༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༡༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་དུ་ཏཱ་ལའི་བླ་མ་ཧྥེ་ལོ་ལས་རིམ་(The Dalai Lama Fellows Program) ཞེས་པས་གོ་སྒྲིག་འོག་རྒྱལ་ཁབ་ ༢༤ ནས་ཕེབས་པའི་༸གོང་ས་མཆོག་གི་དགོངས་བཞེད་ལྟར་བྱམས་བརྩེ་ལག་ལེན་བསྟར་ཕྱོགས་ཀྱི་བགྲོ་གླེང་གི་ཚོགས་བཅར་བ་ ༥༡ གིས་གཙོས་དད་ལྡན་མཇལ་བ་ ༣༨༠ ལ་མཇལ་ཁ་སྩལ་ཡོད་པ་རེད།
![]()
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཆར་ཅན་ལྟར་གཟིམ་ཆུང་ནས་མཇལ་འཕྲད་ཁང་གི་མདུན་ཐང་དུ་ཆིབས་བསྒྱུར་གྱིས་༸ཞབས་སྟེགས་སུ་འཁོད་མཚམས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། ཀ་ཤི་མེར། གྷུར་གྷང་སོགས་རྒྱལ་ནང་དང་། ཕྱིའི་རྒྱལ་ཁབ་ཁག་ནས་སླེབས་པའི་དད་ལྡན་མཇལ་བ་རྣམས་ལ་མཇལ་ཁ་དང་། དྲི་བར་བཀའ་ལན་སྩལ་སྐབས། ངོས་རང་ནང་པ་རེད། ཆོས་ལུགས་ཚང་མར་གུས་ཞབས་བྱེད་བཞིན་ཡོད། ཅེས་དང་། ཞི་བདེ་སོ་སོའི་སེམས་ནས་བཟོ་རྒྱུ་མ་གཏོགས་ཕྱི་ནས་བཟོ་རྒྱུ་ཁག་པོ་རེད། ཕྱི་ལོགས་སུ་གནས་ཚུལ་ཅི་ཞིག་ཡོད་ཀྱང་། སེམས་དངོས་གནས་ཞི་བདེ་བག་ཕེབས་ཐོག་སྡོད་ཐུབ་ན་འགྲིག་གི་ཡོད། ཅེས་སོགས་བཀའ་སློབ་སྩལ་དྲིན་སྩལ་ཡོད།
མཐར་ཏཱ་ལའི་བླ་མ་ཧྥེ་ལོ་ལས་རིམ་གྱི་གོ་སྒྲིག་གནང་མཁན་དང་། ཚོགས་ཞུགས་པ་རྣམ་པར་མཇལ་ཁའི་ཐོག་མར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་ལས་རིམ་འདི་བཞིན་ཕྱི་ལོ་ ༢༠༡༡ ལོ་ནས་དབུ་འཛུགས་མཛད་ཡོད་པ་༸སྙན་སེང་ཞུས་ཡོད་ཅིང་། མཇལ་ཁ་ལེགས་པར་གྲུབ་མཚམས་སྐུ་པར་ལྷན་སྒྲོན་དང་འབྲེལ་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན།
བརྩེ་བ་ནི་ཧ་ཅང་གལ་ཆེན་པོ་རེད། སྤྱིར་བཏང་ཕལ་བ་ཚོ་འདོད་ཆགས་དང་འབྲེལ་ཡོད་ཀྱང་། མངལ་སྐྱེས་ཤིག་ཡིན་ཕྱིན་ཆད་སྐྱེས་པ་ནས་བཟུང་བརྩེ་བ་ཧ་ཅང་གལ་ཆེན་པོ་རེད། ནང་པ་སངས་རྒྱས་པས་ང་ཚོར་ལྷན་སྐྱེས་སུ་ཡོད་པའི་བརྩེ་བ་དེ་ཐབས་དང་ཤེས་ལ་སྦྲེལ་ཞིང་། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་བསམ་བློ་བཏང་ནས་གོང་ནས་གོང་དུ་སྤེལ་ཏེ། མཐར་སངས་རྒྱས་ཀྱི་ཐུགས་རྗེ་ཆེན་པོ་ཟེར་བ་དེ་མཚོན་གྱི་ཡོད།
རྒྱ་གར་དང་བོད། རྒྱ་ནག་བཅས་སུ་བརྩེ་བ་ལ་དང་དོན་ཅུང་ཙམ་ཡོད་པ་རེད། དེ་མུ་མཐུད་ནས་རྒྱ་ཁབ་ལ་སྤེལ་ཐུབ་པར་བསམ་བློ་གཏོང་དགོས། བརྩེ་བ་ཟེར་བ་ནི་ཧ་ཅང་རྩ་ཆེན་པོ་ཡིན། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་དེ་ཡང་བརྩེ་བ་ལ་བརྟེན་ནས་ཡོང་དགོས། ད་ལྟའི་འཛམ་གླིང་འདིར་ཞི་བདེ་ཡོང་མིན་ཀྱང་བརྩེ་བ་ལ་ཐུག་ཡོད། དེང་སང་རྒྱ་ནག་ཏུ་ཆོས་ལ་དོ་སྣང་ཞིག་སླེབས་ཀྱི་ཡོད་པ་རེད། གང་ལྟར་མིང་ཅི་ཞིག་བཏགས་ཀྱང་བརྩེ་བ་འདི་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན། ངོས་རང་སེམས་ཤུགས་སྐྱེས་བཞིན་པ་ནི་རྒྱ་ནག་ཏུ་བརྩེ་བ་ཏོག་ཙམ་སྤེལ་ཐུབ་ན་བསམ་གྱི་ཡོད། རྒྱ་ནག་ཏུ་ཆོས་དད་ཏོག་ཙམ་ཤུགས་ཆེ་རུ་འགྲོ་བཞིན་འདུག་པས་གང་ལྟར་བརྩེ་བ་དེ་སྤེལ་དགོས་ཀྱི་འདུག་དྲན་བཞིན་ཡོད། དངོས་གནས་འཛམ་གླིང་འདི་འཚོ་བ་ཡང་བརྩེ་བ་ལ་ཐུག་ཡོད། ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ་ཡོད།










