༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་གི་ཚོགས་ཁང་དུ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པར་ཕེབས་པའི་ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པ་དང་ཚོགས་བཅར་བ་ཡོངས། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་བཅས་ལ་མཇལ་ཁ་དང་བཀའ་སློབ་སྩལ།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ནས་ཕོ་བྲང་དུ་ཚོགས་ཁང་དུ་ཆིབས་བསྒྱུར་གྱིས་༸ཞབས་སྟེགས་སུ་འཁོད་མཚམས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཟླ་ ༧ ཚེས་ ༢ ཉིན་བཞག་པའི་ཆོས་ཚོགས་ཐེངས་ ༡༥ པའི་གྲོས་ཆོད་སྙན་སྒྲོན་ཞུས་པ་དང་། དེ་རྗེས་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པར་ཕེབས་པའི་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་འཛིན་ཞེ་གསུམ་པ་རིན་པོ་ཆེ་མཆོག་དང་།འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་མཆོག་དང་། ཤར་བྱང་གི་ཆོས་རྗེ་རྣམ་པ་གཉིས། ༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག ༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གི་སྐུ་ཚབ་མཁན་ཆེན་བློ་གྲོས་དོན་ཡོད་མཆོག སྔ་འགྱུར་རྙིང་མའི་སྐུ་ཚབ་༸སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག ༸སྐྱབས་མགོན་འབྲི་གུང་ཆེ་ཚང་རིན་པོ་ཆེ་མཆོག ༸སྐྱབས་མགོན་འབྲུག་པ་རིན་པོ་ཆེའི་སྐུ་ཚབ་མཁན་པོ་ངེས་དོན་བསྟན་འཛིན་རིན་པོ་ཆེ་མཆོག ༸སྐྱབས་རྗེ་སྟག་ལུང་ཞབས་དྲུང་རིན་པོ་ཆེའི་སྐུ་ཚབ་༧སྐྱབས་རྗེ་སྟག་ལུང་མ་སྤྲུལ་རིན་པོ་ཆེ་མཆོག ༸སྐྱབས་རྗེ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག མཚུངས་མེད་བླ་སྤྲུལ་ཆེ་ཁག་རྣམ་པ། ཧི་མཱ་ལ་ཡ་རི་རྒྱུད་ཀྱི་བླ་སྤྲུལ་སྐུ་ཚབ་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། བཙན་བྱོལ་དུ་རྟེན་གཞི་བྱས་པའི་རིས་མེད་བོད་ཀྱི་གདན་ས་ཆེ་ཁག་གི་མཁན་རིན་པོ་ཆེ་རྣམ་པས་དབུས་མཁན་པོ་རྣམ་པ། སྣེ་འཛིན་སློབ་དཔོན། འགན་འཛིན་སྐུ་ཚབ་རྣམ་པ། རིས་མེད་བཙུན་དགོན་ཁག་གི་སྐུ་ཚབ་རྣམ་པ་བཅས་དང་སྐུ་པར་ལྷན་སྒྲོན་མཛད་རྗེས་བཀའ་སློབ་སྩལ་དོན།
ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་འདི་ཙམ་ཕྱིན་པ་རེད། དངོས་གནས་དྲང་གནས་བོད་རྒྱ་ཆེའི་མི་མང་གི་ལྷག་བསམ་དང་སྙིང་སྟོབས་འགྲན་ཟླ་བྲལ་བ་དང་། ངོས་ནས་འདིར་༸རྒྱལ་དབང་གི་མིང་བཟུང་ནས་འདི་ལྟར་ཕྱིན་པ་རེད། དེ་རིང་འདིར་བླ་ཆེན་རྣམ་པའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་རེད། ང་ཚོ་བཙན་བྱོལ་བ་བྱས་ནས་བསྡད་ཡོད་ཀྱང་། ང་ཚོས་ཆོས་དང་རིག་གཞུང་སྲུང་སྐྱོབ་ཧ་ཅང་ཡག་པོ་བྱས་ཡོད་པ་རེད།
ངོས་རང་ལ་མཚོན་ན་ཞོགས་པ་ཡར་ལངས་པ་དང་། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། ཞེས་འདི་སྨོན་ལམ་བརྒྱབ་བསྡད་ཡོད། རང་གཞན་གྱི་དོན་སྒྲུབ་པའི་སྙིང་སྟོབས་གཙོ་བོ་ནི་བྱང་ཆུབ་ཀྱི་སེམས་ཆགས་ཡོད། ང་ཚོ་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པར་བསྡད་པ་རེད། དེ་རིང་འདིར་ཁྱོད་ཚོ་བླ་ཆེན་རྣམ་པ་ཚོས་གཙོས་གྲོས་ཚོགས་ཚོགས་ནས་ཧ་ཅང་བཀའ་དྲིན་ཆེན་པོ་རེད།
ངོས་རང་ཟི་ལིང་ནས་ལྷ་སར་སླེབས་ནས་ཇོ་བོའི་སྐུ་མདུན་དུ་དམ་བཅའ་བཞག་པ་དང་། གང་ལྟར་ང་ཚོ་ཚང་མ་སེམས་ཤུགས་ཆེན་པོ་བྱས་ཏེ་བསྡད་པ་རེད། ང་ཚོ་བོད་ཆོལ་ཁ་གསུམ་གྱི་མི་མང་ཡོངས་རྫོགས་རྡོག་གཅིག་ཏུ་བསྒྲིལ་ནས་ཧ་ཅང་ཡག་པོ་རེད། རྡོག་གཅིག་ལ་སྒྲིལ་བ་དང་། དེའི་མགོ་ངོས་ཀྱིས་ཁྲིད་ཀྱི་ཡོད་པ་རེད། ངོས་ནས་ལྷག་བསམ་དང་སྙིང་སྟོབས་དཔྱིས་ཕྱིན་པ་ཞིག་བྱེད་བཞིན་ཡོད། ཆོས་གྲོགས་རྣམ་པ་ཚོ་ཡིན་ནའང་དངོས་གནས་སངས་རྒྱས་ཀྱི་ལུང་རྟོགས་ཀྱི་བསྟན་པ་འདི་ལ་རྐང་ཆོས་བྱེད་དགེ་འདུན་པ་དང་བླ་སྤྲུལ་ཚོས་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུར་ལས་འགན་གཙོ་བོ་ཆགས་ཡོད། དེར་བརྟེན། ཚང་མས་ཧུར་ཐག་འབད་ཐག་གནང་ཤོག། ཅེས་བཀའ་སློབ་སྩལ་ཡོད།