༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཀྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཉིན་གྲངས་དྲུག་ཅུར་བཞུགས་ཏེ་མཛད་འཕྲིན་རྒྱ་ཆེར་བསྐྱངས་རྗེས་ཧུབ་ལི་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།

དེ་ཡང་ཞོགས་པ་ཆུ་ཚོད་ ༦།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྒོ་མང་གྲྭ་ཚང་གི་ཆོས་གྲྭ་གསར་པའི་ཡང་ཐོག་གཟིམ་ཆུང་ནས་ཆིབས་ཐོན་གྱིས་ཆོས་གྲྭར་༸ཞབས་སོར་འཁོད་སྐབས་འབྲས་སྤུངས་ཁྲི་ཟུར་རིན་པོ་ཆེ་དཀོན་མཆོག་དཔག་བསམ། སྒོ་མང་མཁན་པོ་རིན་པོ་ཆེ་འཇིགས་མེད་རྒྱ་མཚོ་མཆོག ཀུན་བདེ་གླིང་རིན་པོ་ཆེ། ལྕང་སྐྱ་རིན་པོ་ཆེ། འོན་རྒྱལ་སྲས་སྤྲུལ་སྐུ། གཙོས་གསེར་ཁྲི་རིན་པོ་ཆེ། འབྲས་སྤུངས་ཚོགས་ཆེན་དབུ་མཛད་སོགས་ཀྱིས་ཕེབས་སྐྱེལ་དང་བཅས་ཆིབས་འཁོར་དུ་བཞུགས་ཏེ་ཧུབ་ལི་གནམ་ཐང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཧུབ་ལི་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༸ཞབས་སོར་འཁོད་རྒྱུ།
དེ་ཡང་ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༡༢ ཉིན་མི་གྲངས་ ༨༠༠༠ བརྒལ་བས་ཕེབས་བསུ་དང་བཅས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྱེས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་༸ཞབས་སོར་བདེ་བར་འཁོད་དེ་ཕེབས་སྟོན་མཛད་སྒོར་དབུ་བཞུགས་གནང་ཡོད་པ་དང་། ཕྱི་ལོ་ ༢༠༢༥ ཕྱི་ཟླ་ ༡༢ ཚེས་ ༡༤ ཉིན་རི་བོ་དགེ་ལྡན་པ་སྤྱི་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་བཤེས་ལྷ་རམས་པའི་ཕྱག་ཁྱེར་བཞེས་ནས་ལོ་ ༥༡ འཁོར་བར་རྗེས་དྲན་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་མི་གྲངས་ ༡༡༠༠༠ གི་ཚོགས་མགོན་དུ་དབུ་བཞུགས་མཛད་ཡོད།

དེ་བཞིན་ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༡༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་ཚན་རིག་ཟབ་སྦྱོང་བ་གྲྭ་བཙུན་རྣམས་ཀྱིས་དེང་རབས་ཚན་རིག་གི་ཁོངས་སྐྱེ་དངོས་རིག་པ་དང་། དངོས་ཁམས་རིག་པ་སོགས་ཀྱི་བརྗོད་གཞི་ཁག་ཅིག་བོད་ཀྱི་རྟགས་བསལ་རིགས་ལམ་གྱི་སྒོ་ནས་བརྒལ་བརྟག་གཟིགས་འབུལ་ཞུས་པ་དང་། ཚེས་ ༢༤ ཉིན་བྱེས་ཀྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར་འབྲས་སྤུངས་བླ་སྤྱིའི་ཚོགས་ཆེན་འདུ་ཁང་ཆེན་མོ་རུ་དད་ལྡན་སེར་སྐྱ་ ༡༠༠༠༠ བརྒལ་བ་ཆེད་ཕེབས་ཀྱིས་གསེར་ཁྲིར་མངའ་གསོལ་དང་བརྟན་བཞུགས་བསྟར་འབུལ་ཞུས།
ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༤ ཉིན་གྱི་ཕྱི་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྱེས་ཀྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭ་གསར་པར་ཆིབས་བསྒྱུར་གྱིས་འཇང་དགུན་ཆོས་ཀྱི་རྣམ་འགྲེལ་དམ་བཅའ་ཆེན་མོར་ཕེབས་པའི་དགེ་འདུན་པ་གཙོས་དད་ལྡན་ ༡༡༥༠༠ བརྒལ་བའི་ཚོགས་མགོན་དུ་དབུ་བཞུགས་དང་། ཚེས་ ༥ ཉིན་གྱི་སྔ་དྲོ་སྒོ་མང་གྲྭ་ཚང་གི་ཆོས་གྲྭ་གསར་པར་ཆིབས་བསྒྱུར་གྱིས་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་དབར་གྱི་ཤེས་ཡོན་བརྗེ་ལེན་གྱི་ཚོགས་མི་རྣམས་དང་གྲྭ་ཚང་ཁག་གི་མཁན་པོ་རྣམ་པར་མཇལ་ཁ་སྩལ། ཚེས་ ༡༤ ཉིན་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་དུ་བྱམས་ཆོས་དང་རིགས་ཚོགས་དགུན་ཆོས་ཆེན་མོའི་ཕེབས་པའི་དགེ་འདུན་པ་ ༨༢༦ གི་ཚོགས་མགོན་དུ་ཆིབས་བསྒྱུར་དང་། ཚེས་ ༡༦ ཉིན་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་ལྡི་ལི་བོད་ཁང་གིས་གོ་སྒྲིག་བྱས་པའི་ལམ་རིམ་ལྷག་མཐོང་ཆེན་མོའི་ཟབ་སྦྱོང་འཛིན་གྲྭ་ལ་ཕེབས་པའི་རྒྱལ་ཁབ་ ༢༦ གི་སློབ་གཉེར་བ་ ༢༣༧ གྱིས་གཙོས་དད་ལྡན་བཞི་བརྒྱ་ལྷག་ལ་མཇལ་ཁ་སྩལ། ཚེས་ ༡༨ ཉིན་བྱེས་ཀྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཆོས་གྲྭར་ཆིབས་བསྒྱུར་གྱིས་རྣམ་འགྲེལ་མཚན་ཕུད་དམ་བཅའ་ཆེན་མོར་ཕེབས་པའི་དགེ་འདུན་པ་གཙོས་དད་ལྡན་ ༡༡༥༠༠ བརྒལ་བའི་ཚོགས་མགོན་དུ་དབུ་བཞུགས་གནང་།

ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༢༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྗེ་བླ་མ་ཙོང་ཁ་པའི་གདན་ས་དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གཙུག་ལག་སློབ་གཉེར་ཁང་ཆེན་མོ་སྐལ་བཟང་དགའ་ཚལ་དང་། ༸རྗེ་ཚེ་འཛིན་མའི་སྐུ་བརྙན་ཕི་ཌི་ ༣༥ ཅན་དང་། ༧གོང་ས་༧སྐྱབས་མགོན་རྒྱལ་དབང་བཅུ་བཞི་བ་མཆོག་གི་སྐུ་བརྙན་མཐོང་གྲོལ་རིན་པོ་ཆེ་ཕི་ཌི་ ༢༥ ཅན་གསར་བཞེངས་ཀྱིས་སློབ་གཉེར་ཁང་རྟེན་དང་བརྟེན་པ་ལེགས་པར་གྲུབ་པ་དབུ་འབྱེད་དང་རབ་གནས་ཀྱི་བྱིན་རླབས་མཛད་པ་དང་། དེ་བཞིན་བྱེས་ཀྱི་ཆོས་སྡེ་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དང་། མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཐུན་མོང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དགའ་ལྡན་བླ་སྤྱིའི་ཚོགས་ཆེན་འདུ་ཁང་ཆེན་མོ་རུ་སེར་སྐྱ་མི་མང་ ༡༡༥༠༠ བརྒལ་བས་བརྟན་བཞུགས་བསྟར་འབུལ་ཞུས།
ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༢༥ ནས་ ༢༧ བར་ཉིན་གྲངས་གསུམ་དང་། ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༢༢ ནས་ ༢༥ བར་ཉིན་གྲངས་བཞི་བཅས་ཁྱོན་ཉིན་གྲངས་བདུན་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་། དགེ་འདུན་བཅུ་ཚོགས་ཀྱི་དབུས་སུ། འབྲས་སྤུངས་བློ་གསལ་གླིང་དང་སྒོ་མང་། དགའ་ལྡན་བྱང་རྩེ་དང་ཤར་རྩེ་བཞིས་གཙོས་དགོན་སྡེ་གྲྭ་ཚང་བཅོ་ལྔའི་བསྒྲུབ་བྱ་ ༣༦༩ ལ་ད་ཆོག་ཉེས་མེད་ཕུན་ཚོགས་ཀྱི་སྒོ་ནས་ཚངས་པར་སྤྱོད་པའི་གཙོ་བོ་བསླབ་གཞི་ཡོངས་སུ་རྫོགས་པ་བསྙེན་རྫོགས་ཀྱི་སྡོམ་པ་རྣམ་པར་དག་པ་སྩལ་ཞིང་། ཚེས་ ༢༦ ཉིན་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་དུ་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་སྐབས་བཅུ་དྲུག་པའི་དགེ་བཤེས་ལྷ་རམས་པའི་ཕྱག་འཁྱེར་བཞེས་མཁན་དགེ་འདུན་པ་ ༣༥༤ ལ་མཇལ་ཁ་བཀའ་དྲིན་སྩལ། ཚེས་ ༨ ཉིན་གྱི་སྔ་དྲོ་བྱེས་ཀྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གིས་གོ་སྒྲིག་ཞུས་པའི་༸སྐུའི་གཅེན་པོ་བཀའ་ཟུར་རྒྱ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་ནས་ལོ་ངོ་གཅིག་འཁོར་བར་རྗེས་དྲན་མཆོད་འབུལ་སྨོན་ལམ་ལ་དབུ་བཞུགས་མཛད་ཡོད།

གཞན་ཡང་། དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཉིན་གྲངས་དྲུག་ཅུར་བཞུགས་པའི་རིང་གོང་འཁོད་མཛད་འཕྲིན་ཁག་ལས་གཞན་ཉིན་གྲངས་ ༤༧ རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བ་ ༢༥༨༥ ཕྱི་རྒྱལ་བ་ ༡༤༨༠ བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དད་ལྡན་ ༡༢༡༩༣ བཅས་ཁྱོན་བསྡོམས་ ༡༦༢༥༨ ལ་སྒོ་མང་ཆོས་གྲྭའི་ནང་མཇལ་ཁ་བཀའ་དྲིན་སྩལ་ཡོད།












