༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༡༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་དུ་ཨུ་རུ་སུའི་མངའ་ཁོངས་སུ་ཡོད་པའི་ཐུ་ཝ་སྤྱི་མཐུན་རྒྱལ་ཁབ་ (Republic of Tuva)ཀྱི་ཚོགས་གཙོ་གཞོན་པ་(Deputy Chairman of the Republic of Tuva)མཆོག་སུམ་ཆའེ་ལྷུན་(Choksum Chechen)ལགས་དང་ཁོང་གི་ནང་མིས་གཙོས་དད་ལྡན་བརྒྱ་ཕྲག་གསུམ་བརྒལ་བར་མཇལ་ཁ་སྩལ་ཡོད་པ་རེད།
![]()
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་མཇལ་བཅར་བ་རྣམས་ལ་མཇལ་ཁ་བཀའ་དྲིན་སྩལ་བའི་སྐབས་སུ་མཇལ་ཁ་ཞུ་མཁན་བུད་མེད་ཅིག་གིས། ང་ལ་མི་ཚེའི་ནང་དགོས་པ་ཚང་མ་ཚང་ཡོད་ཀྱང་སེམས་ལ་ཞི་བདེ་ཡོང་གི་མི་འདུག ཞི་བདེ་ཡོང་བར་ཅི་ཞིག་བྱེད་དགོས། སྒོམ་རྒྱབ་ན་ཞི་བདེ་ཡོང་བར་ཕན་ནམ། ཞེས་བཀའ་འདྲི་ཞུས་པར།
![]()
མགོན་པོ་པོ་གང་ཉིད་མཆོག་གིས། རྒྱ་ཆེ་ས་ནས་བལྟས་པ་ཡིན་ན་ཞི་བདེ་ཡོང་གི་རེད། སྦུ་སུག་དོག་པོའི་བསམ་བློ་འཁོར་བ་ཡིན་ན་ཞི་བདེ་ཡོང་རྒྱུ་ཁག་པོ་རེད། དཔེར་ན། ངོས་རང་ལ་མཚོན་ན་ཁོར་ཡུག་ཡོངས་རྫོགས་ལ་ཞི་བདེའི་བསམ་བློ་འཁོར་སྐབས་སེམས་ལ་ཞི་བདེ་ཡོང་གི་འདུག སྒོམ་ནི་སེམས་ཀྱི་ཞི་བདེ་བཟོ་བ་ཞིག་རེད་མ་གཏོགས་གྲོང་ངེར་སྡོད་པ་གཅིག་པུ་མ་རེད། ཞོགས་པ་འཆར་ཅན་ངོས་ཀྱིས་སྒོམ་རྒྱག་བཞིན་ཡོད་ལ་དེས་དངོས་གནས་སེམས་ལ་ཞི་བདེ་བསྐྲུན་བཞིན་འདུག ཅེས་བཀའ་སྩལ་བ་དང་།
![]()
གཞན་ཡང་། དད་ལྡན་མཇལ་བཅར་བ་གཞན་ཞིག་གིས་མི་ཚེའི་ནང་དོན་སྙིང་ཆེ་ཤོས་གང་ཆགས་ཡོད་དམ། ཞེས་བཀའ་འདྲི་ཞུས་པར། མི་ཚེའི་སྙིང་དོན་ཆེ་ཤོས་ནི་བདེ་སྐྱིད་ཡིན། མའི་མངལ་ལས་སྐྱེས་པ་ནས་བཟུང་བདེ་བ་འདོད་པ་ཤ་སྟག་ཡིན། ལོ་ཡར་རྒས་ནའང་བདེ་བ་འདོད་ཀྱི་ཡོད། ངོས་རང་ལ་མཚོན་ན་ལོ་ ༩༡ ཟིན་ཡོད་ལ་བདེ་བ་འདོད་པ་རེད། ངོས་ཀྱིས་བདེ་བ་འདོད་པ་ཞེས་པ་གདོང་ནས་ཤེས་ཀྱི་མི་འདུག་གམ། ངོས་རང་གདོང་གནག་ནས་བསྡད་མེད། ཅེས་བཞད་མོ་དང་སྦྲགས་བཀའ་སློབ་སྩལ་བ་དང་། རྒྱ་གར་གྱི་གཞོན་སྐྱེས་ཤིག་གིས་མི་ཚེའི་ནང་མི་ལ་ཕན་ཐོགས་པར་ཐབས་ཤེས་བྱེད་བཞིན་ཡོད། དེ་ལ་གལ་ཆེ་ཤོས་གང་ཡིན་ནམ། ཞེས་བཀའ་འདྲི་ཞུས་པར་མགོན་པོ་མཆོག་གིས། བརྩེ་བ་ཡིན། བརྩེ་བ་ཡོད་ན་གཞན་ལ་རོགས་བྱེད་པ་ཡོང་བ་དང་། བརྩེ་བ་མེད་པར་སོ་སོ་གཅིག་པུར་བསམ་བློ་བཏང་ནས་བསྡད་ཚེ་གཞན་ལ་ཕན་ཐོགས་མི་ཐུབ་པ་མ་ཟད། ཐག་རིང་པོ་ཆགས་ཀྱི་རེད། ཅེས་བཀའ་སྩལ།
![]()
མདོར་ན་མགོན་པོ་མཆོག་གིས་ཞོགས་པ་ཆུ་ཚོད་དགུ་པ་ནས་ཆུ་ཚོད་གཅིག་ལྷག་གི་རིང་ལ་ཨུ་རུ་སུ་དང་ཡུ་ཁུ་རན། འཇར་མན། ཨི་ཌ་ལི། ཨོ་སི་ཌི་ལི་ཡ། སུ་ཝེ་ཌན། རྒྱ་གར་གྱི་ཡུལ་མི་སོགས་རྒྱལ་ཁབ་བཅུ་ཕྲག་ནས་ཕེབས་པའི་མཇལ་བཅར་བ་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་མཇལ་ཁ་བཀའ་དྲིན་སྩལ་ཡོད།










