༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་དུ་སོག་རིགས་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མཇལ་བཅར་བ་སོགས་དད་ལྡན་སུམ་བརྒྱ་དྲུག་ཅུ་བརྒལ་བར་མཇལ་ཁ་སྩལ་ཡོད་པ་རེད།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་ལྟར་འཛམ་གླིང་ཡུལ་གྲུ་གང་ས་ནས་ཕེབས་པའི་དད་ལྡན་མཇལ་བཅར་བ་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་མཇལ་ཁ་དང་། སྐྱིད་སྡུག་སྣ་ཚོགས་པའི་མི་མང་ལ་ཐུགས་བརྩེ་བ་ཆེན་པོས་རྗེས་འཛིན་གནང་བཞིན་པ་ལྟར། དེ་རིང་སོག་རིགས་ཀྱི་མཇལ་བཅར་བ་ཞིག་ཞིས་གསོལ་འདེབས་ཞུས་ངོར་བཀའ་སློབ་སྩལ་དོན།
རྗེ་བཙུན་འཇམ་པའི་དབྱངས་ལ་དུས་རྒྱུན་དུ་གསོལ་བ་བཏབ་ཡིན། ངོས་ལ་རིག་པ་ཨོའུ་ཙམ་ཡོད་པ་འདི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་བྱིན་རླབས་རེད། ངོས་ཀྱི་ཤེས་རབ་འདི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་བྱིན་རླབས་དང་འབྲེལ་བ་ཡོད་པ་རེད། ངོས་ཀྱི་མི་ཚེ་འདིར་བོད་རིགས་ཙམ་མ་ཡིན་པར་འགྲོ་བ་མི་ཚང་མར་ཞབས་འདེགས་སྒྲུབ་བསམ་པའི་སྨོན་ལམ་རྒྱག་བཞིན་ཡོད། ཅེས་བཀའ་སློབ་སྩལ་རྗེས་རིགས་གསུམ་མགོན་པོའི་གཟུངས་སྔགས་ཀྱི་བཟླས་ལུང་བཀའ་དྲིན་སྩལ།
གཞན་ཡང་། མཇལ་ཁའི་སྐབས་སུ་གཞོན་སྐྱེས་ཤིག་གིས་ཐེངས་གཉིས་ལ་རང་ཤི་རྒྱག་གྲབས་བྱས་པ་སོགས་སེམས་ཁམས་ཀྱི་དཀའ་ངལ་ཧ་ཅང་འཕྲད་བཞིན་པ་༸སྙན་སེང་དང་འབྲེལ་ཐུགས་སྨོན་སྐྱབས་འཇུག་ཞུས་པར་བཀའ་སློབ་སྩལ་དོན། ང་རང་ཚོས་ཆེ་ས་ལ་བསམ་བློ་བཏང་ན་འཛམ་གླིང་གི་སེམས་ཅན་མང་པོ་ཞིག་དཀའ་ངལ་ནང་དུ་ཡོད་པ་རེད། ང་ཚོ་བོད་རིགས་ལ་མཚོན་ན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ། འཕགས་པ་སྤྱན་རས་གཟིགས་ཞེས་དུས་རྟག་ཏུ་དྲན་སྡོད་པ་ཞིག་ཡོད། དེ་ནི་ཏོག་ཙམ་གཞན་དང་མ་འདྲ་བ་ཞིག་ཆགས་ཀྱི་ཡོད་པ་རེད། ཅེས་བཀའ་སློབ་སྩལ་བ་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་དད་ལྡན་མཇལ་བཅར་བའི་ཁྲོད་དུ་གཞོན་ནུ་མ་ཁག་ཅིག་གིས་ཁ་བཏགས་དཀར་པོ་འབུལ་ཞེས་པའི་གསུང་གཞས་གཟིགས་འབུལ་ཞུས།
ལོ་ཉེར་ལྔར་ཟིན་པའི་ཕོ་གསར་ཞིག་གིས་ལོ་ཀེག་ལ་འཁེལ་ཡོད་པས་ཐུགས་སྨོན་གནང་སྐྱབས་འཇུག་ཞུས་པར། དེ་བསམ་བློ་གཏོང་སྟངས་ཤིག་རེད། ལྟས་ངན་གྲོགས་སུ་འཁྱེར་ཟེར་བ་རེད། སྤྱིར་བཏང་ཀེག་ཅེས་བརྩི་བཞིན་ཡོད་ཀྱང་དེ་ནི་དགེ་བ་སྒྲུབ་པའི་སྐུལ་མ་ལ་འགྲོ་གི་རེད། ཚེ་ཡི་ཉེན་ཁ་ཞིག་ཡོད་པའི་དབང་དུ་བཏང་ན་དེའི་ཚོད་ཀྱིས་མ་ཎི་བསག་པ་ལྟ་བུ་དང་། དཔལ་ལྡན་ལྷ་མོའི་བྷྱོ༔བདུན་མ་བསག་པ་ལྟ་བུ་བྱས་ན་རྐྱེན་ངན་གྲོགས་ལ་ཤར་ནས་ཡག་པོ་ཡོང་གི་རེད། ཅེས་དང་། གཞན་ཡང་། མཇལ་བཅར་བ་ཞིག་ལ། རང་གི་སྤྱི་བོར་འཕགས་པ་སྤྱན་རས་གཟིགས་ཡོད་བསམ་པ་བྱོས། མཁྱེན་སོང་ངམ། ངོས་རང་སྤྱན་རས་གཟིགས་ཀྱི་མདུན་དུ་ཡོད་བསམ་པ་བྱོས། སོ་སོའི་བློ་འཁེལ་སར་འཕགས་པ་སྤྱན་རས་གཟིགས་དང་དེའི་མདུན་དུ་ངོས་རང་ཡོད་པར་བསམ་བློ་ཐོངས་དང་བློ་ཏོག་ཙམ་བདེ་བོ་ཆགས་ཀྱི་རེད། མ་ཎི་ཡིག་དྲུག་དང་སྒྲོལ་མའི་གཟུངས་བགྲོངས། ཞེས་བཀའ་སློབ་སྩལ་བ་དང་། མཐར་དགའ་ལྡན་ཕོ་བྲང་ཡིག་ཚང་གི་ལས་གཞི་པཱ་ལིའི་སྐད་ཐོག་ཡོད་པའི་ནང་པའི་གཞུང་རྣམས་བོད་ཡིག་ཏུ་བསྒྱུར་ཏེ་དེབ་དགུ་པར་བསྐྲུན་ཞུས་པའི་པར་ཕུད་གཟིགས་འབུལ་ཞུས་ཡོད།










