༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་དུ་རྡ་ས་མདོ་སྟོད་ཆོལ་ཁའི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་སོགས་ཡུལ་ལུང་འདྲ་མིན་གྱི་དད་ལྡན་མཇལ་བ་སུམ་བརྒྱ་དྲུག་ཅུ་བརྒལ་བར་མཇལ་ཁ་སྩལ་ཡོད་པ་རེད།
![]()
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་གཟིམ་ཆུང་ནས་མཇལ་འཕྲད་ཁང་གི་མདུན་ཐང་དུ་ཆིབས་བསྒྱུར་གྱིས་ཐོག་མར་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པ་དང་། རྒྱ་གར་བ་སོགས་ལ་མཇལ་ཁ་མགོ་འཛུགས་ཀྱིས་རིམ་པར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དད་ལྡན་མི་མང་དང་། དེ་བཞིན་རྡ་ས་མདོ་སྟོད་ཆོལ་ཁའི་དབུས་རྒྱུན་གྱི་བརྟན་བཞུགས་འབུལ་མཁན་མི་མང་དང་གློ་སྒྲིག་བདེ་དོན་ཚོགས་པའི་མི་མང་བཅས་ལ་མཇལ་ཁ་རིམ་པར་སྩལ་ཡོད།
![]()
སྐབས་དེར་རྒྱ་གར་བ་ཞིག་གིས་རང་ཉིད་ལ་མཚམས་དང་མཚམས་སུ་ཞེད་སྣང་ཡོང་གི་འདུག་པས་དེ་མེད་པར་བཟོ་ཐབས་ལ་བཀའ་སློབ་ཅིག་གནང་རོགས་ཞུས་པར་མགོན་པོ་མཆོག་གིས། བསམ་བློ་རྒྱ་ཆེ་ས་ནས་བཏང་ན་སེམས་པ་ལྷོད་ལྷོད་ཆགས་ཀྱི་རེད། སྣེ་གཅིག་ལ་སྦུ་སུག་དོག་པོའི་བསམ་བློ་བཏང་ནས་བསྡད་ཚེ་སེམས་མ་སྐྱིད་པོ་བྱེད་ཀྱི་ཡོད། ང་ཚོས་སེམས་ཅན་ཐམས་ཅད་ཟེར་དུས་སོ་སོ་གཅིག་པུའི་བསམ་བློ་མ་རེད། རྒྱ་ཆེ་ས་ནས་བསམ་བློ་བཏང་ནས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག། སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག། ཅེས་བསམ་བློ་ཧ་ཅང་རྒྱ་ཆེན་པོ་རེད། སེམས་ཅན་གཅིག་གི་སྡུག་བསྔལ་སེལ་བའི་སྐད་ཆ་མིན་པར་སེམས་ཅན་མཐའ་དག་གི་སྡུག་བསྔལ་རྒྱུན་དང་བཅས་པ་བྲལ་བར་བྱའོ་སོམས། ངོས་རང་འདིར་མི་གཅིག་ཡིན་ཡང་བསམ་བློའི་ནང་དུ་སེམས་ཅན་ཐམས་ཅད་ཀྱི་འཁུར་འཁྱེར་ནས་བསྡད་ཡོད། ཅེས་བཀའ་སློབ་སྩལ་བ་དང་།
![]()
བྱང་ཆུབ་སེམས་ཀྱི་སྐོར་ལ་གློག་བརྙན་བཟོ་མཁན་ཞིག་གིས་མཇལ་ཁ་དང་འབྲེལ་ཐུགས་སྨོན་ཞུས་པར། བྱང་ཆུབ་ཀྱི་སེམས་ཟེར་བ་ནི་དངོས་ཐོག་བདེན་འཚོལ་རེད། གང་ལྟར་ནམ་མཁའི་མཐར་གཏུགས་པའི་སེམས་ཅན་གྱི་སྡུག་བསྡུལ་ག་ཚོད་སེལ་ཐུབ་པ་ཞིག་ངས་བྱེད་རྒྱུ་ཡིན་ཟེར་བ་རེད། བྱེད་མ་ཐུབ་པ་ལ་སྨོན་ལམ་བརྒྱབ་ནས་སྡོད་པ་ལས་གཞན་མེད། ཅེས་དང་།
![]()
སེམས་ཁམས་རིག་པའི་སྐོར་ལ་ནང་པའི་གཞུང་ཧ་ཅང་ཞིབ་ཚགས་པོ་དང་འབེལ་བོ་རེད། ཚན་རིག་པ་ནང་བསམ་བློའི་སྐོར་ལ་དོ་སྣང་ཡོད་མཁན་ཚོ་ངོས་ལ་ཐུག་འཕྲད་དུ་སླེབས་ནས་གོ་བསྡུར་བྱེད་ཀྱི་འདུག ངོས་ཀྱིས་རྣམ་རྟོག་འདྲ་མིན་དང་ཆོས་ཀྱི་དད་པ་སྣ་ཚོགས་ཐོག་ནས་བཤད་ཀྱི་མེད། བརྟག་དཔྱད་བྱས་པའི་གྲུབ་འབྲས་ཀྱི་བློས་འཁྱེར་སོ་དང་ཀླད་པའི་འགྲོ་སྟངས་བཅས་གལ་ཆེན་པོ་འདུག ཅེས་བཀའ་སློབ་སྩལ་ཡོད།










