༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༡༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་དུ་འབྲུག་ཡུལ་སོགས་ཀྱི་དད་ལྡན་མཇལ་བཅར་བ་སུམ་བརྒྱ་ལྔ་བཅུ་ཙམ་ལ་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་སྩལ་ཡོད།
![]()
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་མཇལ་སྐབས། རྒྱ་གར་གྱི་འཚེ་མེད་ཞི་བའི་རིག་གཞུང་དེ་ཧ་ཅང་རྩ་ཆེན་པོ་ཡིན་པར་བཀའ་སྩལ་ཡོད་པ་དང་། མཇལ་བཅར་བ་ཞིག་གི་བཀའ་འདྲི་དང་འབྲེལ་སྐྱེས་ཙམ་ནས་ཨ་མའི་བརྩེ་བ་ཞིག་ཡོད་པ་དེ་རྒྱ་ཆེ་ས་ནས་སྒོམ་ཐུབ་ན་ཧ་ཅང་ཡག་པོ་ཡོད་པ་རེད། ངོས་རང་ཡང་ཞོགས་པ་གཉིད་སད་པ་དང་བརྩེ་བ་སྒོམ་བཞིན་ཡོད། ང་ཚོས་འཕགས་པ་སྤྱན་རས་གཟིགས་ཟེར་གྱི་ཡོད། སྤྱན་རས་གཟིགས་ནི་སྙིང་རྗེའི་ལྷ་རེད། ངོས་ཀྱི་བསམ་བློའི་ནང་དུ་སྤྱན་རས་གཟིགས་རང་གི་སྤྱི་བོར་ཡོད་བསམ་ནས་སྡོད་ཀྱིི་ཡོད། ཅེས་བཀའ་སློབ་སྩལ་རྗེས་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་དེབ་ཕྲེང་གཉིས་པ་དང་བཞི་པ་ཨིན་བསྒྱུར་ཞུ་མཁན་ཕྱི་རྒྱལ་བ་བདེ་ཆེན་ལགས་ཀྱིས་མཇལ་ཁ་དང་། སྙིང་རྗེ་ཤུགས་ཆེ་རུ་སྐྱེས་ཐུབ་པའི་ཐུགས་སྨོན་སྐྱབས་འཇུག་ཞུས།
དེ་ནས་ཨི་ཊ་ལི་དང་ཐའེ་ཝན། ཨོ་སི་ཊི་ལི་ཡ། ཝེད་ནམ། སོག་ཡུལ་སོགས་ཡུལ་ལུང་འདྲ་མིན་ནས་ཆེད་དུ་ཕེབས་པའི་མཇལ་བཅར་བ་རྣམས་ལ་རིམ་པར་མཇལ་ཁ་སྩལ་བ་དང་། ཟླ་འདིའི་ཚེས་ ༥ ནས་ ༩ བར་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་ ༩ པའི་ཚོགས་བཅར་བ་རྣམས་ནས་མཇལ་ཁ་ཞུས་པར་བཀའ་སློབ་སྩལ་དོན། གཞུང་ཆེན་མོར་སློབ་གཉེར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོའི་བོད་ལ་བཀའ་པོད་ལྔ་ཞེས་ཕར་ཕྱིན། དབུ་མ་སོགས་གཞུང་ཆེན་ལ་བལྟས་ཏེ་བསམ་བློའི་ནང་བང་སྒྲིག་ནས་ཡོང་སྐབས་གཞན་དང་མི་འདྲ་བ་ཞིག་རེད། ངོས་རང་ཡང་ཆུང་ཆུང་སྐབས་སུ་ཕར་ཕྱིན་ནས་བཟུང་བལྟས་པ་ཡིན། ཞེས་དང་།
འབྲུག་ནས་དད་ལྡན་ ༣༠ པའི་ཁྲོད་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་ཀྱིས་ལོ་ཉི་ཤུར་སློབ་གཉེར་གནང་བའི་དགེ་བཤེས་ཤིག་གིས་ཚེ་རབས་རྗེས་འཛིན་གྱི་གསོལ་འདེབས་དང་༸སྐུ་ཚེ་ཞབས་པད་བརྟན་པའི་སྨོན་ལམ་ཞུས་མཚམས་༸གོང་ས་མཆོག་གིས་དགེ་བཤེས་ལགས་ཀྱིས་གཞུང་བཀའ་པོད་ལྔ་རེ་རེར་གཟིགས་ཡོད་མེད་བཀའ་འདྲི་དང་འབྲེལ་གཞི་གསུམ་གྱི་ཆོ་ག་འདུལ་བ་ནི་ཧ་ཅང་གལ་ཆེན་པོ་ཡིན་པར་བཀའ་སྩལ་བ་དང་། འབྲུག་ཡུལ་ནས་ཆེད་དུ་མཇལ་ཁར་ཕེབས་པའི་དད་ལྡན་རྣམས་ཀྱིས་རང་ལུགས་གླུའི་མཆོད་པ་ཕུལ། གཞན་ཡང་། མཇལ་བཅར་བའི་ཁྲོད་ཀྱི་བྱིས་པ་གཉིས་ཀྱིས་ཨ་ཧྥུ་རི་ཀར་སྐྱེས་པའི་ལོ་སུམ་སྟོང་གི་ལོ་རྒྱུས་ཡོད་པའི་དཔག་བསམ་ཤིང་གི་འདྲ་པར་སྤྱན་འབུལ་དང་། དཔག་བསམ་ཤིང་གི་སོན་ཕུལ་ཏེ་མགོན་པོ་མཆོག་གི་༸སྐུ་ཚེ་ཞབས་པད་བརྟན་པའི་གསོལ་འདེབས་ཞུས་ཡོད།










