༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༣༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་དུ་ཨ་རི་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་དད་ལྡན་མི་མང་། རྩོམ་པ་པོ་སོགས་ལས་རིགས་འདྲ་མིན་གྱི་མི་མང་བརྒྱ་ཕྲག་གསུམ་བརྒལ་བར་མཇལ་ཁ་སྩལ་ཡོད་པ་རེད།
![]()
དེ་ཡང་སྔ་དྲོ་ཆུ་ཚོད་དགུ་པ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ཕོ་བྲང་མཇལ་འཕྲད་ཁང་ཆེ་བར་ཆིབས་བསྒྱུར་གྱིས་ཐོག་མར་ཨ་རི་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་པ་དང་རྩོམ་པ་པོ་སོགས་ལས་རིགས་འདྲ་མིན་གྱི་མི་སྣར་མཇལ་ཁ་སྩལ་བ་དང་།
![]()
སྐབས་དེར་ལཱ་ཐི་ཝི་ནི་ཡ་ནས་ཡིན་པའི་གཞོན་ནུ་མ་ཞིག་གིས། ངས་ལོ་གསུམ་དང་ཕྱེད་ཀའི་རིང་ནང་ཆོས་སྦྱོང་བཞིན་ཡོད། ད་ལྟ་ལས་ཀ་ཞིག་འཚོལ་བཞིན་ཡོད་པས་མི་ལ་ཕན་ཐོགས་པའི་ལས་ཀ་ཡག་ཤོས་གང་བྱེད་དགོས་སམ། ཞེས་བཀའ་འདྲི་ཞུས་པར། མགོན་པོ་མཆོག་གིས་སློབ་གྲྭའི་དགེ་རྒན་བྱེད་ན་ཡག་པོ་ཡོད་རེད། སློབ་སྦྱོང་གི་ནང་དུ་སེམས་ཁམས་རིག་པའི་སྐོར་འགྲེལ་བཤད་རྒྱག་ཐུབ་ན་ནང་ཆོས་ཀྱི་དཔེ་ཆའི་ནང་ཧ་ཅང་ཡག་པོ་ཡོད་པ་རེད། དཀོན་མཆོག་(God)དང་འཇིག་རྟེན་བྱེད་པ་པོ་(Creator)ཟེར་བ་མིན་པར་སོ་སོའི་སེམས་དུལ་མ་བཏུལ་གྱི་ཐོག་ནས་སྐད་ཆ་བཤད་ཀྱི་ཡོད། ཅེས་བཀའ་སྩལ།
![]()
གཞན་ཡང་། ཧོ་ལན་ནས་ཡིན་པའི་དད་ལྡན་མཇལ་བཅར་བ་ཞིག་གིས་བོད་སྐད་སྦྱོང་བཞིན་ཡོད་པས་ཐུགས་སྨོན་སྐྱབས་འཇུག་གནང་རོགས་ཞུས་པར། སེམས་ཁམས་རིག་པ་དང་ལྟ་གྲུབ་ཀྱི་སྐོར་ལ་བོད་ཀྱི་སྐད་ཡིག་ལེགས་ཤོས་རེད། ཅེས་དང་། མཇལ་བཅར་བ་གཞན་ཞིག་གིས། ཕ་མ་གཉིས་ད་ལྟ་ལོ་ཆེན་པོ་ཡིན། ང་རང་ཕ་མ་དང་མཉམ་དུ་ཁ་རྩོད་མང་པོ་ཤོར་གྱི་ཡོད། ཡིན་ནའང་། སེམས་ནས་ཧ་ཅང་དགའ་བོ་དང་བརྩེ་བ་ཡོད། ཕ་མ་གཉིས་ལ་ཐུགས་སྨོན་གནང་རོགས་ཞུས་པར། བརྩེ་བ་དང་མཉམ་དུ་རྒྱག་རེས་ཤོར་བ་དེ་ཆོས་ཉིད་རེད། ཅེས་བཀའ་གནང་བ་དང་། ཡང་དད་མཇལ་བ་ཞིག་གིས། མི་ཚེའི་ནང་གལ་ཆེ་ཤོས་གང་ཡིན་བཀའ་འདྲི་ཞུས་པར། མི་ཞིག་ཡིན་ཕྱིན་ཆད་བརྩེ་བ་ནི་གལ་ཆེ་ཤོས་ཡིན། ཞེས་བཀའ་གནང་།
![]()
མུ་མཐུད་ཝེ་དུ་ནམ་གྱི་ནང་པའི་རྗེས་འཇུག་པ་དང་། འབྲུག་སོགས་ཧི་མ་ལ་ཡའི་རྒྱུད་ཀྱི་མི་མང་ལ་ཐུགས་བརྩེ་བ་ཆེན་པོས་མཇལ་ཁ་བཀའ་དྲིན་སྩལ་ཞིང་། སྐབས་དེར་མཇལ་ཁ་ཞུ་མཁན་བོད་རིགས་གཞོན་སྐྱེས་ཤིག་གིས་སེམས་མ་སྐྱིད་པ་ཡོང་གི་འདུག་པས་ཐུགས་སྨོན་གནང་རོགས་ཞེས་གསོལ་འདེབས་ཞུས་པར། མགོན་པོ་གང་ཉིད་མཆོག་གིས། སེམས་མ་སྐྱིད་པ་ནི་འཛམ་གླིང་འདིར་མི་མང་ཆེ་བར་ཡོད། དུད་འགྲོ་ཚོར་ཡང་མ་སྐྱིད་པ་ཡོད་པ་རེད། སྐབས་ཐོག་སྐབས་ཐོག་མ་སྐྱིད་པར་སེམས་འཁྲུག་ཡོང་དུས་བསམ་བློ་གཏོང་སྟངས་ཤིག་གི་ཐོག་ནས་ལྷོད་ལྷོད་ཆགས་པ་ཡོང་རྒྱུ་ཡོད་པ་རེད། སེམས་འཁྲུག་སྡོད་པ་དེ་ལ་གཉེན་པོ་བསྟེན་སྟངས་ཤིག་ང་ཚོའི་བོད་སྐད་ཀྱི་ནང་དུ་ཡོད་པས་དེ་ལ་བསམ་བློ་གཏོང་དགོས། ཞེས་བཀའ་སློབ་སྩལ་ཡོད།










