༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་དུ་རིགས་ལམ་སློབ་གཉེར་ཁང་གི་ཝེ་དུ་ནམ་དྲ་ཐོག་ནང་ཆོས་ཆེད་སྦྱོང་འཛིན་གྲྭའི་སློབ་གཉེར་བ་སོགས་ལ་མཇལ་ཁ་སྩལ་ཡོད་པ་རེད།
![]()
དེ་རིང་སྔ་དྲོ་ཆུ་ཚོད་ ༩།༠༠ ཙལ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་ནས་མཇལ་འཕྲད་ཁང་གི་མདུན་ཐང་དུ་ཆིབས་བསྒྱུར་གྱིས་རྒྱ་གར་ཡུལ་མི་དང་། ནུབ་ཕྱོགས་དང་ཡུ་རོབ་ཁུལ། ལྷོ་ཤར་ཨེ་ཤི་ཡ་སོགས་ནས་ཕེབས་པའི་དད་ལྡན་མཇལ་བཅར་བ་རྣམས་ལ་རིམ་པར་མཇལ་ཁ་བཀའ་དྲིན་སྩལ་ཡོད་པ་དང་། སྐབས་དེར་ནུབ་ཕྱོགས་པ་ཞིག་གིས་བོད་ཀྱི་ཡིག་གཟུགས་སྣ་ཚོགས་ལ་ཞིབ་འཇུག་གིས་རྩོམ་བྲིས་གནང་བའི་དཔེ་དེབ་ཅིག་གཟིགས་འབུལ་གྱིས་མཇལ་ཁ་ཞུས་པ་དང་། རིགས་ལམ་སློབ་གཉེར་ཁང་གི་ཝེ་དུ་ནམ་དྲ་ཐོག་ནང་ཆོས་ཆེད་སྦྱོང་འཛིན་གྲྭའི་སློབ་གཉེར་བ་སོགས་ལ་མཇལ་ཁ་སྩལ།
སྐབས་དེར་མགོན་པོ་མཆོག་གིས། སྔ་མོ་རྒྱ་གར་ནས་བོད་ལ་ནང་ཆོས་ཁྱབ་སྤེལ་བྱུང་བ་རེད། ད་ཆ་ང་ཚོའི་དུས་ཚོད་འདིར་རྒྱ་གར་ལ་ཉམས་བསྡད་པ་དེ་ང་ཚོས་བོད་ནས་ཚུར་འཁྱེར་ཡོང་སྟེ་ཧ་ཅང་ཡག་པོ་བྱུང་སོང་། གཞུང་ཆེན་པོ་ཏི་ལྔས་མཚོན་པའི་དཔེ་ཆ་མང་པོར་བལྟས་ནས། དེང་སང་འཛམ་གླིང་ནུབ་ཕྱོགས་ཀྱི་མི་ཚོ་ལའང་སེམས་ཁམས་རིག་པ་འགྲེལ་བཤད་རྒྱག་ཐུབ་པའི་གནས་སྟངས་ཆགས་ཡོད། དངོས་གནས་དྲང་གནས་བསྟན་པའི་བྱ་བ་ཆེན་པོ་རེད། ཐུགས་རྗེ་ཆེ། ཞེས་སོགས་བཀའ་སློབ་སྩལ་ཡོད་པ་དང་། འདི་ཉིན་རྒྱ་གར་ཆ་དྷི་སི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་བྷུ་པེཤ་བ་གྷེལ་(Bhupesh Baghel ) ལགས་དང་། རྒྱ་གར་གྲོས་ཚོགས་ཀྱི་ལས་བྱེད་ཁག་ཅིག་སོགས་དད་ལྡན་བ་མཇལ་བཅར་བ་སུམ་བརྒྱ་བཞི་བཅུ་ལ་མཇལ་ཁ་སྩལ་ཡོད།










