༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༡༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ལྷོ་ཨ་ཧྥུ་རི་ཀའི་ཡི་ཤུའི་བླ་ཆེན་ཌེ་སི་མོན་ཊུ་ཊུའི་ཐེབས་རྩའི་འགན་འཛིན་གཙོ་བོར་གྱུར་པའི་མཇལ་བཅར་བ་སུམ་བརྒྱ་དྲུག་ཅུ་ལྷག་ལ་མཇལ་ཁ་སྩལ་ཡོད་པ་རེད།
![]()
དེ་ཡང་མཇལ་ཁའི་སྐབས་སུ་ལྷོ་ཤར་ཨེ་ཤི་ཡའི་དད་ལྡན་མཇལ་བཅར་བ་ཞིག་གིས། བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་བཞིན་ཡོད། བྱང་སེམས་ཉམས་ལེན་གྱི་གནད་འགག་གཙོ་བོ་གང་ཡིན་ནམ། ཞེས་བཀའ་འདྲི་ཞུས་པར། མགོན་པོ་མཆོག་གིས་བཀའ་ལན་སྩལ་དོན། སྤྱོད་འཇུག་གི་གཞུང་ནི། བྱང་ཆུབ་ཀྱི་སེམས་ཀྱི་ཉམས་ལེན་སྐོར་གསལ་ཤོས་དང་ཡག་ཤོས་རེད། བྱང་ཆུབ་ཀྱི་སེམས་ཀྱི་ཉམས་ལེན་ནང་དུ་གཏོང་ལེན་གྱི་དམིགས་པ་དེ་བྱེད་བཞིན་ཡོད། གཞན་གྱི་སྡུག་བསྔལ་རང་གིས་བླངས། རང་གི་བདེ་སྡུག་གང་ཡོད་པ་གཞན་ལ་ཕུལ་གྱི་ཡོད། གཏོང་ལེན་གྱི་དམིགས་པ་དེ་ངོས་ཀྱིས་ཉིན་ལྟར་བྱེད་བཞིན་ཡོད། ཅེས་བཀའ་སྩལ།
གཞན་ཡང་། དད་ལྡན་མཇལ་བཅར་བ་ཞིག་གི་གསོལ་འདེབས་དང་འབྲེལ་བཀའ་སློབ་སྩལ་དོན། བོད་ལ་ཏན་ཏན་སླེབས་ཀྱི་རེད། བོད་རང་བཙན་གཙང་མ་ཞིག་ཡོང་དང་མ་ཡོང་ནི་གནས་ཚུལ་ཁ་ཁ་རེད། དེ་མ་གཏོགས་གཞན་བོད་རྒྱ་ཆེའི་མི་མང་གི་ལྷག་བསམ་དང་དད་པ་གཡོ་བ་མེད་པ་དེའི་སྒོ་ནས་ངོས་རང་བོད་ལ་སླེབས་ནས་བོད་རྒྱ་ཆེའི་མི་མང་ཚོར་ཆོས་འབྲེལ་བྱེད་པ་ཅིག་ཏན་ཏན་ཡོང་གི་རེད། ངོས་ཀྱིས་སྨོན་ལམ་རྒྱག་གི་ཡིན། ཞེས་བཀའ་སློབ་བཀའ་དྲིན་སྩལ་བ་དང་།
![]()
ཡང་། བལ་ཡུལ་ནས་ཕེབས་པའི་གཞོན་ནུ་མ་ཞིག་གིས། ད་ལྟ་སློབ་སྦྱོང་ཡག་པོ་བྱེད་བཞིན་ཡོད་པ་དང་། མ་འོངས་པར་སྤྱི་ཚོགས་ལ་ཕན་ཐོགས་ཡོད་པའི་མི་ཞིག་ཡོང་བར་ཐུགས་སྨོན་གནང་བའི་སྐྱབས་འཇུག་ཞུས་པར་བཀའ་སློབ་སྩལ་དོན། ཧ་ཅང་ཡག་པོ་འདུག རྒྱ་ཆེའི་མང་ཚོགས་ལ་ཕན་ཐོགས་ཆེད་དུ་སློབ་སྦྱོང་ཡག་པོ་ཞིག་བྱེད་ཐུབ་པ་ནི་ཧ་ཅང་ཡག་པོ་རེད། སློབ་སྦྱོང་བྱས་ནས་དངུལ་བཟོ་རྒྱུ་ཙམ་མ་ཡིན་པར་གང་ལྟར་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་ཐུབ་པ་ཞིག་ལ་བསམ་བློ་བཏང་བ་ནི་ཧ་ཅང་ཡག་པོ་རེད། ངོས་ཀྱིས་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། ཞེས་བཀའ་གནང་།
དེ་བཞིན་གཞོན་སྐྱེས་བུ་མོ་ཞིག་གིས་བསམ་བློ་གཏོང་རྒྱུ་མང་དྲགས་པའི་དཀའ་ངལ་འདུག དེ་ལྟ་བུའི་སྐབས་སུ་ཅི་བྱེད་དགོས་སམ་ཞེས་བཀའ་འདྲི་ཞུས་པར། བསམ་བློ་འདྲ་མི་འདྲ་འཁོར་བའི་སྐབས་སུ་ནོར་འཁྲུལ་ཡོང་གི་རེད། བསམ་བློ་འདྲ་མི་འདྲ་སླེབས་ཡོང་དུས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་རྒྱུའི་ཐོག་ལ་ཤུགས་རྒྱག་ཐུབ་ན་བཟང་། གནས་སྟངས་གཞན་དག་ཙག་ཙིག་ལ་བསམ་བློ་མི་འགྲོ་བར་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློའི་ཤུགས་སྒྲིམ་ན་ཧ་ཅང་ཡག་པོ་ཡོད་པ་རེད། དེར་བརྟེན། ངོས་ཀྱིས་ཞོགས་པ་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་སྒོམ་བཞིན་ཡོད། སྟོང་ཉིད་ཀྱི་ལྟ་བ་སྒོམ་བཞིན་ཡོད། དེ་ལྟར་བྱས་ན་ཡག་པོ་ཡོད་པ་རེད། ཅེས་ལམ་སྟོན་བཀའ་སློབ་བཀའ་དྲིན་སྩལ།
![]()
ཡང་བུ་མོ་ཞིག་གིས་སེམས་པ་བཟང་པོ་བྱས་ནས་མི་ལ་ཕན་ཐོགས་ཅི་ལྟར་བྱེད་དགོས་པའི་སྐོར་ལ་ལམ་སྟོན་ཞུས་པར། ཕར་སེམས་པ་བཟང་པོ་བྱས་ན་མི་ལ་ཕན་གྱི་རེད། སོ་སོ་ལ་ཤུགས་ནས་ཕན་གྱི་རེད། དཔེར་ན། ངོས་རང་ལ་ཆ་གཞག་ན། བྱང་ཆུབ་ཀྱི་སེམས་བཟུང་ནས་གཞན་གྱི་དོན་ལ་བསམ་བློ་གཏོང་བ་དང་སྨོན་ལམ་ཤུགས་ཆེན་པོ་རྒྱག་གི་ཡོད། དེས་ངོས་རང་ལ་ཚུར་ཕན་གྱི་འདུག ཅེེས་དང་། དེ་བཞིན་དགེ་རྒན་ཞིག་གིས་བཀའ་སློབ་ཞུས་པར། ཧ་ཅང་ཡག་པོ་རེད། ལྷག་བསམ་རྣམ་དག་གིས་དགེ་རྒན་བྱས་ཏེ་མི་ལ་ཤེས་ཡོན་གྱི་ཞབས་འདེགས་ག་ཚོད་སྒྲུབ་ཐུབ་པ་དེ་ཧ་ཅང་ཡག་པོ་རེད། ཡང་མི་ལ་ཤེས་ཡོན་གྱིས་ཞབས་འདེགས་སྒྲུབ་ནས་སོ་སོའི་དངུལ་བཟོ་རྒྱུ་གཅིག་པུའི་བསམ་བློ་བཏང་ན་བྱབ་ཆུང་རེད། རྒྱ་གར་གྱི་གྲུབ་ཆེན་ཚོ་དང་། དཔེར་ན། བཅོམ་ལྡན་འདས་ལ་མཚོན་ན། ཆོས་མང་པོ་བཤད་ཡོད་ཀྱང་འབུལ་བའི་དོན་དུ་ཁྱོན་ནས་རེད་ཡོད་པ་མ་རེད། དེར་བརྟེན། ང་རང་ཚོ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་ཡིན་པས་བཅོམ་ལྡན་འདས་ཀྱིས་ཇི་ལྟར་གནང་བ་དང་། མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་ལ་སོགས་ཀྱིས་ཇི་ལྟར་མཛད་པ་ལ་མིག་དཔེ་བལྟས་ནས་སོ་སོའི་ངོས་ནས་མི་ལ་ཆོས་བཤད་པ་དང་། རོགས་པ་བྱེད་པ་སོགས་སོ་སོའི་ཚོགས་བསགས་པར་བསམ་བློ་གཏོང་རྒྱུ་ཡོད་ཀྱང་། ང་རང་ཡག་པོ་ཡོང་གི་རེད་བསམ་པའི་བསམ་བློ་གཏོང་རྒྱུ་ཡོད་པ་མ་རེད། ཅེས་དང་།
![]()
པན་ཇབ་དང་ཧ་རུའི་ཡ་ནའི་ཁྲིམས་ཞིབ་པ་ཞིག་གིས་མཇལ་བཅར་དང་འབྲེལ་ལས་དོན་ལམ་འགྲོ་ཡོང་བར་ཐུགས་སྨོན་སྐྱབས་འཇུག་ཞུས་པར་བཀའ་སློབ་སྩལ་དོན། སོ་སོའི་སེམས་པ་བཟང་པོ་བྱས་ཏེ་རྒྱ་ཆེན་པོ་ལ་ཕན་པའི་ཕན་སེམས་ཡག་པོ་ཞིག་སྐྱེས་པ་ཡིན་ན་དོན་དག་དེ་ཡག་པོ་ཡོང་གི་རེད། ཅེས་བཀའ་སྩལ་བ་དང་། རྒྱ་གར་གྱི་གཞོན་སྐྱེས་ཤིག་གིས་དཀོན་མཆོག་ཅེས་པ་དེ་ཡོད་པ་རེད་དམ། ཞེས་བཀའ་འདྲི་ཞུས་པར། ཆོས་ལུགས་དད་པ་མི་འདྲ་བ་མང་པོ་ཡོད་པ་རེད། ཧིན་དྷུའི་ནང་གི་མང་པོ་ཞིག་གིས་དཀོན་མཆོག་གིས་བཟོས་པ་ཁས་ལེན་གྱི་མེད། ནང་པའི་ཆོས་ཀྱིས་ཀྱང་དཀོན་མཆོག་གིས་བཟོས་པར་ཁས་མི་ལེན། དཀོན་མཆོག་ཁས་མི་ལེན་ཀྱང་དད་པ་བྱེད་སའི་དཀོན་མཆོག་ནི་ངོས་ལ་ཆ་བཞག་ན། སྤྱི་བོའི་སྟེང་སྤྱན་རས་གཟིགས་སྒོམ་བཞིན་ཡོད། སྤྱི་བོ་ལ་སྤྱན་རས་གཟིགས་སྒོམ་པ་དེས་ངོས་རང་སྤྱན་རས་གཟིགས་ཀྱིས་བསྐྲུན་པ་མ་རེད། ངོས་རང་ལས་ཀྱིས་ཡོང་བ་རེད། ཅེས་བཀའ་གནང་ཡོད།
![]()
མཐར་ལྷོ་ཨ་ཧྥུ་རི་ཀའི་ཡི་ཤུའི་བླ་ཆེན་ཌེ་སི་མོན་ཊུ་ཊུའི་ཐེབས་རྩའི་འགན་འཛིན་གྱིས་མཇལ་ཁ་དང་འབྲེལ་ཌེ་སི་མོན་ཊུ་ཊུ་དང་འགན་འཛིན་གཉིས་ཀྱི་སྐུ་པར་གཟིགས་འབུལ་དང་། ཊུ་ཊུ་མཆོག་འདས་གྲོངས་སུ་ཕེབས་ཁར་ཁོ་རང་འགན་འཛིན་དུ་བསྐོ་བཞག་གནང་བ་དང་། ཊུ་ཊུ་མཆོག་གི་ལྕམ་ལགས་ཀྱིས་མགོན་པོ་གང་ཉིད་མཆོག་ལ་འཚམ་འདྲི་ཞུ་བཞིན་པ་དང་། འགན་འཛིན་ཁོང་གིས་ལྷོ་ཨ་ཧྥུ་རི་ཀའི་ནང་བོད་དོན་སྐོར་ལ་འབད་བརྩོན་ཞུ་རྒྱུ་ཡིན་པ་སོགས་༸སྙན་སེང་ཞུས་ཡོད།










