༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༥ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྫོང་དཀར་ཆོས་སྡེ་གྲྭ་ཚང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་དུ་གནས་བཅུ་དང་འབྲེལ་བའི་མདོ་ལུགས་ཀྱི་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
![]()
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བསྟན་འགྲོ་སྤྱི་དང་བྱེ་བྲག་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དམར་པར་སྐུ་ཚེ་༸ཞབས་པད་བརྟན་པའི་སླད་དུ། རྫོང་དཀར་ཆོས་སྡེ་གྲྭ་ཚང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཞལ་བཞེས་སྨིན་སྩལ་གྱིས་གནས་བཅུ་དང་འབྲེལ་བའི་མདོ་ལུགས་ཀྱི་བརྟན་བཞུགས་བསྟར་འབུལ་ཆེད་ཉིན་ཤས་སྔོན་ནས་ཕོ་བྲང་གི་རྟ་མགྲིན་ལྷ་ཁང་དུ་སྒྲུབ་ཞག་སྔོན་བཏང་གིས་དེ་རིང་བརྟན་བཞུགས་དངོས་སུ་འབུལ་བཞེས་བསྐྱངས་ཡོད།
![]()
ཞོགས་པ་ཆུ་ཚོད་༨།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ནས་རྫོང་དཀར་ཆོས་སྡེའི་མཁན་ལས་ཟུར་རྣམ་པ་གཉིས་དང་། སློབ་དཔོན། དགེ་བསྐོས། ཕྱག་མཛོད་རྣམས་ནས་སྤྱན་རྒྱ་སྤོས་སྣེ་དང་བཅས་གཟིམ་ཆུང་རྙིང་པའི་རྟ་མགྲིན་ལྷ་ཁང་དུ་གདན་ཞུ་དང་། རྟ་མགྲིན་ལྷ་ཁང་དུ་རྫོང་དཀར་ཆོས་སྡེའི་དགེ་འདུན་པ་རྣམས་དང་། བོ་དོང་པཎ་ཆེན་གྱི་ཡང་སྲིད་རིན་པོ་ཆེ། སྤང་ནང་རིན་པོ་ཆེའི་ཡང་སྲིད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ་བཅས་ནས་ཕེབས་བསུ་དང་བཅསབཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་མཚམས། དབུ་བཞུགས་རྫོང་ཆོས་མཁན་རིན་པོ་ཆེ་མཆོག་ནས་མཇལ་དར་རྐྱང་འབུལ་ཞུས་པ་དང་། དེ་ནས་མགོན་པོ་གང་ཉིད་མཆོག་གིས་ལྗགས་རྩོམ་མཛད་པའི་འཕགས་པ་ཝ་ཏི་བཟང་པོའི་བསྟོད་པ་དང་། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་གསུངས་མུར་གསོལ་ཇ་བཞེས་བག་སོགས་རིམ་པར་ཕེབས་ཡོད།
![]()
གསོལ་འདེབས་མཎྜལ་སྐབས་སུ་མཁན་རིན་པོ་ཆེ་དགེ་སློང་ཐུབ་བསྟན་ཚེ་རིང་ལགས་སྐུ་བཞེངས་གནང་ནས་སྐུ་ཕྱག་ཕུལ་ཏེ་མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་། ཞེས་པའི་ཚིག་མཚམས་སུ་དགེ་བསྐོས་དང་སློབ་དཔོན་གཉིས་ནས་མཎྜལ་ཚོམ་བུ་ཟུར་འདེགས་ཀྱིས་སྐུ་གསུང་ཐུགས་རྟེན་ཕུལ་བ་དང་། ༸གོང་ས་མཆོག་དང་ཇོ་བོ། གྲྭ་ཚང་དབར་གྱི་འབྲེལ་བའི་བརྙན་དེབ་པར་སྒྲོམ་ཅན་གཉིས་གཟིགས་འབུལ་ཞུས།
![]()
མཐར་༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་སོགས་གསུང་མུར་བཀའ་དྲིན་རྗེས་དྲན་གྱི་གཟེངས་བསྟོད་ཚེ་བུམ་དང་། སྐྱིད་གྲོང་འཕགས་པ་ལྷ་ཁང་དུ་ཇོ་བོ་ཝ་ཏིའི་སྐུ་རྟེན་བཞུགས་པ་མཁན་ལས་ཟུར་རྣམ་གཉིས་ཐུན་མོང་གིས་ཕུལ་ཞིང་། ཕྱག་དཔེ་དབུ་འབྱེད་དང་སློབ་ཐོན་ལག་འཁྱེར་སྤྱན་བསྟར་དང་བྱིན་ཞུ་བཅས་ཞུས་མཚམས་ཚོགས་མང་ལ་མཇལ་ཁ་བཀའ་དྲིན་སྩལ་ཏེ་བརྟན་བཞུགས་གནང་སྒོ་ལེགས་པར་གྲུབ་པ་དང་། མགོན་པོ་མཆོག་རྟ་མགྲིན་ལྷ་ཁང་ནས་ཕོ་བྲང་མཇལ་འཕྲད་ཁང་གི་མདུན་ཐང་དུ་ཆིབས་བསྒྱུར་གྱིས་ཝེ་དུ་ནམ་སོགས་ནས་ཕེབས་པའི་དད་ལྡན་མཇལ་བཅར་བ་བརྒྱ་ཕྲག་ཙམ་ལ་མཇལ་ཁ་བཀའ་དྲིན་སྩལ་ཡོད།










