༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༡༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བལ་ཡུལ་སོགས་ཡུལ་ལུང་འདྲ་མིན་གྱི་དད་ལྡན་མཇལ་བཅར་བ་སུམ་བརྒྱ་ལྷག་ལ་མཇལ་ཁ་སྩལ་ཡོད་པ་རེད།
![]()
དེ་སྔ་རཱ་ཇུ་སི་ཐན་དུ་གདན་འདྲེན་ཞུ་མཁན་ཞིག་གིས་མཇལ་ཁ་ཞུས་པར་བཀའ་སློབ་སྩལ་དོན། ནང་པའི་ཆོས་ནི་ཆོས་རྐྱང་པ་ཞིག་མ་ཡིན་པར་བསམ་བློའི་འགྲོ་སྟངས་ཤིག་རེད། ཆོས་བྱས་ཏེ་དཀོན་མཆོག་ལ་བསམ་བློ་གཏོང་རྒྱུ་མེད། གང་ལྟར་སོ་སོའི་སེམས་ལ་ཚོད་འཛིན་བྱས་ཏེ་སེམས་ཀྱི་ཞི་བདེ་བཟོ་རྒྱུ་ཞིག་རེད། ངོས་རང་ཞོགས་པ་ཡར་ལངས་པ་དང་སེམས་ལ་བརྟག་དཔྱད་ཀྱིས་སེམས་ཀྱི་ཞི་བདེ་བཟོ་བཞིན་ཡོད། ཅེས་དང་། རཱ་ཤཱི་ཡ་ནས་ཕེབས་པའི་དད་ལྡན་བཅར་བ་ཞིག་གིས་དྲན་པ་ཉེར་བཞག་སྒོམ་གྱི་ཡོད་ཀྱང་། ག་དུས་ཡིན་ཡང་སེམས་ལྷིང་འཇགས་པོར་གནས་ཀྱི་མི་འདུག་ཅེས་སྙན་སེང་ཞུས་པར། མགོན་པོ་མཆོག་གིས་སེམས་ལ་གོམས་འདྲིས་མེད་ན་ག་ལེར་གོམས་ཡོང་གི་རེད། དཔེར་ན། ངོས་ལ་ཆ་བཞག་ནའང་མ་གོམས་བར་དུ་ཁག་པོ་འདུག ཉིན་རེ་བཞིན་དུ་གོམས་ཡོང་དུས་སེམས་ལ་འདྲིས་ཆ་ཡོང་གི་རེད། ཅེས་དང་།
ཧྥ་རན་སི་ནས་ཕེབས་པའི་མཇལ་བཅར་བ་ཞིག་གིས་ལོ་བཅུ་དྲུག་ཡས་མས་ཀྱི་སློབ་ཕྲུག་ཚོས་སློབ་གྲྭའི་ནང་དུ་ཚིག་ངན་བེད་སྤྱོད་གཏོང་གི་འདུག་པས་དེ་ལ་ཐབས་ཤེས་གང་བྱེད་དགོས་སམ། ཞེས་བཀའ་འདྲི་ཞུས་པར། ཚིག་རྩུབ་པོ་བྱུང་ནའང་སེམས་ཞི་བདེའི་ངང་ཡོད་ན་འགྲིག་གི་འདུག ངག་འཇམ་པོ་ཡིན་ནའང་སེམས་རྩུབ་པོ་ཡིན་ན་ཡག་པོ་མེད། སེམས་འཇམཔ་དེ་གལ་ཆེན་པོ་ཡིན། ཞེས་བཀའ་སྩལ་བ་དང་། མཐར་བོད་རིགས་བྱིས་པ་གཉིས་ཀྱིས་མགོན་པོ་གང་ཉིད་མཆོག་གི་༸སྐུ་ཚེ་ཞབས་པད་བརྟན་པའི་སྨོན་ལམ་གསོལ་འདེབས་ཞུས་ཏེ། རཱ་ཤཱི་ཡ། ཧྥ་རན་སི། ཉི་ཧོང་། ཐའེ་ལན། ཨ་རི། ཨུ་རུ་སུ། བལ་ཡུལ། འབྲུག ཧི་མ་ལ་ཡའི་རི་རྒྱུད་བཅས་ནས་ཕེབས་པའི་དད་ལྡན་མཇལ་བཅར་བ་སུམ་བརྒྱ་བརྒལ་བར་མཇལ་ཁ་གནང་སྒོ་ལེགས་པར་གྲུབ་ཡོད།










