༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་གཙོས་པས་སྲི་ཞུའི་ལས་བྱེད་གྲངས་ ༤༩༤ ལ་ཐུགས་བརྩེ་བ་ཆེན་པོས་མཇལ་ཁ་བཀའ་དྲིན་སྩལ་ཡོད།
![]()
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རའི་ནང་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་རྗེས་སྲི་ཞུའི་ལས་བྱེད་ཡོངས་དང་ལྷན་སྐུ་པར་བསྒྲོན་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་དང་། ཁྲིམས་དྲུང་ལྷ་འབྲུག་ལགས། ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་བཅས་ནས་མཎྡྲལ་རྟེན་གསུམ་འདེགས་འབུལ་དང་། བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་ལས་བྱེད་ཡོངས་ཀྱི་ཚབ་ཞུས་ཏེ་རྗེ་བཙུན་སྒྲོལ་མའི་སྐུ་ཞིག་འདེགས་འབུལ་ཞུས་གྲུབ་མཚམས་སྲི་ཞུའི་ལས་བྱེད་ཡོངས་ལ་མཇལ་ཁ་སྩལ་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་རྣམས་ལ་དམིགས་བསལ་མཇལ་ཁ་སྩལ་སྲོལ་ཡོད་པ་འདི་ཡང་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ལ་སྲི་ཞུའི་ཞབས་འདེགས་བསྒྲུབ་རྒྱུར་སེམས་ཤུགས་འཕར་མ་དང་བྱིན་གྱིས་རླབས་ཕྱིར། དཔལ་ལྡན་བཀའ་དྲུང་ཡིག་ཚང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་མཇལ་ཁ་བཀའ་དྲིན་སྩལ་ཡོད།










