༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༢༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་དུ། ཚན་རིག་དང་སྤྱོད་བཟང་། བྱམས་བརྩེ་གསུམ་གྱི་སྒོ་ནས་༸གོང་ས་མཆོག་གི་བཞེད་དགོངས་ཁྱབ་སྤེལ་གཏོང་ཐབས་ཀྱི་བགྲོ་གླེང་ལ་ཕེབས་པའི་རྒྱལ་ཁབ་བཅུ་གཉིས་ཀྱི་ཚོགས་བཅར་བ་རྣམ་པས་གཙོས་དད་ལྡན་བཞི་བརྒྱ་ལྷག་ལ་མཇལ་ཁ་སྩལ་ཡོད་པ་རེད།
![]()
དེ་ཡང་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་མཇལ་བཅར་བ་རྣམ་པར་རིམ་བཞིན་མཇལ་ཁ་གནང་མཚམས་དགེ་བཤེས་ནེ་གེ་བློ་བཟང་བསྟན་འཛིན་ལགས་ཀྱིས་ཉིན་གསུམ་རིང་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་དང་། བྱམས་བརྩེའི་སྒོམ་སྒྲུབ། དགོན་སྡེ་ཁག་ལ་ཚན་རིག་སློབ་གཉེར་བཅས་ཀྱི་ཆེད་འཚོགས་འདུ་འཚོགས་བཞིན་པ་སོགས་༸སྙན་སེང་ཞུས་རྗེས་རིམ་པར་མཇལ་ཁ་སྩལ་བ་དང་། འཚོགས་འདུར་ཕེབས་པའི་ཐའེ་ཝན་གྱི་དད་ལྡན་མཇལ་བ་ཞིག་གིས་བརྩེ་བའི་སྐོར་ལ་བཀའ་འདྲི་ཞུས་པར། སོ་སོ་ལ་བརྩེ་བ་ཡོད་པ་བཞིན་གཞན་ཐམས་ཅད་ལ་རྒྱ་བསྐྱེད་ན་བརྩེ་བ་ཡང་དག་པ་ཡིན། སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཚང་མར་ཡོད་པ་རེད། རང་ཉིད་སྡུག་བསྔལ་མི་འདོད་པ་དེས་སྡུག་བསྔལ་དང་འབྲལ་འདོད་ཀྱི་བློ་ཞིག་སླེབས་ཡོང་སྐབས། གཞན་རྣམས་རང་དང་འདྲ་བར་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པ་གཅིག་འབྲེལ་གཅིག་མཚུངས་རེད་བསམ་པའི་གཞན་ལ་བརྩེ་བ་སླེབས་སྐབས་དེ་ནི་བརྩེ་བ་སྙིང་རྗེ་ཟེར་བ་དེ་རེད། ཅེས་བཀའ་སྩལ།
![]()
མཇལ་ཁ་གྲུབ་མཚམས་ཚན་རིག་དང་སྤྱོད་བཟང་། བྱམས་བརྩེ་གསུམ་གྱི་སྒོ་ནས་༸གོང་ས་མཆོག་གི་བཞེད་དགོངས་ཁྱབ་སྤེལ་གཏོང་ཐབས་ཀྱི་བགྲོ་གླེང་ལ་ཕེབས་མཁན་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་ཁྱོད་རང་ཚོ་༸རྒྱལ་བ་རིན་པོ་ཆེར་སེམས་ཐག་ཉེ་བོ་བྱས་ནས་ངོས་ལ་བསམ་ཚུལ་གང་ཡོད་པ་རྣམས་ཁྱོད་ཚོའི་སེམས་ལ་ངེས་པ་བྱས་ཏེ། སྤྱི་ལ་ཕན་ཐོགས་བྱེད་པར་བསམ་བློ་གཏོང་གི་ཡོད་པ་རེད། རྗེས་སུ་ཡི་རངས་ཡོད། ངོས་རང་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་དགེ་སློང་འདུལ་བ་འཛིིན་པ་ཞིག་ཆགས་ཡོད། དགེ་སློང་འདུལ་བ་འཛིན་པའི་ཐོག་ལ་སྔགས་ཀྱི་ཉམས་ལེན་བྱེད་བཞིན་ཡོད། ཉམས་ལེན་བྱས་ཏེ་སོ་སོར་ཉམས་མྱོང་གང་ལ་གང་འཚམ་ཡོང་གི་འདུག དེ་རིང་གྲོགས་པོ་ཁྱོད་ཚོ་ངོས་ལ་ཐུག་པ་རེད། སོ་སོས་ཉམས་ལེན་བྱས་ན་སེམས་ལ་འགྱུར་བ་ཐེབས་པ་དང་རྟོགས་པ་སྐྱེས་པ་ཞིག་ཡོང་བདེན་པ་རེད། ཆོས་ཟེར་བ་ནི་ཐག་རིང་པོར་འཇོག་རྒྱུ་ཞིག་མ་ཡིན་པར་སེམས་རྒྱུད་དང་འབྲེལ་བ་བྱས་ཏེ། སེམས་ཀྱིས་འཛིན་ཐུབ་ན་ཏན་ཏན་འགྱུར་བ་འགྲོ་གི་འདུག
![]()
ང་ཚོ་སངས་རྒྱས་པའི་ཆོས་པ་རེད། འཇིག་རྟེན་བཀོད་པ་པོ་ལ་ང་ཚོས་བསམ་བློ་གཏོང་གི་མ་རེད། གལ་ཆེ་ཤོས་ནི་སོ་སོའི་སེམས་ལ་བརྟག་དཔྱད་བྱས་ཏེ་ཞི་བདེ་ཡག་པོ་ཞིག་ཡོང་ཐུབ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་གནང་བ་རྣམས་སེམས་ལ་བཅིངས་ནས་སེམས་ཞི་བདེ་ལྷོད་ལྷོད་ཅིག་ཡོང་རྒྱུ་ནི་ང་ཚོས་ཉམས་ལེན་བྱ་རྒྱུ་གཙོ་བོ་རེད།
སྔ་མོ་ངོས་རང་རྒྱ་ནག་ཏུ་ཕྱིན་པའི་སྐབས་སུ་མའོ་ཙེ་ཏུང་ལ་ཐུག་ནས་ཆོས་ཀྱི་སྐོར་ལ་སྐད་ཆ་བྱུང་། ངོས་ཀྱིས་ཞིབ་ཕྲའི་སྐད་ཆ་བཤད་མེད། གང་ལྟར་ངོས་ལ་ཐུག་ནས་ཧ་ཅང་དགའ་བོ་བྱེད་བཞིན་འདུག སེམས་ཞི་བདེ་ཡོང་བ་དང་། ལྷོད་ལྷོད་བྱུང་ན་ཆོས་བྱས་པའི་གྲུབ་འབྲས་རེད། ཏཱ་ལའི་བླ་མ་སེམས་ལྷོད་ལྷོད་སྡོད་པ་ནི་ཆོས་བྱས་པའི་གྲུབ་འབྲས་རེད་ཅེས་མའོ་ཙེ་ཏུང་གིས་ངོས་ལ་བསྟོད་པ་བྱས་སོང་། དགའ་བོ་བྱུང་།
དེང་སང་རྒྱ་ནག་ཏུ་ནང་ཆོས་ལ་དགའ་མོས་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་བཞིན་འདུག དངོས་གནས་སངས་རྒྱས་ཀྱི་བསྟན་པ་རྒྱ་ནག་ཏུ་རིམ་པར་དར་རྒྱས་ཡག་པོ་ཞིག་མི་ཡོང་ངམ་དྲན་གྱི་འདུག དེར་བརྟེན། སངས་རྒྱས་ཀྱི་བསྟན་པར་སེམས་རྒྱུད་འདུལ་ཐབས་ཀྱི་ཆོས་ངོས་ཀྱིས་བསླབ་ཟིན་པ་རྣམས་ག་ལེར་རྒྱ་རིགས་ཆོས་གྲོགས་ཚོར་བཤད་ཐུབ་ན་དྲན་གྱི་འདུག གང་ལྟར་འཛམ་གླིང་འདིར་ནང་པ་སངས་རྒྱས་པའི་ཆོས་ནི་ཆོས་ལུགས་གལ་ཆེ་བ་ཞིག་རེད། ལྷག་པར་དུ་ཨེ་ཤི་ཡའི་ནང་དུ་གལ་ཆེན་པོ་རེད། ངོས་ཀྱིས་འདིར་ཞབས་འདེགས་གང་འཚམ་ཞིག་སྒྲུབ་ཐུབ་ན་བསམ་ནས་སྨོན་ལམ་རྒྱག་བཞིན་ཡོད། ཐུགས་རྗེ་ཆེ་ཞེས་བཀའ་སློབ་བཀའ་དྲིན་སྩལ་རྗེས་སྐུ་པར་ལྷན་སྒྲོན་མཛད་ཡོད།










