༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༨ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་མོན་གྷོ་ཌི་རུ་རྟེན་གཞི་བྱས་པའི་བྱེས་ཀྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གིས་གོ་སྒྲིག་ཞུས་པའི་༸སྐུའི་གཅེན་པོ་བཀའ་ཟུར་རྒྱ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་ནས་ལོ་ངོ་གཅིག་འཁོར་བར་རྗེས་དྲན་མཆོད་འབུལ་སྨོན་ལམ་ལ་དབུ་བཞུགས་མཛད་ཡོད་པ་རེད།

དེ་ཡང་ཐོག་མར་སྒོ་མང་ཆོས་གྲྭ་གསར་པའི་ཡང་ཐོག་གི་གཟིམ་ཆུང་ནས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་རིན་པོ་ཆེ་དང་ཕྱག་མཛོད་བགྲེས་པ་སོགས། དེ་བཞིན་བློ་གསལ་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་དང་ཕྱག་མཛོད་སོགས་ལ་གཟིམ་ཆུང་མཇལ་ཁ་བཀའ་དྲིན་སྩལ་རྗེས་ཆོས་གྲྭར་༸སྐུའི་གཅེན་པོ་བཀའ་ཟུར་རྒྱ་ལོ་དོན་གྲུབ་དམ་པ་དགོངས་པ་རྫོགས་ནས་ལོ་ངོ་གཅིག་འཁོར་བར་རྗེས་དྲན་མཆོད་འབུལ་སྨོན་ལམ་ལ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས། དགའ་འབྲས་གཉིས་ཀྱིས་དགེ་འདུན་པ་རྣམ་པས་གཙོས་ཚོགས་མང་ཡོངས་ནས་བཟང་སྤྱོད་སྨོན་ལམ་དང་། བླ་མ་མཆོད་པ་དང་འབྲེལ་བའི་ཚོགས་འཁོར་གསུངས་ནས་རྗེས་དྲན་མཆོད་འབུལ་རྒྱ་ཆེར་གནང་ཡོད།

༸སྐུའི་གཅེན་པོ་ས་དབང་རྒྱ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་ནས་ལོ་ངོ་གཅིག་འཁོར་བའི་རྗེས་དྲན་གྱི་མཆོད་འབུལ་སྨོན་ལམ་འདིར་འབྲས་སྤུངས་ཁྲི་ཚབ་རིན་པོ་ཆེ་མཆོག་དང་སྒོ་མང་མཁན་རིན་པོ་ཆེ། སྒོ་མང་མཁན་ཟུར་རིན་པོ་ཆེ། ཀུན་བདེ་གླིང་རིན་པོ་ཆེ། ལྕང་སྐྱ་རིན་པོ་ཆེ། འོན་རྒྱལ་སྲས་རིན་པོ་ཆེ་སོགས་མཁན་བླ་སྤྲུལ་དགེ་བའི་བཤེས་གཉེན་དང་། དགེ་འདུན་འདུས་མང་གིས་གཙོས་དད་ལྡན་སེར་སྐྱ་བརྒྱད་སྟོང་ལྔ་བརྒྱ་བརྒལ་བ་མཉམ་ཞུགས་གནང་ཡོད།










