་གསན་བསམ་སྒོམ་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་ནས། ཕྱི་ལོ་ ༡༩༥༨ ལོར་གངས་ཅན་གྱི་གདན་ས་ཆེན་པོ་སེ་འབྲས་དགེ་གསུམ་དུ་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་མཛད་ཆེན་དང་། ཕྱི་ལོ་ ༡༩༥༩ ལོར་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་མཛད་ཆེན་བསྐྱངས།
![]()
ཕྱི་ལོ་ ༡༩༧༤ ལོར་གདན་ས་ཆེན་པོ་དགའ་ལྡན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་ཕྱག་ཁྱེར་ཐོག་མ་འབུལ་བཞེས་མཛད་རྗེས་དགེ་བཤེས་ལྷ་རམས་པའི་ཕྱག་འཁྱེར་འདི་ཉིད་གཟི་བརྗིད་དང་ཆེ་མཐོང་ཆེས་དོན་སྙིང་ལྡན་པ་ཞིག་ཏུ་གྱུར་ཡོད། ཕྱི་ལོ་ ༡༩༧༥ ལོར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་བསླབ་པ་མཐར་སོན་པའི་དགའ་སྟོན་ཐེངས་གཉིས་པ་འཚོགས་ཏེ། སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས་དང་། བོད་དུ་ལྷ་རམས་དང་སྔགས་རམས་པའི་དམ་འཇོག་ཟིན་པ་རྣམས་དང་། རྒྱ་གར་དུ་དམ་འཇོག་ཟིན་པ་རྣམས་ལ་དགེ་བཤེས་ལྷ་རམས་པའི་ཕྱག་འཁྱེར་འབུལ་བཞེས་མཛད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་གངས་ཅན་ཞིང་དུ་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་དམ་འཇོག་མཛད་ནས་ལོ་ངོ་ ༢༥ འཁོར་བའི་དུས་ཆེན་གྱི་དགའ་སྟོན་གཞུང་འབྲེལ་མཛད་སྒོ་ཕྱི་ལོ་ ༡༩༨༥ ལོར་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་ཚོགས་ཆེན་འདུ་ཁང་དུ་བསྐྱངས་ཡོད། ཅེས་སོགས་གསུང་བཤད་གནང་བ་དང་།
![]()
དེ་རྗེས་དགའ་ལྡན་ཁྲི་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དང་། ཤར་བྱང་གི་ཆོས་རྗེ་རྣམ་གཉིས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགེ་བཤེས་ལྷ་རམས་པའི་ཕྱག་འཁྱེར་ཕུལ་ནས་ལོ་ངོ་ལྔ་བཅུ་ང་གཅིག་འཁོར་བའི་རྗེས་དྲན་གཟེངས་རྟགས་འབུལ་བཞེས་བསྐྱངས་ཤིང་། དགེ་འདུན་འདུས་མང་དང་། དད་ལྡན་ཁྲི་ཕྲག་བརྒལ་བས་ཤར་གངས་རི་མ་དང་། ༸རྒྱལ་བའི་ཞབས་བརྟན་རབ་འབྱམས་མ། ་བློ་བཟང་རྒྱལ་བསྟན་མ། བདེན་ཚིག་སྨོན་ལམ། ལམ་རིམ་སྨོན་ལམ་བཅས་གསུང་འདོན་གནང་བ་དང་། མཐར་དམིགས་བརྩེ་མའི་གདངས་འཐེན་མུར། དགེ་ལྡན་བསྟན་བདག་རྣམ་པ་དང་། མཁན་རིན་པོ་ཆེ་རྣམ་པས་སྤོས་སྣེ་དང་། སྤྱན་རྒྱ་བཅས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་དུ་གདན་འདྲེན་ཞུས་ཏེ་ཐེངས་འདིའི་ལྔ་མཆོད་ཆེན་མོའི་མཛད་རིམ་རེ་ཞིག་ལེགས་པར་གྲུབ་ཡོད།
![]()
དགའ་ལྡན་ལྔ་མཆོད་ཆེན་མོའི་དུས་དྲན་དང་བསྟུན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྷ་རམས་པའི་ཕྱག་འཁྱེར་ཕུལ་ནས་ལོ་ ༥༡ འཁོར་བའི་རྗེས་དྲན་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་དགའ་ལྡན་ཁྲི་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དང་། ཤར་བྱང་གི་ཆོས་རྗེ་རྣམ་གཉིས། འབྲས་སྤུངས་ཁྲི་པ་དང་ཁྲི་ཟུར་གཉིས། འབྲས་སྒོ་མང་དང་བློ་གླིང་གི་མཁན་རིན་པོ་ཆེ་རྣམ་པ་གཉིས་དང་། ཀུན་བདེ་གླིང་རིན་པོ་ཆེ། ལྕང་སྐྱ་རིན་པོ་ཆེ། གླིང་རིན་པོ་ཆེ། སེར་བྱེས་མཁན་རིན་པོ་ཆེ། དགའ་ལྡན་ཤར་བྱང་གི་མཁན་རིན་པོ་ཆེ་རྣམ་གཉིས། སེར་སྨད་མཁན་ཚབ། རྒྱུད་སྨད་མཁན་རིན་པོ་ཆེ་དང་བླ་མ་དབུ་འཛིན། གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ། སྲད་རྒྱུད་མཁན་རིན་པོ་ཆེ། རྣམ་གྲྭ་མཁན་རིན་པོ་ཆེ། རྭ་སྟོད་མཁན་རིན་པོ་ཆེ། ཏ་པོ་དགོན་པའི་མཁན་རིན་པོ་ཆེ། འོན་རྒྱལ་སྲས་སྤྲུལ་སྐུ། སྔ་འགྱུར་རྡོར་བྲག་གསང་སྔགས་ཆོས་འཁོར་གླིང་གི་མཁན་པོ། བཙུན་དགོན་བྱང་ཆུབ་ཆོས་གླིང་གི་མཁན་རིན་པོ་ཆེ། སེར་བྱེས་མཁན་ཟུར། རྒྱུད་སྨད་མཁན་ཟུར། བྱང་རྩེ་མཁན་ཟུར། རྭ་སྟོད་མཁན་ཟུར། པཎ་ཆེན་འོས་སྤྲུལ་སོགས་མཁན་བླ་སྤྲུལ་དགེ་བའི་བཤེས་གཉེན་བརྒྱ་ཕྲག་མང་པོས་གཙོས་དགེ་འདུན་པ་དགུ་སྟོང་བརྒལ་བ་དང་། ལྷོ་སྤྱིས་གཙོས་དང་ལྷོ་གཞིས་ཁག་ལྔའི་ས་གནས་འགོ་འཛིན་རྣམ་པ་དང་། ལྷོ་གཞིས་ཁུལ་གྱི་རང་རིགས་མི་མང་དང་། ཧི་མ་ལ་ཡའི་རི་རྒྱུད་དང་འབྲས་འབྲུག་སོགས་ཀྱི་དད་ལྡན་ཁྲི་ཕྲག་བརྒལ་བ་མཉམ་འཛོམས་གནང་ཡོད།










