༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༢ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྡ་ས་མདོ་སྟོད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་བལ་ཡུལ་སྤོག་ར་གློ་སྒྲིག་བདེ་དོན་ཚོགས་པ་གཉིས་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
![]()
དེ་ཡང་རྣམ་གྲྭ་མཁན་རིན་པོ་ཆེ་བློ་བཟང་བསམ་གཏན་མཆོག་དབུ་བཞུགས་ཀྱིས་རྣམ་རྒྱལ་གྲྭ་ཚང་གི་གསུང་ཞབས་དང་། བསྙེན་མཚམས་པ་སོགས་དགེ་བཙུན་རྣམས་ནས་སྒྲོལ་དཀར་ཚེ་སྒྲུབ་ཀྱི་ཆོ་གའི་སྒོ་ནས་སྒྲུབ་ཞག་ཉིན་གསུམ་སྔོན་བཏང་གིས། དེ་རིང་སྐུའི་ཚེ་སྒྲུབ་ཀྱི་ཆོ་ག་གྲུབ་པ་དང་། སྔ་དྲོའི་ཆུ་ཚོད་༨།༡༥ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བརྟན་བཞུགས་ཀྱི་མཛད་སྒོར་ཆེད་ཕེབས་ཀྱིས་ཕོ་བྲང་གཟིམ་ཆུང་ནས་རྒྱལ་སྒོ་རུ་ཆིབས་བསྒྱུར་སྐབས་ཚོགས་པ་གཉིས་ཀྱི་འགན་ཡོད་མི་སྣས་ཕེབས་བསུ་དང་། ཕེབས་ལམ་གཡས་གཡོན་གཉིས་སུ་ཡུལ་ལུང་གི་ཆོས་གོས་སྤྲས་པའི་ན་གཞོན་རྣམས་ནས་རུ་སྒྲིག་གིས་ཕེབས་བསུ་གཟབ་རྒྱས་དང་། རྣམ་གྲྭས་སྤྱན་རྒྱ་དང་སྤོས་འཛིན་གྱིས་ཕེབས་བསུ་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད།
![]()
ཐོག་མར་བརྟན་བཞུགས་ཀྱི་དབུ་བཞུགས་རྡོ་རྗེ་སློབ་དཔོན་རྣམ་གྲྭ་མཁན་རིན་པོ་ཆེ་མཆོག་གིས་མཇལ་དར་རྐྱང་འབུལ་གནང་རྗེས་དབུ་མཛད་ཀྱིས་གསུང་ཆོག་དབུ་འཛུགས་ཀྱིས་རྒྱུན་ཆགས་གསུམ་པ་དང་། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་བཅས་གསུངས་པ་དང་། བརྟན་བཞུགས་དངོས་གཞིར་བླ་མ་ལྷར་བསྐྱེད་ནས་མཆོད་བསྟོད་ཚེ་འགུགས་བཟླས་པ་སོགས་ཆོ་གའི་གཞུང་བསྟར་གནང་།
![]()
གསོལ་འདེབས་མཎྜལ་སྐབས་སུ་དབུ་བཞུགས་རྡོར་སློབ་མཆོག་དང་འཐུས་ཚབ་རྡ་ས་མདོ་སྟོད་ཆོལ་ཁའི་ཚོགས་གཙོ་དབའ་ཧོ་བསྟན་འཛིན་དང་གློ་སྒྲིག་བདེ་དོན་ཚོགས་པའི་ཚོགས་གཙོ་བྱམས་པ་ཚེ་རིང་གཉིས་ནས་མཎྜལ་ཚོམ་བུ་འདེགས་འབུལ་ཞུས་ཤིང་། རྡོར་སློབ་མཆོག་ནས་ཞལ་འདོན་ཚིག་བསྟུན་གྱིས་སྐུ་གསུང་ཐུགས་རྟེན་དང་། ཚེ་བུམ། རིགས་ལྔའི་མཚན་མ། ཚེ་ཆང་། ཚེ་རིལ། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད་དང་བཀྲ་ཤིས་རྫས་བརྒྱད་བཅས་རིམ་པར་ཕུལ་ཞིང་། རྡོར་སློབ་རྣམ་གྲྭ་མཁན་རིན་པོ་ཆེ་མཆོག་དང་ཚོགས་སྡེ་ཁག་གཉིས་ཀྱི་འཐུས་མི་ ༡༥ ཡིས་མཇལ་ཁ་ཞུས།
![]()
མཐར་བཀའ་དྲིན་གཏང་རག་གི་མཎྜལ་སྐབས་སུ་རྡ་ས་མདོ་སྟོད་ཆོལ་ཁའི་ཚོགས་གཙོ་དབའ་ཧོ་བསྟན་འཛིན་ལགས་དང་། གློ་སྒྲིག་བདེ་དོན་ཚོགས་པའི་ཚོགས་གཙོ་བྱམས་པ་ཚེ་རིང་ལགས་གཉིས་ཀྱིས་རིམ་བཞིན་མཎྜལ་རྟེན་གསུམ་འདེགས་འབུལ་དང་། བརྟན་བཞུགས་བསྟར་འབུལ་ཞུ་མཁན་མི་གྲངས་ ༡༥ ཡིས་མཇལ་ཁ་ཞུས་པ་དང་བསྟུན། ཉི་གཞོན་འཆར་ཀ་མ་དང་། རིས་མེད་རྒྱལ་བསྟན་རྒྱས་པའི་སྨོན་ལམ། བདེན་ཚིག་སྨོན་ལམ་བཅས་གསུངས་ཏེ་བརྟན་བཞུགས་གནང་སྒོ་ལེགས་པར་གྲུབ་ཅིང་། མགོན་པོ་གང་ཉིད་མཆོག་སྔར་བཞིན་སྤྱན་རྒྱ་སྤོས་འཛིན་དང་བཅས་ཕོ་བྲང་དུ་གདན་ཞུ་ཞུས་ཡོད།
![]()
བརྟན་བཞུགས་གནང་སྒོ་འདིར་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་སོགས་ཀྱིས་གཙོས་སེར་སྐྱ་མི་མང་སྟོང་ཕྲག་ ཙམ་ཆེད་ཕེབས་གནང་ཡོད།










