༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༢༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་བཀའ་ཤག་སྐབས་བཅུ་དྲུག་པའི་བཀའ་བློན་རྣམས་ལ་ཐོན་མཇལ་དང་། ཡུལ་གྲུ་འདྲ་མིན་གྱི་མཇལ་བཅར་བ་ ༤༢༠ བརྒལ་བར་མཇལ་ཁ་སྩལ་ཡོད་པ་རེད།
![]()
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཆར་ཅན་ལྟར་ཕོ་བྲང་གཟིམ་ཆུང་ནས་ཀོར་ཧྥུ་རླངས་འཁོར་(Golf cart)ལ་བཞུགས་སྟེ་མཇལ་འཕྲད་ཁང་གི་མདུན་ཐང་དུ་ཆིབས་བསྒྱུར་གྱིས་ཐོག་མར་ནུབ་ཕྱོགས་པ་སོགས་འཛམ་གླིང་ཡུལ་ལུང་འདྲ་མིན་གྱི་དད་ལྡན་མཇལ་བཅར་བ་རྣམས་ལ་མཇལ་ཁ་བཀའ་དྲིན་སྩལ་བ་དང་། སྐབས་དེར་རྒྱ་གར་བྷང་བྷེ་ནས་ཡིན་པའི་མཇལ་བཅར་བ་ཞིག་གིས་ནང་མིར་དཀའ་ངལ་འཕྲད་ཡོད་པས་ཐུགས་སྨོན་གནང་རོགས་ཞུས་སྐྱབས་འཇུག་ཞུས་པར་མགོན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
དཀའ་ངལ་མ་འཕྲད་པའི་མི་ཚེ་གཅིག་ཀྱང་མེད། དཀའ་ངལ་འཕྲད་ཀྱི་རེད་བསམ་པའི་ཐོག་ནས་གདོང་ལེན་བྱེད་ན་ཡག་པོ་རེད། ངོས་རང་ལ་མཚོན་ན་བོད་ཀྱི་དཀའ་ངལ་ཐོན་དུས་དཀའ་ངལ་འཕྲད་ཀྱི་རེད་བསམ་ནས་གདོང་ལེན་བྱས་པ་རེད། ཅེས་དང་། གཞན་ཡང་། ནུབ་ཕྱོགས་པ་ཞིག་གི་བཀའ་འདྲི་དང་འབྲེལ། བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་ངོས་འཛིན་གནང་བའི་སྐབས་སུ། སྡུག་བསྔལ་བདེན་པ་གསུངས། སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་བདེན་པ་རེད། སྡུག་བསྔལ་སྤང་ཐུབ་པ་རེད། དེར་བརྟེན། འགོག་པའི་བདེན་པ་ཞེས་སྡུག་བསྔལ་ལ་གཉེན་པོ་བརྟེན་ནས་མེད་པར་བཟོ་ཡོང་དུས་འགོག་པའི་བདེན་པ་དང་། དེ་སྒྲུབ་བྱེད་ཀྱི་ལམ་ཞིག་ཡོད་པས་ལམ་གྱི་བདེན་པ་ཞེས་གསུངས་པ་རེད། སངས་རྒྱས་ཀྱིས་གསུང་པ་འདི་དག་ཧ་ཅང་གོ་རིམ་འགྲིག་པོ་ཞིག་འདུག ང་ཚོས་ཉམས་མྱོང་ལ་སྦྱར་ཡོང་བའི་སྐབས་སུ་ཏག་ཏག་འགྲོ་བ་ཞིག་རེད། ངོས་ཀྱི་ཀླད་པ་ཚན་རིག་ལ་ཧ་ཅང་དོ་སྣང་ཡོད། བདེན་པ་བཞི་གསུངས་པ་འདི་དག་ནི་ཚན་རིག་དང་འགལ་བ་འགྲོ་བ་ཁྱོན་ནས་མེད་པར་ཚན་རིག་གི་བཤད་པ་རྣམས་རྒྱབ་ལྗོངས་ལ་འགྲོ་བ་ཞིག་རེད། ཅེས་བཀའ་སྩལ།
![]()
དེ་ནས་ཨུ་རུ་སུ་ནས་སླེབས་པའི་དད་ལྡན་མཇལ་བཅར་བ་བཅུ་ཕྲག་ཁ་ཤས་ཀྱིས་མནྜལ་རྟེན་གསུམ་འདེགས་འབུལ་དང་། ཞབས་བརྟན་གསོལ་འདེབས་གསུང་འདོན་ཞུས་མཚམས། བཙུན་མ་ཞིག་གིས་ཉོན་མོངས་ཤུགས་ཆུང་དུ་གཏོང་བར་ཉམས་ལེན་ཅི་བྱེད་དགོས་སྐོར་བཀའ་འདྲི་ཞུས་པར། ཉོན་མོངས་ཆུང་དུ་འགྲོ་བར་རྒྱུན་དུ་གོམས་དགོས། ཉོན་མོངས་ཀྱི་གཉེན་པོའི་ཕྱོགས་ལོ་དང་ཟླ་བ་སྦྲེལ་ནས་སྒོམ་ན་ག་ལེར་ག་ལེར་ཉོན་མོངས་ཤུགས་ཆུང་དུ་ཆུང་དུ་འགྲོ་བ་ཞིག་ཡིན། ཚིག་ཙམ་གྱིས་ཉོན་མོངས་ཀྱི་ཉེས་དམིགས་བཤད་ནས་ལམ་སེང་ཉོན་མོངས་ཆུང་དུ་འགྲོ་རྒྱུ་ཁག་པོ་རེད། ངོས་ལ་ཆ་གཞག་ན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་རྒྱུན་དུ་སྒོམ་བཞིན་ཡོད། ཉོན་མོངས་ད་ལྟ་རང་མེད་པར་བཟོ་རྒྱུ་ཟེར་བ་ནི་ཁག་པོ་རེད་འདུག ཡིན་ནའང་། ཉོན་མོངས་མངོན་གྱུར་པ་སྐྱེས་སྐབས་ཉོན་མོངས་ལ་ཉེས་དམིགས་སུ་བལྟས་ནས་དེ་དང་དུ་མི་ལེན་པ་རེད་མ་གཏོགས་གཞན་ལས་སླ་བོ་ཡོད་པ་རེད། ཅེས་བཀའ་སྩལ།
གཞན་ཡང་། བཙུན་དགོན་དུ་དཔེ་ཁྲིད་གནང་བཞིན་པའི་དགེ་བཤེས་ཤིག་གིས་ཐུགས་སྨོན་སྐྱབས་འཇུག་ཞུས་པར། ཧ་ཅང་ཡག་པོ་རེད། དཔེ་ཆ་ཡག་པོ་ཁྲིད་དགོས་པ་རེད། ཀུན་སློང་ཡག་པོ་ཞིག་གསལ་བཏབ་ནས་དཔེ་ཆ་ཁྲིད་ན་ཧ་ཅང་ཡག་པོ་རེད། ཆོས་ཀྱི་སྦྱིན་པ་ནི་ཧ་ཅང་ཡག་པོ་རེད་ཅེས་བཀའ་ཕེབས། མཇལ་བཅར་བ་བོད་རིགས་ཤིག་གིས་སེམས་ཀྱི་ཉམས་ལེན་ཅུང་ཙམ་རེ་བྱེད་བཞིན་ཡོད། ད་ལྟ་གསལ་སྣང་ཉུང་ཙམ་རེ་སླེབས་ཀྱི་འདུག གསལ་སྣང་གསལ་རུ་འགྲོ་ཐུབ་པ་དང་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་ཐུབ་པ་ཞིག་ཡོང་བར་ཐུགས་སྨོན་གནང་རོགས་ཞུས་པར། བཀའ་སྩལ་དོན། ཏག་ཏག་རེད། སྔོན་ལ་སེམས་ཀྱི་བྱུང་གནས་འགྲོ་གསུམ། སེམས་ཚུར་སླེབས་པ་དང་། ཡུལ་བྱེ་བྲག་པར་སེམས་འཕྲོ་བ། སེམས་ཕར་མ་སོང་བར་གནས་པ་བཅས་བྱུང་གནས་འགྲོ་གསུམ་དང་། དེ་ནས་སེམས་ལ་དབང་ཐོབ་པ་བཅས་དགོས། གཞན་ནམ་རྒྱུན་སེམས་ཀྱིས་གར་ཁྲིད་ལྟ་བུ་རེད། ད་སེམས་ཀྱིས་གར་ཁྲིད་མ་ཡིན་པར་རང་སེམས་ཀྱི་དབང་དུ་འགྲོ་བ་དང་། སེམས་དེ་རྒྱལ་བའི་དགོངས་པ་དང་མཐུན་པར་དགེ་བའི་ཕྱོགས་ལ་འགྲོ་བ་ཞིག་དགོས། དཔེར་ན། ངོས་ཀྱིས་ཞོགས་པ་གཉིད་སད་པ་དང་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བ་སྒོམ་ནས་བསམ་བློ་གཏོང་གི་ཡོད། དེར་བརྟེན། སེམས་ཐབས་ཤེས་ཀྱི་རྟོགས་པ་གཉིས་ཀྱིས་རྗེས་སུ་འཛིན་སྡོད་པ་ཞིག་རེད། ཅེས་དང་།
![]()
དེ་ནས་དད་ལྡན་མཇལ་བཅར་བ་ཞིག་གིས་པཱ་ལགས་གྲོང་ནས་བཟུང་སེམས་མ་སྐྱིད་པ་དང་། དངངས་སྐྲག་སྐྱེས་ཀྱི་འདུག་པས་ཐུགས་སྨོན་གནང་རོགས་ཞུས་པར། སོ་སོའི་གཉེན་ཉེ་དུ་གྲོངས་པའི་སྐབས་སུ་སེམས་མ་སྐྱིད་པ་ཡོང་གི་རེད་དེ། དེ་ལ་དེ་ཙམ་འགན་ལྗིད་མོ་བྱེད་རྒྱུ་ཡོད་པ་མ་རེད། སོ་སོའི་ཕ་མ་གཉེན་འབྲེལ་གྲོངས་ཚེ་སོ་སོའི་ལས་དབང་རྫོགས་པ་རེད་བསམ་པ་ཞིག་དགོས། གསོན་པའི་སྐབས་སུ་དགེ་བ་ཏོག་ཙམ་སྒྲུབ་ཐུབ་པ་བྱུང་ན་འཆི་བའི་སྐབས་སུ་དེ་ཙམ་སེམས་སྡུག་ཡོད་པ་མ་རེད། ཅེས་དང་། རང་གིས་སྡུག་བསྔལ་མི་བཟོད་པ་དང་། གཞན་སྡུག་བསྔལ་གྱིས་མནར་བ་ལ་སྙིང་རྗེ་སྐྱེས་ཀྱི་རེད། སྙིང་རྗེ། གང་དྲག་བསམ་པ་ཞིག་དགོས། སོ་སོར་སྡུག་བསྔལ་མ་བཟོད་པ་ཡོང་བའི་སྐབས་སུ་དེ་དཔེ་ལ་བླངས་ན་གཞན་སྡུག་བསྔལ་གྱིས་མནར་བ་ལ་སྙིང་རྗེ་བསམ་པ་དྲན་གྱི་རེད། དེ་ལྟར་བསམ་བློ་གཏོང་དགོས། ཞེས་དང་།
འབྲུག་རྒྱལ་ཁབ་ནས་ཕེབས་པའི་དད་ལྡན་མཇལ་བཅར་བ་བཅུ་ཕྲག་ཁ་ཤས་ཀྱིས་མཇལ་ཁ་དང་འབྲེལ་མ་ཎིའི་ལུང་ཞིག་སྩལ་རྒྱུའི་གསོལ་འདེབས་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་མ་ཎིའི་ལྗགས་ལུང་དང་འབྲེལ་བཀའ་སློབ་སྩལ་དོན། ངའི་མགོ་ཐོག་ཏུ་སྤྱན་རས་གཟིགས་ཤིག་ཡོད་བསམས་དགོས། ངོས་ཀྱིས་ཀྱང་གསོལ་བ་འདེབས། ཁྱོད་རང་ཚོས་ཀྱང་གསོལ་བ་ཐོབས། བོད་གངས་ཅན་གྱི་ཞིང་དང་། རྒྱ་གར་གྱི་ས་ཁུལ་མང་པོ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དམིགས་བསལ་ཞིག་ཆགས་ཡོད། ངོས་རང་བཅོམ་ལྡན་འདས་ཀྱིས་ལུང་གིས་བསྟན་པ་བཞིན་འཕགས་པ་སྤྱན་རས་གཟིགས་ཀྱི་དམིགས་བསལ་གྱི་ལས་འགན་འཁྱེར་སྡོད་པ་ཞིག་ཆགས་ཡོད། མཁྱེན་སོང་ངམ། དམིགས་བསལ་གྱིས་འཕགས་པ་སྤྱན་རས་གཟིགས་ལ་ལས་འབྲེལ་ཞིག་ཡོད་པས་འཕགས་པ་སྤྱན་རས་གཟིགས་མཁྱེན་བསམ་ནས་མ་ཎི་བགྲང་ན་ཕན་ཐོགས་ཡོད་པ་རེད། དེ་ལ་དམིགས་བསལ་གྱི་རྟེན་འབྲེལ་ཞིག་ཡོད་པ་རེད། ཅེས་སོགས་བཀའ་སྩལ་བ་དང་།
![]()
མཐར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་གི་ཟུར་མཇལ་ཁང་དུ་དུ་ཆིབས་བསྒྱུར་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བཀའ་ཤག་སྐབས་བཅུ་དྲུག་པའི་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་མཆོག་དང་། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་བཅས་ལ་ཐོན་མཇལ་བཀའ་དྲིན་སྩལ་ཡོད།
སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་ཡིག་ཚང་སོགས་ལྷན་ཁང་ཁག་གི་ལོ་ལྔའི་རིང་གི་ལས་བསྡོམས་ཉིང་བསྡུས་རེ་འབུལ་ལམ་ཞུས་པ་དང་། ད་ལྟའི་བར་དུ་ང་ཚོའི་ཆབ་སྲིད་དང་སྤྱི་ཚོགས་བདེ་དོན། འཛིན་སྐྱོང་གི་ལས་དོན་གང་སྒྲུབ་པ་ཆ་ཚང་གཙོ་བོ་༸རྒྱལ་བ་རིན་པོ་ཆེའི་མཛད་པ་འཕྲིན་ལས་ལ་བརྟེན་ནས་ཡོང་གི་འདུག ང་ཚོ་ཡིན་ནའང་༸རྒྱལ་བ་རིན་པོ་ཆེའི་དགོངས་པོ་གཙོ་བོར་བྱས་ཏེ་ལོ་ལྔའི་རིང་ཞབས་ཞུ་ཞུས་པ་ཡིན། བཀའ་ཤག་འདིའི་དུས་ཡུན་ནི་བུད་མེད་བཀའ་བློན་མང་ཤོས་ཆགས་ཡོད། ང་ཚོ་བཞི་མ་གཏོགས་བྱུང་མེད་ཀྱང་། ཚང་མས་སོ་སོའི་ལྷན་ཁང་ཁག་གི་འགན་བཞེས་རྒྱུ་དང་བཀའ་ཤག་ནང་ཧུར་ཐག་འབད་ཐག་གནང་སོང་། ཞེས་༸སྙན་སེང་ཞུས་པར།
མགོན་པོ་མཆོག་གིས། ཐུགས་རྗེ་ཆེ། ང་ཚོ་བོད་ནས་ཚུར་སླེབས་ནས་རྒྱ་གར་དུ་ལོ་ཡུན་འདི་ཙམ་ཕྱིན་པ་རེད། དངོས་གནས་བོད་རྒྱ་ཆེའི་མི་མང་གིས་བློ་གཏད་ས་ཞིག་དང་། གཞན་ཕར་བཞག་ནས་བོད་ཀྱི་སྐོར་ལ་དོ་སྣང་བྱེད་མཁན་རྒྱ་རིགས་ཀྱང་མང་པོ་ཞིག་གིས་བློ་གཏད་ནས་བསྡད་ཡོད། ང་ཚོས་འདིར་འཚོ་ཟིན་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་བདག་པོ་རྒྱག་མཁན་གྱི་ལྟེ་གནས་གྲུང་ཐག་ཆོད་ཅིག་འདུག་བསམ་ནས་རྒྱ་མིས་ཀྱང་དེ་ལྟར་མཐོང་གི་ཡོད། ཧ་ཅང་ཡག་པོ་འདུག ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ་རྗེས་སྐུ་པར་ལྷན་སྒྲོན་གནང་ཡོད།










