༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༣ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སཱ་ར་མུ་ལེ་ལི་ (Sarah Mullally) མཆོག་ཀེན་ཊར་བྷ་རི་ (Canterbury) ཡེ་ཤུའི་མཆོད་དཔོན་དུ་བསྐོ་གཞག་བྱུང་བར་དགའ་བསུའི་འཚམས་འདྲི་མཛད་ཡོད།
དེ་ཡང་འཚམས་འཕྲིན་ནང་འཁོད་དོན། དེང་གི་འཆར་འཛམ་གླིང་ནང་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་པ་དེ་ནི་འགྲོ་བ་མིའི་གཞི་རྩའི་རིན་ཐང་ལ་ཚོད་བགམ་བྱེད་པའི་དུས་སྐབས་ཤིག་ཡིན་ཞེས་དང་། ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་ཡིན་པའི་ཆ་ནས་རིན་ཐང་དེ་དག་བསྐྱར་གསོ་དང་མི་མང་ལ་རྒྱ་ཆེ་ས་ནས་དོ་སྣང་ཡོང་བར་བྱ་རྒྱུར་འགན་འཁྲི་དམིགས་བསལ་ཞིག་ཡོད་པ་ཐུགས་ཡིད་ཆེས་ཡོད་པ་བཀའ་སྩལ་བ་མ་ཟད། འཛམ་གླིང་གི་ཆོས་ལུགས་ཆེ་ཁག་ནས་བྱམས་བརྩེ་དང་། བཟོད་སེམས། ཚུལ་ཁྲིམས། ཆོག་ཤེས་བཅས་ཀྱི་བསླབ་བྱ་དང་། དེ་དག་ཉམས་ལེན་བྱེད་ཕྱོགས་ལ་ལམ་སྟོན་གནང་གི་ཡོད་པ་དང་། རིན་ཐང་དེ་དག་ནི་ང་ཚོས་འགྲོ་བ་མིའི་ཡོངས་ལ་དོན་སྙིང་ལྡན་པའི་སྒོ་ནས་མཉམ་སྤྱོད་གནང་ཐུབ་རྒྱུ་ཞིག་ཡིན་པ་བཀའ་སྩལ་འདུག
དེ་བཞིན་མགོན་པོ་གང་ཉིད་མཆོག་གིས། སྐུ་ཉིད་ཨང་གི་ལི་ཀན་ཡི་ཤུའི་ལྷ་ཁང་ (Anglican Church) གི་བུད་མེད་ཀྱི་དབུ་ཁྲིད་ཐོག་མ་དེ་ཆགས་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་དང་། བུད་མེད་རྣམས་གཞན་གི་བདེ་དོན་དང་ལྷག་པར་བྱམས་བརྩེའི་ཐོག་སེམས་ཁུར་ཆེ་བ་ཡོད་པ་ཚན་རིག་གི་དཔང་རྟགས་ཡོད་པར་བརྟེན། གལ་ཏེ་འཛམ་གླིང་འདིའི་ཐོག་བུད་མེད་ཀྱི་དབུ་ཁྲིད་མང་དག་གཅིག་འབྱུང་བ་ཡིན་ན། ཕན་ཚུན་བསམ་ཤེས་དང་ཞི་བདེ་ལྔག་ལྷག་ཡོང་རྒྱུའི་ཡིད་ཆེས་ཡོད་སྐོར་བཀའ་སྩལ་བ་དང་འབྲེལ། སྐུ་ཉིད་ཀེན་ཊར་བྷ་རི་ (Canterbury) ཡེ་ཤུའི་མཆོད་དཔོན་དུ་བསྐོ་གཞག་བྱུང་བ་ནི་རེ་བའི་སྒྲོན་མེ་ཞིག་ཀྱང་ཡིན། ཞེས་དང་།
མཐར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སཱ་ར་མུ་ལེ་ལི་མཆོག་ལ་ཐུགས་སྨོན་མཛད་ཡོད།










