༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༢༣ ཉིན་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚོགས་པ་དང་། སུད་སི་ལྷ་ས་བུའི་མཐུན་གྲོགས་ཚོགས་པ་གཉིས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
![]()
དེ་ཡང་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་མཆོག་དབུ་བཞུགས་ཐོག་རྣམ་རྒྱལ་གྲྭ་ཚང་གི་གསུང་ཞབས་དང་། བཞུགས་སྒར་ཁུལ་གྱི་བསྙེན་མཚམས་པ། ཚོགས་ཁོངས་གྲྭ་བཙུན་བཅས་ནས་སྒྲོལ་དཀར་ཚེ་སྒྲུབ་གྱི་ཆོ་གའི་སྒོ་ནས་སྒྲུབ་ཞག་ཉིན་གསུམ་སྔོན་བཏང་གིས་དེ་རིང་སྔ་དྲོ་ཆུ་ཚོད་ ༨ ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་ཏེ་བརྟན་བཞུགས་ཀྱི་མཛད་སྒོར་དབུ་བཞུགས་མཛད་པ་དང་། སྐབས་དེར་ཕེབས་ལམ་གཡས་གཡོན་དུ་བརྟན་བཞུགས་ཕུལ་མཁན་རྣམས་ཀྱིས་རུ་སྒྲིག་གིས་ཕེབས་བསུ་དང་། རྣམ་གྲྭའི་སྤྱན་རྒྱ་སྤོས་འཛིན། ཚོགས་པ་ཁག་གཉིས་ཀྱི་འཐུས་མི་དྲུག་གིས་སྤོས་སྣེ་དང་བཅས་གདན་ཞུས་ཀྱིས་བཞུགས་ཁྲིར་༸ཞབས་སོར་བདེ་བར་འཁོད་མཚམས་རྡོར་སློབ་མཆོག་ནས་མཇལ་དར་རྐྱང་འབུལ་ཞུས།
![]()
དེ་རྗེས་དབུ་མཛད་ཀྱིས་གསུང་ཆོག་དབུ་འཛུགས་ཀྱིས་རྒྱུན་ཆགས་གསུམ་པ་དང་། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་གསུང་མུར་གསོལ་ཇ་འབྲས་སིལ་རིམ་པར་ཕེབས་པ་དང་། བརྟན་བཞུགས་དངོས་གཞིར་བླ་མ་ལྷར་བསྐྱེད་ནས་མཆོད་བསྟོད། ཚེ་འགུགས་སོགས་ཆོ་གར་རིམ་པར་གནང་ཞིང་། རྡོ་རྗེ་སློབ་དཔོན་མཆོག་དང་རྒྱལ་སྤྱིའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྱི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ངག་དབང་འཆི་མེད་ལགས་དང་། སུད་སི་བོད་ཀྱི་ལྷ་ས་བུའི་མཐུན་གྲོགས་ཚོགས་པའི་ཚོགས་གཙོ་ཟམ་གདོང་བྱམས་པ་ཚེ་རིང་ལགས་གཉིས་ནས་མཎྜལ་ཚོམ་བུ་འདེགས་འབུལ་གྱིས་གསོལ་འདེབས་མཎྜལ་ཕུལ་བ་དང་། དབུ་བཞུགས་རྡོར་སློབ་མཆོག་ནས་ཞལ་འདོན་ཚིག་བསྟུན་སྐུ་གསུང་ཐུགས་རྟེན་དང་། ཚེ་བུམ་སོགས་བཀྲ་ཤིས་རྟགས་བརྒྱད་དང་རྫས་བརྒྱད་བཅས་རིམ་པར་ཕུལ་ཏེ་རྡོར་སློབ་གཙོས་བརྟན་བཞུགས་གོ་སྒྲིག་པ་མི་གྲངས་ ༡༦ གིས་མཇལ་ཁ་ཞུས།
![]()
མཐར་ཚོགས་པ་གཉིས་ཀྱི་ཚོགས་གཞོན་ངག་དབང་གསང་གྲོལ་ལགས་དང་། སྤེན་པ་གྲོང་གསར་ལགས་གཉིས་ནས་གཏང་རག་མཎྜལ་འདེགས་འབུལ་དང་། ཚོགས་པ་གཉིས་ཀྱི་ཚོགས་མི་བགྲེས་པ་དང་གོ་སྒྲིག་པ་མི་གྲངས་ ༢༠ མཇལ་ཁ་ཞུས་རྗེས་རྒྱལ་སྤྱིའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཐུན་མོང་ནས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་དང་། ཐུགས་བསྐྱེད་རྣམ་བཞིས་མཚོན་པའི་མཛད་ཐང་བཅས་འབུལ་ལམ་དང་། གཟེངས་རྟགས་ཀྱི་མཚོན་དོན་སྙན་སྒྲོན། བོད་ཀྱི་གདུང་དབྱངས་གསོལ་འདེབས་སྙན་སྒྲོན་བཅས་ཞུས་རྗེས། ཉི་གཞོན་འཆར་ཀ་མ་དང་། རིས་མེད་བསྟན་རྒྱས་སྨོན་ལམ། བདེན་ཚིག་སྨོན་ལམ་བཅས་གསུང་འདོན་གྱིས་བརྟན་བཞུགས་ཀྱི་གནང་སྒོ་ལེགས་པར་གྲུབ་པ་དང་། སྤྱན་རྒྱ་སྤོས་སྣེ་དང་བཅས་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད།
![]()










