༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་དུ་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་ལ་མཉམ་ཞུགས་གནང་མཁན་བོད་ཀྱི་ཆབ་སྲིད་བཙོན་ཟུར་སོགས་དད་ལྡན་མཇལ་བཅར་བ་བཞི་བརྒྱ་ལྷག་ལ་མཇལ་ཁ་སྩལ་ཡོད་པ་རེད།
![]()
དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༠༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་གི་གཟིམ་ཆུང་ནས་མཇལ་འཕྲད་ཁང་གི་མདུན་ཐང་དུ་ཆེད་ཕེབས་ཀྱིས་རྒྱ་གར་དང་། ཡུ་རོབ་པ། སོག་པོ། ཝེད་ནམ་སོགས་ཀྱི་དད་ལྡན་རྣམས་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་ཞེས་པར་ཆེད་ཕེབས་ཀྱི་ཚོགས་ཞུགས་པ་རྒྱ་ནག་གཞུང་གི་གདུག་རྩུབ་མནར་གཅོད་ཕོག་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཟུར་པ་གཙོས་བོད་རང་བཙན་སྐབས་ཀྱི་དམག་ཟུར་དང་། བསྟན་སྲུང་དང་བླངས་དམག་ཟུར། བློ་སྒྲིག་དམག་ཟུར། དམག་སྒར་ཨང་ ༢༢ དམག་ཟུར་སྐུ་ཚབ། ༸རྒྱལ་བའི་སྐུ་སྲུང་ཟུར་པའི་སྐུ་ཚབ། བདེ་སྲུང་ལས་ཁུངས་ཀྱི་འབྲེལ་ཡོད་སྐུ་ཚབ་བཅས་ལ་མཇལ་ཁ་སྩལ་ཡོད།
སྐབས་དེར་བོད་རིགས་བྱིས་པ་ཞིག་གིས་བོད་ཡིག་སྦྱོང་རྒྱུར་དགའ་བོ་ཡོད་པ་༸སྙན་སེང་ཞུས་པར་མགོན་པོ་མཆོག་གིས། སངས་རྒྱས་ཀྱི་བཀའ་དང་མཁས་དབང་རྣམས་ཀྱི་བསྟན་བཅོས་སོགས་བཀའ་བསྟན་ནང་དུ་ཡོད་པ་རེད། དེ་བེད་སྤྱོད་བྱེད་པའི་སྐད་ཡིག་ནི་བོད་ཡིག་ཡག་ཤོས་རེད། ཨིན་ཡིག་དང་ཧིན་དྷི་སོགས་ཡི་གེ་མང་པོའི་ནང་དུ་ཡོད་ཀྱང་། བོད་ཡིག་ནང་ཡོད་པ་དེ་སྤུས་དག་ཤོས་རེད། ངོས་ཀྱིས་དགེ་རྒན་བྱས་ཏེ་བཀའ་བསྟན་ནང་ཡོད་པའི་བོད་ཡིག་དེ་རྣམས་བསླབ་ཆོག ཅེས་བཀའ་སྩལ་བ་དང་།
དེ་ནས་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་ལ་མཉམ་ཞུགས་གནང་མཁན་རྣམས་ལ་མཇལ་ཁའི་ཐོག་མར་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་བོད་རང་དབང་འཐབ་རྩོད་པའི་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྟེན་གསུམ་འབུལ་བཞིན་པ་དང་། ཚོགས་འདུ་འདིར་བོད་རང་བཙན་སྐབས་ཀྱི་བོད་གཞུང་གི་དམག་མི་བརྒྱད་དང་། བསྟན་སྲུང་དང་བླངས་དམག་མི་བཞི། བོད་ནང་བོད་རང་དབང་གི་ཆེད་དུ་འཐབ་རྩོད་གནང་མྱོང་མཁན་གྱི་ཆབ་སྲིད་བཙོན་ཟུར་རྣམ་པ། དེ་བཞིན་ས་དབང་ཆེན་མོ་རྒྱ་ལོ་དོན་གྲུབ་མཆོག་གི་ནང་མི་དང་། ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གི་ནང་མི། བཀའ་ཟུར་ཙོང་ཁ་ལྷ་མོ་ཚེ་རིང་མཆོག་གི་སྲས་བསྟན་འཛིན་བསོད་ནམས་ལགས་བཅས་མཉམ་ཞུགས་གནང་ཡོད་པ་བཅས་༸སྙན་སེང་ཞུས་། དེ་རྗེས་བདེ་སྲུང་བཀའ་བློན་མཆོག་དང་དྲུང་ཆེ་རྣམ་གཉིས་ནས་མཇལ་ཁ་དང་འབྲེལ་བདེ་སྲུང་ལས་ཁུངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་དགུ་བཅུར་ཕེབས་པའི་དགའ་སྟོན་དུ་གཟེངས་རྟགས་འབུལ་བཞེས་དང་། མགོན་པོ་མཆོག་༸སྐུ་ཚེ་ཞབས་པད་བརྟན་པའི་ཆེད་དུ་གསོལ་འདེབས་ཞུས་ཡོད།










