༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༢༤ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་མོན་གྷོ་ཌི་རུ་རྟེན་གཞི་བྱས་པའི་བྱེས་ཀྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར་འབྲས་སྤུངས་བླ་སྤྱིའི་ཚོགས་ཆེན་འདུ་ཁང་ཆེན་མོ་རུ་གསེར་ཁྲིར་མངའ་གསོལ་དང་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།

དེ་ཡང་སྔ་དྲོ་ཆུ་ཚོད་ ༨།༠༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྒོ་མང་ཆོས་གྲྭ་གསར་པ་ནས་ཆིབས་བསྒྱུར་གྱིས་འབྲས་སྤུངས་ཚོགས་ཆེན་གཞུང་སྒོའི་མདུན་གྱི་རྡོ་བཅལ་སྟེང་དུ་སམ་བྷོ་ཊའི་སློབ་ཕྲུག་ཚོས་བཀྲ་ཤིས་བྲོ་གར་གྱིས་ཕེབས་བསུ་དང་། འབྲས་སྤུངས་མཁན་པོ་ཁྲི་པ་རྟོགས་ལྡན་རིན་པོ་ཆེ། སྒོ་བློ་གྲྭ་ཚང་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས། རྭ་སྟོད་མཁན་རིན་པོ་ཆེ། ཚོགས་ཆེན་ཞལ་ངོ་རྣམ་གཉིས། འབྲས་སྤུངས་བླ་སྤྱིའི་ཕྱག་མཛོད་བཅས་ནས་སྤོས་སྣེས་དྲངས་ཏེ། འབྲས་སྤུངས་ཚོགས་ཆེན་གཙུག་ལག་ཁང་དུ་གདན་ཞུ་དང་། དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དང་། ཤར་བ་ཆོས་རྗེ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སོགས་ནས་ཕེབས་བསུ་དང་། དབུ་མཛད་ཆེན་མོས་དམིགས་བརྩེ་མའི་དབྱངས་རྟ་དབུ་བསྐུལ་ནས་འདུས་དམངས་ནས་དམིགས་བརྩེ་མ་གསུང་འདོན་དང་འབྲེལ་མགོན་པོ་མཆོག་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲི་ལ་༸ཞབས་སོར་འཁོད་མཚམས་འབྲས་སྤུངས་མཁན་པོ་ཁྲི་པ་མཆོག་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས།

དེ་ནས་དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་འབྲས་སྤུངས་ཁྲི་པར་གསེར་ཁྲིར་མངའ་གསོལ་དང་། མགོན་པོ་གང་ཉིད་མཆོག་ལ་ཐུགས་རྗེ་བཀའ་དྲིན་ཆེ་ཞུའི་མཚོན་བྱེད་དུ། འབྲས་སྤུངས་མཁན་པོ་ཁྲི་པ་སྐྱབས་རྗེ་རྟོགས་ལྡན་རིན་པོ་ཆེ་དང་། གྲྭ་ཚང་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་པ་གཉིས་བཅས་ནས་གསེར་ཟངས་ལས་གྲུབ་པའི་༸རྗེ་འཇམ་དབྱངས་ཆོས་རྗེའི་སྐུ་བརྙན་བྱོན་ལེགས་ཤིག་འབུལ་ལམ་ཞུས་པ་དང་། སྟག་ཚང་རྭ་སྟོད་གྲྭ་ཚང་ནས། ༧རྒྱལ་དབང་མཆོག་ནས་མི་ལོ་དགུ་བཅུའི་རིང། འཇིག་རྟེན་ཁྱོན་ལ་གཞན་ཕན་འཕྲིན་ལས་ཀྱིས་དབང་བསྒྱུར་བའི་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ། ཆོས་ཀྱི་འཁོར་ལོ་ཞིག་རྭ་སྟོད་མཁན་རིན་པོ་ཆེ་དང་མཁན་ཟུར་རྣམ་པ་གཉིས་བཅས་ནས་འབུལ་ལམ་ཞུས་མཚམས། འབྲས་སྤུངས་མཁན་པོ་ཁྲི་པ་རྟོགས་ལྡན་རིན་པོ་ཆེ་ནས་གསེར་ཁྲི་མངའ་གསོལ་དང་འབྲེལ་གསུང་བཤད་གནང་དོན་དུ།

ཕྱི་ལོ་ ༡༤༡༦ ལོར་རྗེ་ཙོང་ཁ་པ་ཆེན་པོས་གང་ཉིད་ཀྱི་ཐུགས་སྲས་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པ་ཆེན་པོར་དགའ་ལྡན་འགོག་པ་རི་ནས་གཏེར་དུ་བཞེས་པའི་ཆོས་དུང་དྲི་མ་མེད་པ་གནང་སྟེ། ཆོས་སྡེ་ཕུན་སུམ་ཚོགས་པ་ཞིག་འདེབས་དགོས་པའི་ལུང་བསྟན་གནང་བ་དང་། རྗེ་དེ་ཉིད་ཀྱིས་ཕྱིས་སུ་ན་ལེནྡྲ་དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་ཕྱག་བཏབ་ཅིང་། བཤད་སྒྲུབ་གཉིས་ཀྱི་སྒོ་ནས་ཡུན་རིང་བསྐྱངས་པའི་རྣམ་པར་ཐར་བ་དང་། ཕྱིས་སུ་མཁས་ཤིང་གྲུབ་པའི་དབང་ཕྱུག་རིམ་པར་བྱོན་པ་དང་། ༸རྒྱལ་བ་དགེ་འདུན་རྒྱ་མཚོ་མཆོག་ནས་བཟུང་༸རྒྱལ་མཆོག་བཅུ་གསུམ་པ་ཆེན་པོའི་བར་དུ་སྐུ་ཕྲེང་ཟམ་མ་ཆད་པར་བྱོན་པ་རྣམས་ཀྱིས་དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་ཀྱི་ཁྲི་ལ་མངའ་བསྒྱུར་བ་སོགས་ཀྱི་བྱུང་རབས་སྙན་སེང་དང་།

གཞན་ཡང་། ༸མགོན་པོ་གང་ཉིད་མཆོག་ནས་ཐོག་མར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ཐུགས་སྲས་རྗེ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པ་ཆེན་པོར་སྐུའི་སྐྱེ་བ་བསམ་བཞིན་དུ་བཞེས་ཏེ་ཆོས་སྡེ་ཆེན་པོ་འདི་ཉིད་ཕྱག་འདེབས་པར་མཛད་ཅིང་། སྐུའི་ཕྲེང་བ་རིམ་པར་བྱོན་པ་རྣམས་ཀྱིས་བཀའ་དྲིན་བསམ་གྱིས་མི་ཁྱབ་པས་བསྐྱངས་ཤིང་། སྐུ་ཚེ་འདི་ཉིད་ཀྱི་དབང་དུ་བྱས་ན་ཡང་གདན་ས་འདིར་ཞབས་ཀྱི་པདྨོོ་ཡང་ཡང་བཀོད་དེ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བ་དང་། ལྷག་པར་ཡང་གུས་འབངས་རྣམས་ནས་སྔ་ཕྱིར་གསོལ་བ་ཕུར་ཚུགས་སུ་བཏབ་པ་བཞིན། རྗེ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པ་ཆེན་པོའི་ཆོས་ཀྱི་ཁྲི་འཕང་མཐོན་པོར་མངའ་གསོལ་བདག་གིར་མཛད་པའི་ཞལ་བཞེས་ཟབ་མོ་སྤྱི་བོའི་མཛེས་རྒྱན་དམ་པར་ཐོབ་སྟེ། ད་ལན་དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་ཆེན་པོ་འདིར། རྗེ་འཇམ་དབྱངས་ཆོས་རྗེའི་གསེར་གྱི་ཁྲི་འཕང་མཐོན་པོར་རྩིབས་སྟོང་འཁོར་ལོའི་མཚན་རིས་མངོན་པར་བཀྲ་བའི་ཞབས་མཐིལ་ཉེ་བར་བཀོད་ནས། གུས་འབངས་མཐའ་དག་མགོན་དང་བཅས་པར་མཛད་པའི་བཀའ་དྲིན་གྱི་ཕུང་པོ་ནི་སྟོང་གསུམ་རིན་ཆེན་སྣ་བདུན་གྱིས་བཀང་སྟེ་ལན་བརྒྱར་ཕུལ་ཡང་ཆ་ཕྲ་མོ་ཙམ་ཡང་འཁོར་ཐབས་མ་མཆིས་པའི་གནས་ལགས་པས། གདན་ས་འདི་ཉིད་ཀྱི་མཁན་བླ་འདུས་མང་ཡོངས་ནས་དགའ་དད་སྤྲོ་བ་འབུམ་ཕྲག་གི་ཀློང་ནས་ཐུགས་རྗེ་དང་བཀའ་དྲིན་བླ་མེད་དུ་ཆེ་ཞུ། ཞེས་སོགས་གསུང་བཤད་གནང་སྟེ། གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་བསྐྱངས་ཤིང་། གནས་ཆུང་ཆོས་རྒྱལ་ཆེན་པོ་སྤྱན་འདྲེན་གྱིས་ཚེ་སྒྲུབ་གནང་།

ཆུ་ཚོད་ ༨།༥༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་ཐུགས་བཞེད་ལྷུན་གྱིས་འགྲུབ་པའི་ཆེད་དུ་ཆོས་སྡེ་ཆེན་པོ་འདི་ཉིད་ཀྱི་མཁན་བླ་སྤྲུལ་དགེ་འདུན་འདུས་མང་གིས་གཙོས་སེ་ར་དང་དགའ་ལྡན། རིས་སུ་མ་ཆད་པའི་དགོན་སྡེ་ཁག་གི་མཁན་བླ་སྤྲུལ་དགེ་འདུན་འདུས་མང་གིས་བརྟན་བཞུགས་བསྟར་འབུལ་གྱིས་གསོལ་འདེབས་མཎྜལ་སྐབས་འབྲས་སྤུངས་མཁན་པོ་ཁྲི་པ་རྟོགས་ལྡན་རིན་པོ་ཆེ་མཆོག་དང་། གྲྭ་ཚང་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་པས་ཚོམ་བུ་འདེགས་འབུལ་དང་། འབྲས་སྤུངས་མཁན་པོ་ཁྲི་པ་མཆོག་གིས། རྡོ་རྗེའི་སྐུ་ལ་སྐྱེ་འཆི་མི་མངའ་ཡང་།། ཟུང་འཇུག་དབང་གི་རྒྱལ་པོའི་ཟ་མ་ཏོག། བདག་ཅག་མོས་པ་ཇི་བཞིན་སྲིད་མཐའི་བར།། མྱ་ངན་མི་འདའ་རྟག་པར་བཞུགས་སུ་གསོལ།། ཞེས་གསུངས་པ་ལྟར། སྒྲིབ་བྲལ་ཟུང་འཇུག་གི་ཟ་མ་ཏོག་སྤྲུལ་སྐུའི་བཀོད་པ་འདི་ཉིད་བསྐལ་བ་མ་སྟོང་གི་བར་དུ་བརྟན་པར་བཞུགས་སུ་གསོལ། ཞེས་སོགས་མཎྜལ་བཤད་པ་གནང་ཞིང་འབུལ་དངོས་བསྟར་ཏེ་མཇལ་ཁ་ཞུས། དགའ་ལྡན་ཁྲི་རིན་པོ་ཆེ། ཤར་པ་ཆོས་རྗེ། བོན་གྱི་སྐྱབས་མགོན་སྨན་རི་ཁྲི་འཛིན་མཆོག སྒོ་བློ་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས། འབྲས་སྤུངས་ཁྲི་ཟུར། སྒོ་བློ་གྲྭ་ཚང་གཉིས་ཀྱི་མཁན་ཟུར་རྣམ་པ། འབྲས་སྤུངས་བླ་སྤྱིའི་སྦྱིན་བདག་ཕུ་ཁང་བློ་བཟང་ཡེ་ཤེས་དང་སྦྱིན་བདག་གཞན་གཉིས་བཅས་ནས་མཇལ་ཞུ་དང་། རྒྱལ་བའི་ཞབས་བརྟན་དང་རིས་མེད་བསྟན་རྒྱས་སྨོན་ལམ་བཅས་གསུང་།

མཐར་གཏང་རག་མནྜལ་རྭ་སྟོད་མཁན་རིན་པོ་ཆེ་ནས་འདེགས་འབུལ། རྭ་སྟོད་མཁན་ཟུར་རྣམ་གཉིས། འབྲས་སྤུངས་བླ་སྤྱིའི་སྦྱིན་བདག་གཉིས། གྲྭ་ཚང་གསུམ་སོ་སོའི་སྦྱིན་བདག་༢་རེ་བཅས་མཇལ་ཞུ། ཞལ་འདོན་ཉི་གཞོན་འཆར་ཀ་མ། སངས་རྒྱས་སྤྲུལ་པ་མ། བདེན་ཚིག་སྨོན་ལམ། བསྟན་འབར་མ། རྒྱལ་མཚན་རྩེ་མོ། དམིགས་བརྩེ་མ་དབྱངས་དང་བཅས་གསུངས་ཏེ། འབྲས་སྤུངས་མཁན་པོ་ཁྲི་པ་རྟོགས་ལྡན་རིན་པོ་ཆེ། སྒོ་བློ་གྲྭ་ཚང་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས། རྭ་སྟོད་མཁན་རིན་པོ་ཆེ། ཚོགས་ཆེན་ཞལ་ངོ་རྣམ་གཉིས། འབྲས་སྤུངས་བླ་སྤྱིའི་ཕྱག་མཛོད་བཅས་ནས་སྤོས་སྣེས་དྲངས་ཏེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྒོ་མང་ཆོས་གྲྭ་ཆེན་མོའི་ཡང་ཐོག་གཟིམ་ཆུང་དུ་ཆིབས་བསྒྱུར་བསྐྱངས་ཡོད།










