༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་པ་དང་ཧི་མ་ལ་ཡའི་རི་རྒྱུད་སོགས་ཀྱི་དད་མཇལ་བ་སུམ་བརྒྱ་ཉི་ཤུ་ལ་མཇལ་ཁ་སྩལ་ཡོད་པ་རེད།
![]()
དེ་ཡང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་སླེབས་པའི་དད་ལྡན་མཇལ་བཅར་བ་སོགས་ལ་མཇལ་ཁ་རིམ་པར་གནང་མཚམས་བལ་ཡུལ་ནས་ཕེབས་པའི་དགེ་འདུན་པ་ཞིག་གིས་བལ་ཡུལ་དུ་ཆོས་བཤད་བཞིན་ཡོད་པས་ཆོས་བཤད་པར་ཀུན་སློང་ཅི་འདྲ་ཞིག་འཁྱེར་དགོས་སྐོར་བཀའ་འདྲི་ཞུས་པར། མགོན་པོ་མཆོག་གིས། ཀུན་སློང་ལ་གཞན་ཕན་བྱང་ཆུབ་ཀྱི་སེམས་དགོས། ཀུན་སློང་གཙོ་བོ་དེ་རེད། སོ་སོའི་མིང་གི་དོན་དག་ལ་བསམ་བློ་བཏང་ན་ནོར་འཁྲུལ་རེད། ཆོས་བཤད་སའི་ཡུལ་ལ་བརྩེ་བའི་བློ་ཡིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་ངས་སྒྲུབ་བཞིན་ཡོད་བསམ་པ་ཞིག་བྱེད་ན་འགྲིག་གི་ཡོད། ཅེས་བཀའ་སྩལ་བ་དང་།
གཞན་ཡང་། བལ་ཡུལ་ནས་སླེབས་པའི་དད་ལྡན་མཇལ་བཅར་བ་ཞིག་གིས་སྨོན་ལམ་སོགས་ཞལ་འདོན་གྱི་རིགས་བལ་ཡུལ་གྱི་སྐད་ཡིག་ཐོག་ནས་བཏོན་ན་བོད་སྐད་ཐོག་བཏོན་པ་དང་འདྲ་བར་བྱིན་རླབས་གཅིག་མཚུངས་ཡིན་ནམ་ཞེས་བཀའ་འདྲི་ཞུས་པར། དེ་འགྲིག་གི་རེད། བྱིན་རླབས་གཅིག་པ་རེད། ང་ཚོའི་བོད་སྐད་ནང་དུ་ཡོད་པ་དེའང་སྔ་མོ་ལེགས་སྦྱར་ནང་རེད། ཅེས་བཀའ་གནང་བར་བལ་ཡུལ་གྱི་སྐད་ཡིག་ནང་གཟུངས་འདུས་འགྱུར་ཡོད་པས་མ་འོངས་པར་དེ་འདོན་རྒྱུ་ཡིན་ཞེས་༸སྙན་སེང་ཞུས།
དེ་ནས་གཞོན་ནུ་མ་ཞིག་གིས་སེམས་ཀྱི་ཞི་བདེའི་སྐོར་ལ་བཀའ་འདྲི་ཞུས་པར། སེམས་པ་བཟང་པོ་བྱེད་པ་ལ་མི་རིགས་ཀྱི་དབྱེ་བ་གང་ཡང་མེད། སོ་སོའི་ཆོས་དད་དང་སྦྲེལ་ནས་ཡོང་ན། དཔེར་ན། ཁ་ཆེའི་ཆོས་དང་ཧིན་དྷུའི་ཆོས་ལྟ་བུ་གཙོ་བོར་བྱས་ཏེ་བཤད་ཡོང་དུས་ཅུང་ཙམ་ཕྱོགས་སུ་གནས་པ་ཆགས་པ་རེད། གང་ལྟར་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་མིའི་དབང་པོ་ལྔའི་འགྲོ་སྟངས་གཅིག་པ་ཡིན་པའི་ཐོག་ནས་བྱམས་པ་སྒོམ་ན་གཅིག་མཚུངས་རེད། ཅེས་བཀའ་སློབ་སྩལ་ཡོད།










