༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་ནང་། འཛམ་གླིང་ནང་གི་སྙན་གྲགས་ཆེ་བའི་རྒྱལ་སྤྱིའི་རོལ་དབྱངས་རྩེ་ཕུད་ཀྱི་གཟེངས་རྟགས་གྷེ་རེ་མི་གཟེངས་རྟགས་ (Grammy Award) ཞེས་པ་དངོས་སུ་འབུལ་བཞེས་ཆེད། རྒྱ་གར་གྱི་རོལ་མོའི་སྒྱུ་རྩལ་བ་ཨམ་ཇཱ་ཨ་ལི་ཁན་ (Amjad Ali Khan ) ལགས་དང་། ཨ་མན་ཨཱ་ལི་བངྒ་ཤ (Amaan Ali Bangash) ལགས་དང་། ཨཱཡཱན་ཨཱ་ལི་བངྒ་ཤ་ (Ayaan Ali Bangash) ལགས། ཀ་བྷིར་སེ་གྷལ་(Kabir Sehgal) བཅས་ཆེད་བཅར་ཀྱིས་འབུལ་ལམ་ཞུས་ཡོད་པ་རེད།
![]()
རྒྱལ་སྤྱིའི་སྟེང་སྙན་གྲགས་ཆེ་བའི་གྷི་རམ་མི་ཞེས་པའི་གཟེངས་རྟགས་འདི་ནི། འཛམ་གླིང་ཐོག་རོལ་དབྱངས་དང་གཞས་ཀྱི་ལས་རིགས་ནང་གི་ཆེས་མཐོ་ཤོས་དང་སྙན་གྲགས་ཆེ་ཤོས་ཀྱི་གཟེངས་རྟགས་ཤིག་ཡིན། འདི་ནི་གློག་བརྙན་གྱི་བྱ་དགའ་ "Oscar" དང་། བརྙན་འཕྲིན་གྱི་བྱ་དགའ་ "Emmy" ལྟ་བུའི་རོལ་དབྱངས་སྒྱུ་རྩལ་པའི་ངོས་ནས་བཤད་ན། གཟི་བརྗིད་ཆེ་ཤོས་ཀྱི་བྱ་དགའ་དེ་ཆགས་ཀྱི་ཡོད།
ཐེངས་འདིར་གཟེངས་རྟགས་ཐོབ་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལ་རོལ་དབྱངས་སྦྱར་ནས་བཟོས་པའི་ Meditations: The Reflections Of His Holiness The Dalai Lama ཞེས་པ་ནི། ཨ་རིའི་རྩོམ་པ་པོ་དང་རོལ་དབྱངས་བཟོ་མཁན། ཀཱ་སྦེར་སེ་གྷལ་(Kabir Sehgal) དང་། རྒྱ་གར་གྱི་རོལ་དབྱངས་མཁན་(Amjad Ali Khan) ལགས། གཞན་ཡང་རྒྱ་གར་གྱི་རོལ་དབྱངས་མཁན་ ༣ གྱིས་མཉམ་འབྲེལ་ཐོག་བཟོས་པ་རེད།
བྱ་དགའ་འདི་སྤྲོད་མཁན་ཨ་རིའི་ The Recording Academy ཞེས་པའི་ལྷན་ཚོགས་འདིས་རྒྱལ་སྤྱིའི་སྟེང་། ཁྲོམ་རར་དངོས་སུ་འགྲེམས་སྤེལ་བྱས་པའི་གླུ་གཞས་དང་དཔེ་དེབ་སྒྲ་འཇུག་ཚོགས་པ་དེའི་ཚོགས་མིའམ་(Recording Academy Members) གླུ་གཞས་བཟོ་གྲྭ་ཁང་ཁག་གིས་གླུ་གཞས་དེ་དག་འགྲན་སྡུར་ནང་འོས་སྦྱོར་ཐོ་འགོད་ཀྱིས་ཆེད་ལས་མི་སྣས་འདེམས་སྒྲུག་གིས་འགྲན་བསྡུར་ནང་ཚུད་ཀྱི་ཡོད་པ་དང་། ཆ་རྐྱེན་ཚང་བ་རྣམས་ལ་ཚོགས་པ་དེའི་ཆེད་ལས་མི་སྣ་གླུ་བ་དང་གཞས་ཚིག་རྩོམ་པ་པོ། སྒྲ་སྦྱོར་བཟོ་སྐྲུན་པ། སྒྲ་འཇུག་མཁས་པ་སོགས་ཚོགས་མི་སྟོང་ཕྲག་མང་པོས་གསང་བའི་འོས་ཤོག་འཕངས་ནས་འོས་འདེམས་བྱེད་བཞིན་ཡོད་པ་རེད། ཐེངས་འདིར་བྱ་དགའ་ཐོབ་པའི་ྋགོང་ས་མཆོག་གི་བཀའ་སློབ་ནང་སྙིང་རྗེ་དང་ཞི་བདེ། འགྲོ་བ་མི་གཅིག་མཚུངས་ཀྱི་འདུ་ཤེས་གོང་སྤེལ་གཏོང་བ་སོགས་ཀྱི་བརྗོད་གཞི་ཚུད་ཡོད་པ་དང་། རྒྱབ་ལྗོངས་ཀྱི་སྒྲ་དབྱངས་ནི། རྒྱ་གར་སྲོལ་རྒྱུན་རོལ་དབྱངས་སྟེང་གཞིར་བཞག་ནས་བཟོས་ཡོད་པ་ཞིག་ཡིན་པ་རེད།










