༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༢༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་གྲྭའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྐབས་བཅུ་བདུན་པའི་བཀའ་ཤག་གི་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ལས་འཁུར་དམ་འབུལ་མཛད་སྒོར་དབུ་བཞུགས་མཛད་ཡོད་པ་རེད།
![]()
དེ་ཡང་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕོ་བྲང་མཇལ་འཕྲད་ཁང་དུ་སྲིད་སྐྱོང་ལས་འཁུར་དམ་འབུལ་མཛད་སྒོར་ཕེབས་པའི་ཕྱིའི་རྒྱལ་ཁབ་ཀྱི་སྐུ་མགྲོན་ཁག་ལ་མཇལ་འཕྲད་མཛད་ཅིང་། ཆུ་ཚོད་ ༨།༣༠ ཙམ་ལ་ཕོ་བྲང་རྒྱ་སྒོ་རུ་ཆིབས་བསྒྱུར་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དང་། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བཅས་ནས་སྤྱན་རྒྱ་སྤོས་སྣེས་དང་བཅས་མཛད་སྒོའི་གཙོ་མགོན་དུ་གདན་ཞུས་ཀྱིས་སྡིངས་ཆར་༸ཞབས་སོར་འཁོད་མཚམས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲུང་ཆེ་ཡིས་མཛད་སྒོ་གཙོ་སྐྱོང་གིས་ཐོག་མར་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་དང་གནས་ཡུལ་རྒྱ་གར་རྒྱལ་ཁབ་ཀྱི་རྒྱལ་གླུ་རིམ་པར་བཏང་ཞིང་། སྐུ་བཅར་རྣམ་རྒྱལ་ཕན་བདེ་ལེགས་བཤད་གླིང་གི་དགེ་འདུན་པ་བཞིས་གྲས་ཤིས་བརྗོད་གསུང་འདོན་དང་། རྟེན་འབྲེལ་མཚོན་བྱེད་སྐུ་མགྲོན་རྣམས་ལ་གསོལ་ཇ་འབྲས་སིལ། ལས་བྱེད་དང་མང་ཚོགས་ལ་མངར་ཟས་འབུལ་འགྲེམས་དང་། རྡ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་ཁག་ཅིག་ནས་བཀྲ་ཤིས་པའི་ཞབས་གཞས་གཟིགས་འབུལ་ཞུས་ཡོད།
![]()
དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་ལས་འཁུར་དང་། གསང་རྒྱའི་དམ་བཅའ་འབུལ་བཞེས་མཛད་པ་དང་། ཁྲིམས་ཞིབ་པ་མཆོག་གིས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་རྟེན་འབྱུང་མཇལ་དར་བསྒྲོན་ཞིང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དམ་འབུལ་ཡིག་ཆ་དང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་མཛད་འཁུར་དང་གསང་རྒྱའི་དམ་འབུལ་མ་དེབ་བཅས་སུ་མཚན་རྟགས་བཀོད་དེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས།
![]()
དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་མཆོག་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཉིས། སྐབས་ ༡༦ པའི་བཀའ་ཤག་གི་བཀའ་ཟུར་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན། འདེམས་ལྷན་ཚོགས་མི་རྣམ་པ་བཅས་ནས་རིམ་བཞིན་སྐབས་ ༡༧ པའི་དཔལ་ལྡན་སྲིད་སྐྱོང་མཆོག་ལ་རྟེན་འབྱུང་མཇལ་དར་སྒྲོན་འབུལ་དང་། རྡ་སྟེང་བོད་ཁྱིམ་སློབ་ཕྲུག་ནས་དགའ་བསུའི་རོལ་དབྱངས་གཟིགས་འབུལ་ཞུས།
![]()
མཐར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐབས་ ༡༧ པའི་སྲིད་སྐྱོང་གི་ལས་ཡུན་གསར་པ་དབུ་འཛུགས་ཀྱི་གསུང་བཤད་གནང་རྗེས། ཡོངས་གླིང་སློབ་གྲྭའི་སློབ་ཕྲུག་ཁག་ཅིག་གིས་ཨེ་མ་ཧོ། ཞེས་པའི་ཞབས་གཞས་གཟིགས་འབུལ་དང་། མེས་དབོན་དཔེ་སྟོན་སློབ་གྲྭས་སློབ་ཕྲུག་ཚོས་བཀྲ་ཤིས་ཞབས་བྲོ་གཟིགས་འབུལ་གྲུབ་མཚམས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བསྐྱར་དུ་འདེམས་ཐོན་བྱུང་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ལས་འཁུར་དམ་འབུལ་མཛད་སྒོར་དབུ་བཞུགས་ལེགས་པར་གྲུབ་ནས་སྤྱན་རྒྱ་སྤོས་སྣེས་དང་བཅས་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད།










