༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༡༢ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཨིན་དྲ་པྲ་སྟ་ཨེ་པོ་ལོ་ (Indraprastha Apollo) སྨན་ཁང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་གཡོན་པར་སྨན་བཅོས་གནང་སྒོ་ལེགས་པར་གྲུབ་སྟེ། རོ་ཧེ་ནི་ལྡི་ལི་བོད་ཁྱིམ་ཀྱི་བཞུགས་གནས་སུ་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།
དེ་ཡང་ཚེས་ ༥ ཉིན་མགོན་པོ་གང་ཉིད་མཆོག་རྡ་རམ་ས་ལ་ནས་ལྡི་ལིར་ཆིབས་བསྒྱུར་གྱིས་རྒྱལ་ས་ལྡི་ལིའི་ཨེ་པོ་ལོ་སྨན་ཁང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཚེས་ ༨ ཉིན་ཞབས་པུས་གཡོན་མར་སྨན་བཅོས་ཀྱིས་གནང་སྒོ་ཁག་ལེགས་པར་གྲུབ་མཚམས་ཨ་པོ་ལོ་སྨན་ཁང་ (Apollo Hospitals) གི་དབང་རྩ་དང་རུས་རྐང་ཆེད་མཁས་སློབ་སྟོན་པ་ཆེན་མོ་ཌོཀ་ཊར་ར་ཇེ་ཤ་མལ་ཧོ་ཏྲ་ (Dr. Rajesh Malhotra) མཆོག་གིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་སྨན་བཅོས་ལེགས་པར་གྲུབ་ཡོད་པ་གསུངས་ཡོད། དེ་བཞིན་སྐུའི་བླ་སྨན་ཚེ་བརྟན་རྡོ་རྗེ་ལགས་དང་། སྐུའི་བླ་སྨན་ཚེ་དབང་རྟ་མགྲིན་ལགས་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་སྟག་ལྷ་བསྟན་འཛིན་རྣམ་དག་ལགས་སོགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞབས་པུས་གཡོན་པར་སྨན་བཅོས་ལེགས་གྲུབ་ཀྱི་གསལ་བསྒྲགས་གནང་ཡོད།
ཨ་པོ་ལོ་སྨན་ཁང་གི་དབང་རྩ་དང་རུས་རྐང་ཆེད་མཁས་སློབ་སྟོན་པ་ཆེན་མོ་ཌོཀ་ཊར་ར་ཇེ་ཤ་མལ་ཧོ་ཏྲ་ (Dr. Rajesh Malhotra) མཆོག་གིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་སྨན་བཅོས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་། ༸གོང་ས་མཆོག་གི་སྐུ་སྒེར་སྨན་པའི་ཚོགས་ཆུང་དང་། དགའ་ལྡན་ཕོ་བྲང་ཡིག་ཚང་གི་ཞབས་ཞུ་བ་བཅས་ནས་ཨེ་པོ་ལོ་སྨན་ཁང་གི་འཛིན་སྐྱོང་དང་། སྨན་པའི་ལས་བྱེད་ཚོགས་ཆུང་དང་ལྷན་དུ་འབྲེལ་བ་དམ་ཟབ་གནང་ཡོད་པ་དང་། ད་ལྟའི་ཆར་༸གོང་ས་མཆོག་གི་སྐུ་གཟུགས་ཀྱི་གནས་སྟངས་བརྟན་ལྷིང་ཡོད་པ་མ་ཟད། ཞབས་པུས་མྱུར་དུ་དྭངས་བསྐྱེད་ཡོང་བའི་རེ་བ་ཡོད། ཅེས་དང་།
སྨན་ཁང་དང་སྨན་པའི་ཚོགས་ཆུང་གི་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཞབས་ཏོག་ཞུ་རྒྱུའི་གོ་སྐབས་ཐོབ་པ་འདི་ནི་གཟི་བརྗིད་ཆེན་པོ་ཞིག་ཡིན། ངེད་ཅག་ལ་ཡིད་ཆེས་དང་བློ་གཏད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ༸གོང་ས་མཆོག་གི་སྐུ་གཟུགས་གསོ་བཅོས་ལ་ཞབས་འདེགས་ཞུ་རྒྱུ་བྱུང་བར་སྐལ་བ་བཟང་པོ་ཞིག་ཏུ་བརྩི་བཞིན་ཡོད། ཅེས་གསལ་བསྒྲགས་གནང་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྨན་ཁང་ནས་ཉིན་གསུམ་རིང་སྐུ་ངལ་གསོས་རྗེས་ཀྱི་དེ་རིང་ཚེས་ ༡༢ ཉིན་ཨ་པོ་ལོ་སྨན་ཁང་ནས་ལྡི་ལི་བོད་ཁང་དུ་ཆིབས་བསྒྱུར་གནང་ཡོད་པ་དང་། ཕྱི་ཟླ་དྲུག་པའི་ཟླ་མཇུག་ཙམ་ལ་ལ་དྭགས་སུ་ཆིབས་བསྒྱུར་གྱིས་དུས་ཡུན་རིང་ཙམ་བཞུགས་གཏན་འཁེལ་ཡོད་པ་རེད།










