༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༡༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་ཚན་རིག་ཟབ་སྦྱོང་བ་གྲྭ་བཙུན་རྣམས་ཀྱིས་དེང་རབས་ཚན་རིག་གི་ཁོངས་སྐྱེ་དངོས་རིག་པ་དང་། དངོས་ཁམས་རིག་པ་སོགས་ཀྱི་བརྗོད་གཞི་ཁག་ཅིག་བོད་ཀྱི་རྟགས་བསལ་རིགས་ལམ་གྱི་སྒོ་ནས་བརྒལ་བརྟག་གཟིགས་འབུལ་ཞུས་ཡོད་པ་རེད།
![]()
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་བོད་རིགས་དང་སོག་རིགས། ཕྱི་གླིང་པ་སོགས་དད་ལྡན་སེར་སྐྱ་ ༢༦༤ ལ་མཇལ་ཁ་སྩལ་རྗེས་གདན་ས་ཁག་ཏུ་དགེ་བཤེས་ལྷ་རམས་པ་དང་། དགེ་ལུགས་རྒྱུགས་སྤྲོད་དུ་ཕེབས་བཞིན་པའི་དགེ་འདུན་པ་དང་བཙུན་མ་སོགས་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་ཚན་རིག་ཟབ་སྦྱོང་བ་གྲྭ་བཙུན་རྣམས་ཀྱིས་སྐྱེས་དངོས་ཚན་རིག་དང་། དངོས་ཁམས་ཚན་རིག དབང་རྩ་ཚན་རིག ཚན་རིག་གི་ཐབས་ལམ་བཅས་ཀྱི་སྐོར་ལ་རྟགས་བསལ་གྱི་ལམ་ནས་རྩོད་པ་གནང་ཡོད་པ་རེད།
![]()
སྐྱེས་དངོས་ཚན་རིག་གི་རྩོད་པའི་སྐབས་སུ། ཚེ་སྲོག་གི་ངོ་བོ་དང་། ཚེ་སྲོག་ལ་ཚང་དགོས་པའི་ཁྱད་ཆོས། དེ་བཞིན་ཚེ་སྲོག་གི་ཐོག་མཐའ་དང་ཕྲ་ཕུང་གི་གྲུབ་ཚུལ་བཅས་ལ་དཔྱད་པ་བྱས་ཡོད། དེའི་ནང་ཚེ་སྲོག་ལ་ངེས་པར་དུ་ཚང་དགོས་པའི་ཁྱད་ཆོས་དང་། ཕྲ་ཕུང་གི་འབྱུང་ཁུངས་སོགས་ཀྱི་སྐོར་ལ་དྲི་བ་བཏོན་ཏེ་རྩོད་པ་གནང་བ་དང་། དེ་བཞིན་དངོས་ཁམས་ཚན་རིག་གི་རྩོད་པའི་སྐབས་སུ། བེམ་གཟུགས་ཀྱི་རྩོམ་གཞི་དང་། ཕྱིའི་འཇིག་རྟེན་གྲུབ་ལུགས། དུས་དང་རྡུལ་གྱི་ངོ་བོ་བཅས་ལ་དཔྱད་པ་བྱས་ཡོད། དེའི་ནང་སྲོལ་རྒྱུན་དངོས་ཁམས་ཚན་རིག་གི་ལྟ་ཚུལ་དང་། དེང་རབས་དངོས་ཁམས་ཚན་རིག་གི་ལྟ་ཚུལ་གཉིས་ཀྱི་ཁྱད་པར་དང་། ལྷག་པར་དུ་རྡུལ་ཕྲ་མོའི་ངོ་བོ་དང་། དབུ་མ་པའི་ལྟ་ཚུལ་དང་ཇི་ལྟར་མཐུན་མིན་བཅས་ལ་དྲི་བ་བཏོན་ཏེ་རྩོད་པ་གནང་བ་དང་།
![]()
མུ་མཐུད་དུ་དབང་ཚན་རིག་གི་རྩོད་པའི་སྐབས་སུ། མིག་ཤེས་ཀྱིས་ཡུལ་རྟོགས་སྟངས་དང་། དབང་ཤེས་སྐྱེ་བའི་རྐྱེན། དབང་ཤེས་ཀྱི་ངོ་བོ་དང་ཚད་མ། དེ་བཞིན་མི་དང་སྲོག་ཆགས་གཞན་གྱི་དབང་པོའི་ནུས་པ་བཅས་ལ་དཔྱད་པ་དང་། དེའི་ནང་དབང་ཤེས་སྐྱེ་སྟངས་དང་། དབང་ཤེས་སྐྱེ་བའི་རྐྱེན། དབང་ཤེས་ཚད་མ་ཡིན་མིན། དབང་ཤེས་དང་ཡིད་ཤེས་སྐྱེ་བའི་རིམ་པ་བཅས་ཀྱི་སྐོར་རྟགས་བསལ་བཏང་བ་དང་། ཚན་རིག་གི་ཐབས་ལམ་དང་འབྲེལ་བའི་རྩོད་པའི་སྐབས་སུ། ཚན་རིག་གིས་ཡུལ་ལ་དཔྱད་པ་བྱེད་པའི་ཐབས་ལམ་གྱི་རིམ་པ་དང་། རྟོག་ཞིབ་དང་། ཚོད་གཞག བརྟག་དཔྱད། གྲུབ་དོན་འཛུགས་པ་བཅས་ཀྱི་ངོས་འཛིན། དེ་བཞིན་སྤྱི་ལས་ཁྱད་པར་དཔོག་པ་དང་། ཁྱད་པར་ལས་སྤྱི་དཔོག་པའི་གཏན་ཚིགས་བཅས་ལ་དཔྱད་པ་གནང་ཡོད། དེའི་ནང་ཚན་རིག་གི་ཞིབ་འཇུག་གི་རིམ་པ་དང་། གཏན་ཚིགས་རིག་པའི་རྣམ་གཞག་བཅས་ཀྱི་སྐོར་ལ་རྟགས་བསལ་བཏང་སྟེ་རྩོད་པ་གནང་ཡོད།
![]()
མཐར་མགོན་པོ་གང་ཉིད་མཆོག་གིས་ཟབ་སྦྱོང་བ་ཕེབས་མཁན་གྲྭ་བཙུན་ ༨༢ དང་། དགེ་ལས་སྐད་བསྒྱུར་བཅས་ཁྱོན་ ༡༠༧ ལ་སྐུ་པར་ལྷན་སྒྲོན་དང་འབྲེལ་བཀའ་སློབ་སྩལ་དོན། རིགས་ལམ་གྱི་འགྲོ་སྟངས་ཐོག་ལ་དེང་དུས་ཀྱི་ཤེས་ཡོན་གྱི་འགྲོ་སྟངས་སྦྲེལ་ནས་ཏན་ཏན་ཡོང་གི་ཡོང་གི་རེད། སྔོན་མ་ངོས་རང་སེ་འབྲས་ལ་གྲྭ་སྐོར་དུ་ཕྱིན་པའི་སྐབས་སུ་ནམ་རྒྱུན་ཡིག་ཆ་ལ་གོམས་བསྡད་ཡོད་པ་གཏོང་དུས་རྟགས་བསལ་འབེལ་བོ་འདུག སྐབས་དེར་དམ་བཅའ་འཇོག་མཁན་སྐྱོ་ཤོས་དེ་བདེ་ཡངས་ལགས་རེད། རྟགས་བསལ་གཏོང་དུས་ངོས་ཀྱིས་རྟགས་བསལ་དགའ་རབ་གཏོང་ཐུབ་ཀྱི་ཡོད། གང་ལྟར་ང་ཚོའི་བོད་ཀྱི་རིག་གཞུང་ནང་རྩོད་པ་རྩོད་པའི་རིག་གནས་འདི་ཧ་ཅང་རྩ་ཆེན་པོ་རེད། མཁྱེན་སོང་ངམ། དེར་བརྟེན། ང་ཚོས་རྟགས་བསལ་གཏོང་བའི་འགྲོ་སྟངས་འདིའི་ཐོག་ནས་དེང་སང་གི་ཚན་རིག་དང་མཐུན་མ་མཐུན་གྱི་གནས་ཚུལ་གང་ཡོད་བརྟག་དགོས། ང་ཚོའི་རྟགས་བསལ་གྱི་ནང་དུ་ཀླད་པའི་སྐོར་རྒྱ་ཆེན་པོ་ཡོད་པ་མ་རེད། ཚན་རིག་པས་ཀླད་པའི་སྐོར་ལ་མང་པོ་བཤད་ཀྱི་ཡོད་པས་ང་ཚོས་དེ་དག་དང་ཕན་ཚུན་སྦྲེལ་ནས་རྩོད་ཐུབ་ན་ཡག་པོ་འདུག ཅེས་དང་། འཆད་རྩོད་རྩོམ་གསུམ་ལས་རྩོད་པ་འགྲོ་བཞིན་པ་དང་། རྩོམ་ཡང་ཡོད། ང་ཚོའི་བོད་ལ་འཆད་རྩོད་རྩོམ་གསུམ་ཧ་ཅང་འཛོམས་པོ་རེད། སྔ་མོ་ངོས་ཀྱིས་འཆད་རྩོད་རྩོམ་གསུམ་ཐོག་ལ་སློབ་སྦྱོང་བྱས་པ་ཡིན། ཞེས་བཀའ་སློབ་སྩལ་རྗེས་གཟིམ་ཆུང་དུ་ཆིབས་བསྒྱུར་བསྐྱངས་ཡོད།










